སུད་སིའི་བོད་མིར་མང་གཙོའི་སྐོར་གནང་བའི་གསུང་བཤད།

༈ ཕྱི་ལོ་༡༩༩༠ ཟླ་༧ ཚེས་༦ འཁྲུངས་ལྷ་དབྱར་གསོལ་ཉིན་སུད་སིའི་བོད་མིར་མང་གཙོའི་སྐོར་གནང་བའི་གསུང་བཤད།  སུད་སིར་བཞུགས་པའི་བོད་མི་ཚོ་འཁྲུངས་ལྷ་དབྱར་གསོལ་ཉིན་ལྷན་འཛོམས་ཀྱིས་དགའ་སྟོན་དང་ཆབས་ཅིག་ལུགས་གཉིས་ཀྱི་གནས་ཚུལ་མང་པོའི་ཐོག་བགྲོ་གླེང་དང༌། གསུང་བཤད་སོགས་གནང་རྒྱུའི་ལམ་སྲོལ་འདུག་པ་ལྟར། དེ་རིང་ང་འདིར་སླེབས་པ་དང་བསྟུན་ནས་མཛད་གཙོ་རྣམ་པ་ཚོས་འཁྲུངས་ལྷ་དབྱར་གསོལ་ཉིན་འདིར་བཅར་དགོས་དང༌། མང་གཙོའི་ལམ་སྲོལ་སྐོར་ལ་སྐད་ཆ་རེ་ཟུང་ཤོད་གསུངས་པར་བཅར་གྱི་མིན་ཞེས་ཞུས་ཤེས་མ་སོང༌། མང་གཙོའི་ལམ་སྲོལ་སྐོར་བཀའ་མོལ་ཞུ་རྒྱུ་ལས་སླ་པོ་མིན། གང་ལགས་ཤེ་ན། ངས་ནམ་རྒྱུན་སློབ་སྦྱོང་དང་ལས་ཀ་བྱེད་རྒྱུའི་སློབ་ཚན་དེ་སྲིད་དོན་གྱི་ཚན་རིག་མིན་ཞིང༌། སྲིད་དོན་གྱི་ཚན་རིག་ནི་སློབ་ཚན་གསར་པ་ཞིག་རེད། ང་ནི་གྲྭ་ས་ནས་ཡོང་བའི་སློབ་ཚན་རྙིང་པར་སློབ་སྦྱོང་བྱེད་མཁན་དང་བསམ་བློ་གཏོང་མཁན་ཞིག་རེད། དེང་སང་ཡོངས་གྲགས་ལྟར་ན་ཀླད་པ་ལྗང་ཁུའི་རིགས་ཡིན། དེར་བརྟེན་མང་གཙོའི་ལམ་སྲོལ་ཐོག་བཀའ་མོལ་ཞུ་རྒྱུ་ལས་སླ་པོ་དང་སྟབས་བདེ་པོ་ཞིག་མེད། ཡིན་ནའང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་མདོ་རྒྱུད་ཀྱི་གཞུང་ལུགས་མང་པོ་ལ་བླ་མའི་དྲིན་གྱིས་ཐོས་བསམ་ཕྲན་བུ་བྱས་པ་ཡིན་སྟབས། སྤྱི་ཚོགས་ཚན་རིག་གིས་མཚོན་པའི་དེང་རབས་ཀྱི་ཚན་རིག་གསར་པ་ལ་རགས་ཙམ་བལྟ་རྒྱུར་དཀའ་ངལ་མེད་པ་དེ་ང་ཚོ་སྤྱི་ཚོགས་རྙིང་པའི་མི་ཚོར་ཤེས་རབ་ཀྱི་གཞི་རྩ་ཞིག་ཡོད་པའི་དབང་གིས་རེད། དེས་ན་ངས་རྣ་བ་ཕྱི་ལ་བསྟན། མིག་ཕྱི་ལ་བལྟས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་གཞན་གྱི་ཐོག་སྤྱིར་བཏང་ཤེས་བྱའི་རང་བཞིན་ལ་གང་ཤེས་པ་དེའི་ཐོག་ནས་ཚིག་ཁ་ཤས་ད་ལྟ་ཞུ་རྒྱུ་ཡིན། དཀའ་ངལ་གཞན་ཞིག་ལ་ངའི་ནམ་རྒྱུན་ལས་ཀ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཞིག་ཡིན་པར་བརྟེན། སྐད་ཆ་ཤོད་སྟངས་ནང་ཉམས་ཞིབ་ཀྱི་གོམས་གཤིས་ཤིག་འཇགས་ཏེ་མང་ཚོགས་ནང་བཀའ་མོལ་ཞུ་སྐབས་གསན་མཁན་ཚང་མའི་ཐུགས་ལ་འཚམས་པ་དང༌། གསན་བདེ་པོ་ཞིག་ཆགས་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག གང་ལྟར་མཛད་གཙོ་རྣམ་པ་ཚོས་མང་གཙོའི་སྐོར་ཚིག་ཁ་ཤས་ཞུས་གསུངས་པ་ཡིན་སྟབས། དེའི་སྐོར་རགས་པ་དང༌། གསན་བདེ་ཞིག་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། སྤྱིར་བཏང་མང་གཙོ་ཟེར་བ་དེ་ཕལ་ཆེར་ཞུ་དགོས་ཀྱི་མ་རེད། ཁྱེད་ཚོ་འཛམ་གླིང་ནང་མང་གཙོའི་ལམ་སྲོལ་ཡག་ཤོས་ཡོད་སར་བཞུགས་མཁན་ཡིན་སྟབས། ཉམས་མྱོང་མང་པོ་བསགས་ཡོད་ཤས་ཆེ།

ང་ཚོ་བོད་པས་མང་གཙོ་ཞེས་པའི་ཚིག་དེར་འབྲི་སྟངས་མི་འདྲ་བ་གསུམ་འདུག འབྲི་སྟངས་རྙིང་པའི་ནང་རྗེ་དང་འབངས་ཀྱི་ཚིག་ལས་དྲངས་ཏེ་འབངས་དེ་གཙོ་བས་འབངས་གཙོ་འབྲི་བའི་ལུགས་དེ་བོད་དུ་དེ་སྔོན་ནས་དར་འདུག དེ་རྗེས་ཚིག་དེ་ལ་བསྒྱུར་བཅོས་བཏང་ནས་གཙོ་བོ་དང་དམངས་བྱིངས་ཟེར་བའི་ཚིག་ནས་དྲངས་ཏེ་དམངས་གཙོ་ཞེས་པའི་འབྲི་སྟངས་དེ་ཆགས་འདུག དེང་སྐབས་སླར་ཡང་འགྱུར་བ་ཞིག་ཕྱིན་ཏེ་མང་གཙོ་ཞེས་མང་ཚོགས་གཙོ་བའི་ལམ་སྲོལ་ལ་གོ་བའི་ཡི་གེ་འབྲི་སྟངས་ཤིག་ཆགས་པ་རེད། ཡི་གེ་འབྲི་སྟངས་གསུམ་ཆར་སོ་སོའི་ཚིག་ནུས་ཀྱི་ཐོག་ནས་གོ་བ་ལེན་སྟངས་ཕྲན་བུའི་མི་འདྲ་བ་རེ་ཡོད་པ་དེ་ཁྱེད་ཚོས་སྟབས་བདེ་པོས་མཁྱེན་ཐུབ་ཀྱི་རེད།

ཧོབ་སྟེ་བལྟས་ན་མང་གཙོ་ཞེས་པ་དེ་ནུབ་ཕྱོགས་པའི་བསམ་ཚུལ་ཞིག་ཡིན་པ་དང༌། དེ་ལ་ཤར་ཕྱོགས་པས་དཔེ་བལྟས་པ་ལྟ་བུ་མང་ཆེ་བས་དགོངས་སྲིད། འོན་ཀྱང་དེ་འདྲ་མིན། ནུབ་ཕྱོགས་པའི་ནང་མང་གཙོའི་བསམ་ཚུལ་དང་ལམ་ལུགས་དེ་ཧ་ཅང་ཡག་པོ་དར་བ་རེད། དེ་དང་ཕྱོགས་མཚུངས་ལག་ལེན་བེད་སྤྱོད་ཤུགས་ཆེ་མ་བྱུང་བ་མ་གཏོགས། ཤར་ཕྱོགས་པའི་རིག་གཞུང་ནང་ལའང་མང་གཙོའི་ལམ་སྲོལ་གྱི་ལྟ་བ་མང་པོ་ཞིག་དར་བ་རེད། དེང་སང་སྲིད་དོན་ཚན་རིག་ལ་སློབ་སྦྱོང་གནང་མཁན་མང་པོ་ཞིག་གིས་མང་གཙོའི་ལམ་སྲོལ་བཤད་སྐབས་ངེས་པར་དུ་ནུབ་ཕྱོགས་པ་ལ་བལྟ་དགོས་པ་ལྟ་བུ་མ་གཏོགས། ཤར་ཕྱོགས་པའི་རིག་གཞུང་ནང་མང་གཙོའི་སྐོར་གསལ་ཞིང་རྒྱས་པ་མེད་པར་དགོངས་མཁན་མང་པོ་ཡོད། འོན་ཀྱང་ཕྱོགས་གཉིས་ཀར་གཟིགས་ནས་བསྡུར་ན། གཅིག་བྱས་ན་ཤར་ཕྱོགས་པའི་རིག་གཞུང་ནང་མང་གཙོའི་ལྟ་བ་དེ་གཏིང་ཟབ་པ་དང་རྒྱ་ཆེ་བ་ཞིག་ཡོད་སྲིད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་འཇིག་རྟེན་སྲིད་ལུགས་དེ་གཙོ་བོ་དང་རྒྱ་ཆེ་བ་གསུངས་མེད་ཅིང༌། དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་འགྱུར་མིན་མཛད་ཁྱེད་ལ་མེད།། ཅེས་གསུངས་པ་བཞིན་སྟོན་པ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས་དེ་དག་དངོས་སམ་བརྒྱུད་པའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་དོན་དུ་མ་གཏོགས། ཚེ་འདིའི་བདེ་ཐབས་ཀྱི་དོན་དུ་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རྐྱང་པ་ཞིག་དམིགས་སུ་བཀར་ནས་གསུངས་པ་ཞིག་མེད། འོན་ཀྱང་སྐྱེས་བུའི་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་ནང་ནས་ཐོག་མར་མངོན་མཐོ་བསྒྲུབ་དགོས་ཤིང༌། མངོན་མཐོ་ཡག་པོ་ཡོང་བར་མངོན་མཐོའི་རྟེན་བཟང་གནས་སའི་སྤྱི་ཚོགས་དེ་ཡག་པོ་དགོས་པས། སྤྱི་ཚོགས་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་པ་དང༌། གང་ཟག་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པ། གང་ཟག་ཚང་མས་རང་ལས་གཞན་གཅེས་པར་བཟུང་མ་ཐུབ་ནའང་རང་དང་གཞན་མཉམ་པར་བཟུང་ཐུབ་པ་ཞིག་དགོས་པ་ཡིན་སྟབས། ངེས་པར་དུ་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ལའང་སངས་རྒྱས་ཀྱིས་མ་གསུངས་ཐབས་མེད་ཆགས་ཀྱི་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རེད་ཅེས་བཤད་མི་ཐུབ་ཀྱང༌། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་སྔོན་འགྲོ་ལྟ་བུ་ཞིག་ལ་སྤྱི་ཚོགས་ཀྱི་གནས་སྟངས་དང༌། ཆབ་སྲིད་ཀྱི་གནས་སྟངས་ངེས་པར་དུ་གསུངས་དགོས་ཆགས་པ་རེད། དེར་བརྟེན་སྤྱི་ཚོགས་དང་ཆབ་སྲིད་བཅས་ཀྱི་གནས་སྟངས་སྐོར་སངས་རྒྱས་ཀྱི་བཀའི་ནང་མང་ཆེ་བ་གང་དུ་ཡོད་ཅེ་ན། འཕགས་པ་གསེར་འོད་དམ་པའི་མདོ་དང༌། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་གཉིས་གལ་ཆེ་ཤོས་གྲས་རེད། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོའི་ནང་བྲམ་ཟེ་བདེན་པར་སྨྲ་བ་ལུང་སྟོན་པའི་ལེའུའི་ནང་ཆབ་སྲིད་ཀྱི་གནས་སྟངས་ཆ་ཚང་བ་གསུངས་ཡོད། དེ་ཚོ་ཤར་ཕྱོགས་པའི་མང་གཙོའི་ལྟ་བའི་གཞུང་ཁུངས་རྩ་བའི་གྲས་རེད། དེ་བཞིན་མདོ་སྡེ་དྲན་པ་ཉེར་གཞག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལས་ཐབས་ཀྱི་རྣམ་འཕྲུལ་བསྟན་པའི་མདོ། ཀླུ་ཡི་རྒྱལ་པོ་རྔ་སྒྲས་ཞུས་པའི་ཚིགས་བཅད་བཅས་ཀྱི་ནང་ལའང་སྤྱི་ཚོགས་ཀྱི་གནས་སྟངས་གསུངས་ཡོད། དེ་རྣམས་བོད་དུ་བསྒྱུར་བའི་སངས་རྒྱས་ཀྱི་གསུང་རབ་ནང་ད་ལྟ་ང་ཚོར་མཇལ་དུ་ཡོད་པའི་གྲས་རྣམས་རེད།

བོད་སྐད་དུ་མ་བསྒྱུར་བའི་དེ་བཞིན་གཤེགས་པའི་བཀའི་ནང་ལའང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་གསུངས་པའི་མདོ་རྒྱུད་མང་པོ་ཡོད་མདོག་ཁ་པོ་རེད། དེ་ནས་བསྟན་བཅོས་ནང་བསྟན་འགྱུར་དུ་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང༌། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིགས་གསུམ་པོ་དམིགས་སུ་བཀར་ནས་རྒྱལ་པོའི་ལུགས་ཆབ་སྲིད་ཀྱི་གནས་སྟངས་སྟོན་པའི་གཞུང་རེད། དེ་བཞིན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་དང༌། བཤེས་སྤྲིངས་གཉིས་པོའང་རྒྱལ་པོ་ལ་གདམས་པ་ཡིན་སྟབས། དེའི་ནང་གཙོ་བོ་མིན་ཡང༌། ཞར་ལ་ཆབ་སྲིད་ཀྱི་གནས་སྟངས་གང་འཚམས་གསུངས་ཡོད། དེའི་རྗེས་སློབ་དཔོན་རྟ་དབྱངས་ཀྱིས་རྒྱལ་པོ་ཀཎིཥ྄ཀ་ལ་སྤྲིངས་པའི་འཕྲིན་ཡིག་དང༌། སངས་རྒྱས་གསང་བས་བོད་ཀྱི་རྒྱལ་བློན་ལ་སྤྲིངས་པའི་འཕྲིན་ཡིག བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ཚིགས་སུ་བཅད་པ་བརྒྱ་པ། པཎྜིཏ་གཤོཀ྄ཤེཏྲའི་ལུགས་ཀྱི་བསྟན་བཅོས། དོན་ཡོད་འཆར་གྱི་དྲིས་ལན་སོགས་སུ་བསྟན་པའི་རྒྱལ་པོའི་ལུགས་དང༌། ཆབ་སྲིད་ཀྱི་གནས་ཚུལ་མང་ཆེ་བ་མང་གཙོའི་ལམ་སྲོལ་ཡང་དག་པ་དང་མཐུན་ཚབ་ཆེ། དེ་བཞིན་བོད་ཀྱི་མཁས་པས་མཛད་པའི་གཞུང་ནང་ཆོས་རྒྱལ་བཀའ་ཆེམས་དང༌། ས་སྐྱ་པཎྜིཏས་མཛད་པའི་ས་སྐྱ་ལེགས་བཤད། པཎ་ཆེན་བསོད་གྲགས་ཀྱིས་མཛད་པའི་དགེ་ལྡན་ལེགས་བཤད། ྋརྒྱལ་མཆོག་ལྔ་པས་མཛད་པའི་ལུགས་ཟུང་བསླབ་བྱ་མུ་ཐི་ལིའི་ཕྲེང་བ་སོགས་རེད། ཕྱིས་སྙིགས་དུས་ཀྱི་པཎྜིཏ་ཆེན་པོ་འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མདོ་དང་བསྟན་བཅོས་ནང་ཡོད་པའི་དོན་ཚང་མ་ཧྲིལ་གྱིས་བསྒྲིལ་ཏེ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་མཛད་པ་རེད། དེ་ཚོ་ལ་བལྟས་ཚེ་དུས་རབས་རྙིང་པའི་ནང་དར་བའི་ནུབ་ཕྱོགས་པའི་བསམ་ཚུལ་སྔོན་མ་དེ་ཚོ་ལས་ང་ཚོ་ཕྲན་བུའི་སྔོན་ལ་ཡོད་རེད་བསམ་གྱི་འདུག

པེ་ལེ་ཊོ་(Plato) དང་ཨེ་རི་སི་ཊོ་ཊེལ་(Aristotle) སོགས་ཀྱིས་བཤད་པའི་Philosopher King ཞེས་པའི་བསམ་ཚུལ་དེ་དང༌། ང་ཚོའི་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་སེམས་ཀྱི་མངའ་བདག་རྣམས་ཀྱིས་ཆབ་སྲིད་འཛིན་སྐྱོང་གནང་རྒྱུའི་གནས་སྟངས་གཉིས་ཀྱི་དབར་མང་པོ་བསྡུར་རྒྱུ་ཡོད་ཅིང༌། འགའ་ཤས་ནི་ང་ཚོ་སྔོན་ལ་སླེབས་པ་དང༌། འགའ་ཤས་ནི་ཁོང་ཚོ་ནས་ལེགས་ཆ་བླང་རྒྱུ་ཡོད་རེད། གང་ལྟར་མང་གཙོའི་ལྟ་བ་དང་མང་གཙོའི་ཆབ་སྲིད་ཀྱི་ལམ་སྲོལ་དེ་བརྒྱ་ཆ་བརྒྱ་ཐམ་པ་ནུབ་ཕྱོགས་ནས་ལེན་དགོས་པ་ཆགས་མེད། ང་ཚོའི་སྔ་མོའི་རིག་གཞུང་གཞི་ལ་བཞག་པའི་ཐོག་ནུབ་ཕྱོགས་པས་བར་ལམ་ལག་ལེན་བསྟར་བའི་རྣམ་གཞག་ནས་ལེགས་ཆ་ལེན་ཐུབ་ན་ཡག་པོ་རེད། ཁོང་ཚོས་དངོས་སུ་ལག་ལེན་བསྟར་བས་ཉམས་མྱོང་མང་བ་དང༌། ང་ཚོའི་དེ་ཚོ་ལྟ་གྲུབ་ཙམ་དུ་ལུས་པར་བརྟེན་ཁྱད་པར་ཞིག་ཡོད་རེད། མང་གཙོའི་རྣམ་གཞག་ལ་གཏིང་ཟབ་སློབ་སྦྱོང་བྱེད་འདོད་ཡོད་ན་གོང་ཞུས་གཞུང་དེ་ཚོར་གཟིགས་ན་ཡག་པོ་མཁྱེན་ཐུབ།

རྒྱ་གར་ནང་སྟོན་པ་འཇིག་རྟེན་དུ་བྱོན་སྐབས་རྒྱལ་པོའི་ལམ་ལུགས་དང༌། མང་གཙོའི་ལམ་ལུགས་གཉིས་ཀ་ཡོད་ཅིང༌། དབུས་ཀྱི་གྲོང་ཁྱེར་ཆེན་པོ་བརྒྱད་ཀྱི་ནང་ནས་ཡངས་པ་ཅན་པ་མང་གཙོ་ཡིན་ཞིང༌། ཡངས་པ་ཅན་པ་ཚོགས་ཀྱི་གཙོ།། ཞེས་མང་གཙོ་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ཧ་ལམ་དེང་སང་སུ་ཛར་ལེན་ཌི་ལས་ཀྱང་མང་གཙོ་ལེགས་ཤིང༌། འཐུས་མི་སོགས་བརྒྱུད་མ་དགོས་པར་མི་མང་ཡོངས་རྫོགས་འཛོམས་ཏེ་དོན་གནད་ཐག་གཅོད་བྱེད་པའི་ཐད་ཀའི་མང་གཙོའི་ལུགས་སྲོལ་དེ་ཡོད་རེད། དེ་བཞིན་སེར་སྐྱའི་གྲོང་ཁྱེར་ནང་ཤཱཀྱ་རི་བྲགས་པ་དང༌། ཤཱཀྱ་ལིཙྪབི་བཅས་སྡེ་ཚན་གཉིས་ཡོད་ཅིང༌། ཡངས་པ་ཅན་པ་ལྟ་བུའི་མང་གཙོ་མེད་ཀྱང༌། རྒྱལ་ཁབ་ཀྱི་འགོ་ཁྲིད་མང་ཚོགས་ཀྱི་འདོད་མོས་དང་མཐུན་པའི་འཁོར་རེས་ཀྱི་འགྲོ་སྲོལ་ཞིག་དང༌། རྩ་བའི་རིགས་ཁ་ཤས་ཤིག་གིས་ཆབ་སྲིད་འཛིན་པ་གང་ཞིག་ལ་རྒྱལ་རྒྱུད་གཞན་དང་མི་འདྲ་བའི་མང་གཙོའི་ལམ་སྲོལ་ཁྱད་པར་བ་ཞིག་ཡོད། གང་ལྟར་རྒྱ་གར་ནང་དེ་དུས་ནས་མང་གཙོ་དབུ་ཚུགས་ཟིན་རུང༌། ནུབ་ཕྱོགས་ལ་དེ་དུས་མང་གཙོའི་བསམ་ཚུལ་སླེབས་མེད། ལར་ནས་ནུབ་ཕྱོགས་སུ་མང་གཙོའི་ལམ་སྲོལ་གྱི་བསམ་ཚུལ་དེ་སྔོན་ཙམ་ནས་བྱུང་ཡང༌། དངོས་སུ་ལག་ལེན་ཕ་རན་སིའི་ནང་གསར་བརྗེའི་གྱེན་ལངས་གཉིས་པ་བྱུང་སྐབས་ཙམ་ནས་མ་གཏོགས་འཁེལ་ཐུབ་མེད། དེའི་སྔོན་ནས་ཡོད་མེད་ང་ལ་གསལ་པོ་ཞུ་རྒྱུ་མེད། མདོ་དོན་མང་གཙོའི་གཙོ་རྒྱུ་དེ་སྤྱི་ཚོགས་ཀྱི་དབང་ཆ་དེ་རེད།

སྤྱི་ཚོགས་ནང་སྒྲིག་འཛུགས་ཤིག་དགོས་པ་དང༌། སྒྲིག་འཛུགས་དེ་བཟོ་སྐབས་དབང་ཆ་ཞིག་དགོས་ཀྱི་ཡོད། མང་གཙོའི་རིང་ལུགས་ཀྱི་མང་ཚོགས་གཙོ་ཞེས་པའི་གཙོ་བོ་དང་ཕལ་པ་ཕྱེ་རྒྱུའི་གཞི་རྩ་ནི་དབང་ཆ་གཙོ་བོ་སུ་ལ་ཡོད་མེད་དེ་རེད། དེ་ཡང་ཡུལ་གྱི་དབང་ཆའམ་རྒྱལ་ཁབ་ཀྱི་དབང་ཆ་ཡུལ་འཁོར་གྱི་དབང་ཆ། དེ་རེད། ལེགས་སྦྱར་གྱི་རཱཥ྄ཊ྄ར་ལ་ཡུལ་འཁོར་ཞེས་དཔེ་ཆ་རྙིང་པའི་ནང་བསྒྱུར་འདུག དངོས་གནས་བྱས་ན་རྒྱལ་ཁབ་ཅེས་པའི་ཚིག་ལས་ཡུལ་འཁོར་ཞེས་པའི་ཚིག་དེ་ལེགས་པ་ཡོད་ཀྱང༌། ང་ཚོར་རྒྱལ་ཁབ་ཅེས་པའི་ཚིག་དེ་གོམས་པ་ཆེ་བ་ཡོད། རྒྱལ་ཁབ་ཟེར་དུས་ཚིག་དེའི་ནུས་པས་རྒྱལ་པོ་ཞིག་ཡོད་པ་ལྟ་བུར་གོ་སྲིད། ཡུལ་འཁོར་རཱཥ྄ཊ྄ར་ཟེར་དུས་རྒྱལ་པོ་ཡོད་མེད་ལ་མ་ལྟོས་པར་སྤྱི་ཚོགས་གཞན་དང་འབྲེལ་བ་མེད་ཅིང༌། སོ་སོའི་སྲིད་དོན་དང་དཔལ་འབྱོར་ཆ་ཚང་རང་དབང་ཡོད་པ་ཞིག་ལ་གོ ཚིག་དེ་གཉིས་ལས་ཡུལ་འཁོར་ཞེས་པའི་ཚིག་དེ་བྱུང་སྔ་ཡང༌། དེང་སང་བེད་སྤྱོད་རྒྱལ་ཁབ་ཅེས་པ་དེ་མང་བ་འདུག དེ་འདྲའི་རྒྱལ་ཁབ་དེའི་འདུ་འགོད་བྱེད་རྒྱུའི་དབང་ཆ་དེ་གང་དུ་ཡོད་ཅེ་ན། སྔ་མོའི་ནུབ་ཕྱོགས་པ་ཚོས་དབང་ཆ་དེ་འཇིག་རྟེན་གྱི་བྱེད་པ་པོ་ནས་མར་ཡོང་བ་རེད་ཅེས་བརྗོད། མང་གཙོ་མ་ཆགས་སྔོན་ལ་རྒྱལ་ཁབ་ཀྱི་དབང་ཆ་(Sovereign) དེ་མི་མང་དང་སྤྱི་ཚོགས་ནང་མེད་ཅིང༌། དབང་དེ་G+O+D=GOD ཟེར་བའི་ཡི་གེ་གསུམ་ཅན་གྱི་བརྗོད་བྱར་གྱུར་པའི་འཇིག་རྟེན་གྱི་བྱེད་པ་པོ་དེས་གནང་བ་རེད་ཅེས་བཤད་སྲོལ་ཡོད། དེར་བརྟེན་རྒྱལ་པོ་དང་གོང་མ་དེ་ཚོ་འཇིག་རྟེན་གྱི་བྱེད་པ་པོའི་སྐུ་ཚབ་ལྟ་བུ་བརྩི་བར་བརྟེན། སྐུ་ཚབ་དེ་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་བཟོ་རྒྱུ་དང༌། འཛིན་སྐྱོང་བྱེད་རྒྱུའི་དབང་ཆ་དེ་ཐོབ་པ་རེད། དེ་ཡང་ཁོ་ཚོའི་རིགས་ཀྱི་ནུས་པ་དང༌། ཅོད་པན་གྱི་ནུས་པའི་ཐོག་ནས་ཐོབ་ཀྱི་ཡོད་སྟབས། རིགས་དང་ཅོད་པན་གྱི་ནུས་པའི་ཐོག་ནས་རྒྱལ་ཁབ་ནང་འདི་ཆོག་དང་འདི་མི་ཆོག་གི་ཁྲིམས་བཟོ་རྒྱུ་དང༌། ཁྲིམས་དེ་ལག་བསྟར་བྱེད་རྒྱུ། ཁྲིམས་དང་འགལ་ན་ཉེས་པ་གཏང་རྒྱུ་བཅས་དབང་ཆ་གསུམ་ག་གང་ཟག་གཅིག་གི་ལག་ཏུ་བྱུང༌། དེ་ལ་བརྟེན་ནས་ཆོས་ལུགས་ཀྱི་སློབ་དཔོན་དང་སྲིད་ཀྱི་རྒྱལ་པོ་གཉིས་པོ་ཕན་ཚུན་ཐག་ཉེ་པོ་བསྡད་རུང༌། རྗེས་སུ་མ་འཆམས་པའི་དབང་གིས་དབང་ཤུགས་རྩོད་ལེན་གྱི་ལོ་རྒྱུས་རིང་པོའི་མཇུག་ཏུ་ད་ལྟ་སེ་ཀུ་ལར་(Secular) ཞེས་པ་དེ་ནན་ཏན་ཆེན་པོས་བཤད་དགོས་པའི་གནས་སྟངས་དེ་བྱུང༌། དེ་ལྟར་ཆབ་སྲིད་ཀྱི་ལམ་སྲོལ་རིམ་པས་ཡར་རྒྱས་ཕྱིན་ནས་ད་ལྟའི་མང་གཙོའི་ལམ་སྲོལ་དེ་བྱུང་ཞེས་བཤད་ཀྱི་རེད། ཤར་ཕྱོགས་པའི་བསམ་ཚུལ་ལ་དང་པོ་རྒྱལ་པོའི་དབང་སྒྱུར་དང༌། དེ་ནས་ག་ལེར་ཡར་རྒྱས་སོང་སྐབས་མང་གཙོ་ལ་ཕྱིན་པ་རེད་ཅེས་བཤད་ཀྱི་མེད། སྤྱིར་བཏང་ནས་འཇིག་རྟེན་གྱི་བྱུང་བ་འདི་རིམ་པས་ཡར་རྒྱས་ཕྱིན་པའི་བསམ་ཚུལ་ཞིག་འཛིན་གྱི་མེད་པ་མ་ཟད། བསྐལ་པ་དང་པོ་ནས་བཟུང་སྟེ་རིམ་པས་མར་ཉམས་གུད་འགྲོ་བ་ཞིག་ཏུ་བསམ་གྱི་ཡོད། ནང་པའི་བསམ་ཚུལ་ལ་ཐོག་མར་བསྐལ་པ་རྫོགས་ལྡན་སྐབས་ཡུལ་ལུང་དང་སྤྱི་ཚོགས་ལ་དབང་སྒྱུར་མཁན་གྱི་རྒྱལ་པོ་དང་ཁྲིམས་སོགས་གང་ཡང་མེད་པ་དང༌། མི་རྣམས་རང་བཞིན་གྱིས་ཁྲིམས་དང་ལྡན་པ་དང་འཐབ་རྩོད་གང་ཡང་མེད། རིམ་གྱིས་མིའི་གཤིས་སྤྱོད་ཉམས་གུད་འགྲོ་སྐབས་བྱ་ར་དང་སྲུང་སྐྱོབ་བྱེད་མཁན་དགོས་གལ་ལ་བརྟེན་རྒྱལ་པོའི་ཐ་སྙད་བྱུང༌། རྒྱལ་པོ་བྱུང་སྐབས་མི་མང་མོས་མཐུན་གྱིས་རྒྱལ་པོ་བདམས་པར་བརྟེན་མང་པོས་བཀུར་བའི་རྒྱལ་པོ་ཟེར་བ་དེ་བྱུང༌། དེ་ལ་མང་པོས་བཀུར་བའི་རྒྱལ་པོ་ཞེས་བརྗོད་དགོས་དོན་ནི་མང་ཚོགས་ཀྱིས་བདམས་པའི་རྒྱུ་མཚན་གྱིས་རེད། མང་གཙོའི་ལམ་སྲོལ་ཉམས་ཏེ་སྡུག་ཏུ་ཕྱིན་སྐབས་གང་ཟག་གཅིག་གིས་དབང་ཆ་བཟུང་བའི་ཕྱིས་ཀྱི་རྒྱལ་པོའི་སྲིད་གཞུང་དེ་ཆགས་པ་རེད། དེ་ནས་སླར་ཡང་འགྱུར་བ་ཞིག་ཕྱིན་སྐབས་མང་གཙོ་སླར་ཡང་ཉམས་གསོ་བྱུང་བ་ལྟ་བུ་ཞིག་རེད། བསྐལ་པ་རྫོགས་ལྡན་སྐབས་རྒྱལ་ཁབ་དང་རྒྱལ་པོ་མེད་པ་ལ་རྗེས་སུ་དེ་ཚོ་ཡོང་དགོས་པ་གང་རེད་ཅེ་ན། བསྐལ་པ་རྫོགས་ལྡན་གྱི་མི་ཚང་མ་ཆོག་ཤེས་དང་ཚིམས་པ་ཡོད་ལ། དཔལ་འབྱོར་བགོ་བཤའ་བརྒྱབ་རྒྱུ་གང་ཡང་མེད། དཔལ་འབྱོར་ཚང་མ་སྤྱི་ལ་དབང་བ་དང༌། མ་རྨོས་མ་བཏབ་པའི་ལོ་ཏོག་དང་ཏིང་ངེ་འཛིན་གྱི་ཟས་ལ་སོགས་པས་འགྲངས་ནས་གསོག་འཇོག་དང༌། ལོགས་སུ་གཞག་དགོས་གང་ཡང་མེད། མིའི་སྤྱི་ཚོགས་ཐོག་མར་བྱུང་སྐབས་རྒྱལ་ཁབ་དང་རྒྱལ་པོའི་ཁྱད་པར་མེད་ལ། སྲིད་གཞུང་དང་ལམ་ལུགས་ཀྱང་མེད།

རིམ་པས་བསྐལ་པ་རྫོགས་ལྡན་ནས་མར་འགྲིབ་ཡོང་སྐབས་མིའི་ནང་བྱ་བ་ངན་པ་རྣམས་བྱུང་ཞིང༌། ལྷག་པར་དུ་མི་ལེ་ལོ་དང་འདོད་རྔམས་ཆེ་བ་ཚོས་དཔལ་འབྱོར་གསོག་འཇོག་དང༌། སྒེར་བདག་བཟུང་བ་བྱུང་བ་ཡིན་སྟབས། རྩོད་པ་བྱུང་ཞིང༌། དེ་ལ་བརྟེན་ནས་རྒྱལ་པོ་དང་ཁྲིམས་གཅོད་མཁན་རྣམས་དགོས་པ་བྱུང༌། མ་གཞི་ནས་དཔལ་འབྱོར་དང་སྲིད་དོན་དབར་ཧ་ཅང་འབྲེལ་བ་དམ་པོ་ཡོང་དགོས་པ་ནི་ཐོག་མ་ནས་མིའི་སྤྱི་ཚོགས་ནང་རྩོད་གླེང་དང་མ་འཆམས་པ་ཡོང་བའི་གཞི་རྩ་གཙོ་བོ་དཔལ་འབྱོར་གྱི་ཐོན་སྐྱེད་དང་བགོ་བཤའ་རྒྱག་སྟངས་ལ་བརྟེན་ནས་བྱུང་བ་དེར་ཐུག མང་པོས་བཀུར་བའི་རྒྱལ་པོ་ནས་རིམ་གྱིས་རྒྱལ་སྲིད་དར་བའི་ལོ་རྒྱུས་འདུལ་བ་ལུང་སོགས་ལས་བཤད་པ་འདིར་ཞིབ་པར་ཞུ་ལོངས་མི་འདུག་ཀྱང༌། གང་ལྟར་བྱུང་བ་རིག་པ་དང་འབྲེལ་བའི་དཔྱད་གཞི་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོ་ནང་པའི་བསམ་ཚུལ་དང༌། ཤར་ཕྱོགས་པའི་བསམ་ཚུལ་ཕལ་ཆེ་བས་ཆབ་སྲིད་ཀྱི་དབང་ཆ་དེ་ཐོག་ནས་ཡོང་བར་བསམ་གྱི་མེད། འོན་ཀྱང་ཤར་ཕྱོགས་པའི་ནང་ལའང་དབང་ཆ་ཐོག་ནས་ཡོང་བའི་བསམ་ཚུལ་བྱུང་མྱོང་མེད་པ་མིན། དཔེར་ན། རྒྱ་ནག་གི་གོང་མ་ཚོའི་སྐབས་སྲིད་དབང་སྒྱུར་བྱེད་ཀྱི་དབང་ཆ་ནམ་མཁའ་ནས་བྱུང་བ་རེད་བསམ་གྱི་ཡོད། དེར་བརྟེན་རྒྱ་ནག་གོང་མའི་མིང་ལའང་གནམ་བསྐོས་གོང་མ་བདག་པོ་ཆེན་པོ་ཞེས་ཟེར་བ་རེད། བདག་པོ་ཆེན་པོ་ཞེས་ཆབ་སྲིད་འདུ་འགོད་ཀྱི་དབང་ཆ་ཡོངས་རྫོགས་ཀྱི་བདག་པོ་ཡིན་པ་དང༌། གནམ་བསྐོས་ཞེས་གནམ་ནས་བསྐོས་པ་ཡིན་པའི་མི་གཅིག་པོ་དེའི་ལག་པར་ཁྲིམས་བཟོ་དང༌། འགན་འཛིན། ཁྲིམས་གཅོད་བཅས་གསུམ་གའི་དབང་ཆ་ཡོད་ཅིང༌། ཁོང་གིས་གང་བཤད་པ་དེ་རྒྱལ་པོའི་སྨྲ་བ་ལན་གཅིག་ཅེས་ཁྲིམས་དེ་ལ་བརྩི་བ་མ་གཏོགས། མང་ཚོགས་ཀྱིས་འགྲིགས་མི་འགྲིགས་བཤད་ས་མེད་པ་དེ་ལ་གང་ཟག་གཅིག་གི་ཆབ་སྲིད་དམ་སྲིད་གཞུང་ཟེར། དེའི་ལྡོག་ཕྱོགས་ཆབ་སྲིད་འདུ་འགོད་ཀྱི་དབང་ཆ་ཡོངས་རྫོགས་ཡུལ་དེའི་མི་མང་ཡོངས་རྫོགས་ཀྱི་ལག་ཏུ་ཡོད་པ་དེ་ལ་མང་གཙོ་ཟེར།

རྩ་བའི་མང་གཙོའི་གཞི་རིམ་གྱི་ལྟ་བ་ནུབ་ཕྱོགས་པའི་བཤད་སྲོལ་ལྟར་ན། ཡུལ་མི་ཚང་མ་སྲིད་དོན་དུ་ཞུགས་པ་དང༌། སྲིད་དོན་གྱི་ཐག་གཅོད་བྱེད་པའི་རང་དབང་དེ་སྐྱེས་སྟོབས་(birth-right) ཀྱིས་ཐོབ་པ་རེད། ནང་པའི་བཤད་སྲོལ་དུའང་གང་ཟག་བྱེ་བྲག་པ་རེ་ལ་སོ་སོའི་སྤྱི་ཚོགས་ནང་སྤྱི་ཚོགས་དང་དཔལ་འབྱོར་སྲིད་དོན་བཅས་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་ལོངས་སྤྱོད་རྒྱུའི་ཐོབ་ཐང་དེ་སྤྱི་ཚོགས་དེའི་ནང་སྐྱེ་བའི་སྤྱི་མཐུན་གྱི་ལས་ཤིག་ཡོད་པ་དེའི་དབང་གིས་སྐྱེས་ཙམ་ཉིད་ནས་ཡོང་གི་ཡོད། དཔེར་ན་གང་ཟག་རེ་རེའི་ཐུན་མོང་མ་ཡིན་པའི་ལོངས་སྤྱད་བྱར་གྱུར་པའི་གླིང་བཞི་རི་རབ་སོགས་ཐུན་མོང་དུ་ལོངས་སྤྱད་བྱའི་ཆ་ཤས་སུ་ཡོད་ཟེར་བ་དེ་དོན་དུ་གང་ཟག་ཁོ་རང་སྐྱེས་པ་ཙམ་གྱིས་ཆབ་སྲིད་ནང་ལས་ཀ་བྱེད་རྒྱུ་དང༌། ཐག་གཅོད་བྱེད་རྒྱུའི་དབང་ཆ་དེ་ལས་དབང་གིས་ཐོབ་པ་རེད་ཅེས་བཤད་ཀྱི་ཡོད། གང་ཟག་རེ་རེ་བཞིན་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་རྩ་བའི་བསམ་ཚུལ་འདི་ལ་ནུབ་ཕྱོགས་པ་དང༌། ནང་པ་གཉིས་ཁྱད་པར་མེད། ནང་པའི་ལས་འབྲས་ཀྱི་འགྲོ་སྟངས་ཕྲ་ཞིང་ཕྲ་བ་དེ་མི་འདྲ་བ་རེད། དེ་ཙམ་གྱི་ཁྱད་པར་མ་གཏོགས། སྤྱི་ཚོགས་ནང་ཡོད་པའི་གང་ཟག་སུ་ཡིན་ཡང་མང་གཙོ་ཡོང་དགོས་པའི་སྲིད་དོན་གྱི་དབང་ཆ་ཁོ་རང་ལ་སྐྱེས་ཐོབ་ཏུ་ཡོད་པ་ཁས་ལེན་སྟངས་དེ་གཅིག་པ་རེད། དེ་མང་གཙོའི་གཞི་རིམ་གྱི་བསམ་ཚུལ་ཞིག་རེད། དེ་ལ་ཡར་རྒྱས་ཀྱི་རིམ་པའི་དབང་གིས་མི་འདྲ་བ་ཁ་ཤས་བྱུང་ཡོད། དཔེར་ན། སྤྱི་ཚོགས་ཆུང་ཆུང་དང༌། སྤྱི་ཚོགས་ཆེན་པོའི་ནང་མང་གཙོ་ཇི་ལྟར་བྱེད་ཐུབ་ཅེ་ན། སྤྱི་ཚོགས་ཆུང་ཆུང་ནང་མང་གཙོ་བྱེད་སྟངས་དེ་ཐོག་མར་སངས་རྒྱས་ཀྱིས་དགེ་འདུན་གྱི་སྡེའི་ནང་བཅས་པ་གནང་ཡོད་པ་དེ་དང་འདྲ་པོ་རེད། དགེ་འདུན་གྱི་ནང་གང་ཟག་བྱེ་བྲག་པ་ལ་དབང་ཆ་ཆེན་པོ་གནང་ཡོད། དགེ་འདུན་གྱི་བྱ་བ་གང་ཡིན་དགེ་འདུན་བསྡུས་ཏེ་གསོལ་བ་བྱས་ནས་ལས་དོན་དེ་ལ་འདུན་པ་འདུག་གམ་ཞེས་པའི་དྲི་བ་དེ་ཐེངས་དང་པོ་དང༌། གཉིས་པ། གསུམ་པའི་བར་བྱེད་སྐབས་ལས་ལ་འདུ་བའི་དགེ་སློང་བརྒྱ་ཐམ་པ་ཐུགས་མཐུན་ཡང་དགེ་སློང་གཅིག་ཐུགས་མ་མཐུན་པ་བྱུང་ན་ཐག་གཅོད་བྱེད་ཐུབ་ཀྱི་མེད། ཐབས་ཤེས་མང་པོས་ཁོ་ལ་འགྲེལ་བཤད་བརྒྱབས་ནས་གང་ཟག་གཅིག་པོ་དེའང་མོས་མཐུན་ཡོད་པ་བཟོ་མ་ཐུབ་པའི་བར་ལ་ཐག་ཆོད་ཀྱི་མེད། གང་ཟག་རེ་རེ་ལ་དེ་ཙམ་གྱི་ཐོབ་ཐང་གནང་ཡོད། དགེ་འདུན་ལྟ་བུའི་ལྟ་བ་མཐུན་པ་དང༌། མཚན་མཐུན་པ། འདུན་པ་མཐུན་པ་སོགས་མཐུན་པ་མང་པོའི་གཞི་རྟེན་ཡོད་པའི་སྤྱི་ཚོགས་ཆུང་ཆུང་ནང་ཐམས་ཅད་འདོད་མོས་མཐུན་པ་དེ་ཡོང་ཐུབ་ཀྱི་རེད་མ་གཏོགས། ང་ཚོ་ལྟ་བ་དང་བསམ་པ་མི་འདྲ་བ་མང་པོ་ཡོད་པའི་སྤྱི་ཚོགས་ནང་ཚང་མ་བསམ་ཚུལ་མཐུན་དགོས་ན་མང་གཙོའི་ལམ་སྲོལ་ལག་ལེན་བསྟར་མི་ཐུབ། དེ་བཞིན་བསམ་བློ་སྣ་ཚོགས་ཡོད་པའི་སྤྱི་ཚོགས་ཆེན་པོའི་ནང་མང་གཙོ་ཇི་འདྲ་བྱེད་དགོས་ཤེ་ན། སྤྱི་ཚོགས་དེའི་མི་མང་གི་བསམ་ཚུལ་རྣམས་ཆེ་ལོངས་རགས་པ་ཙམ་དུ་བསྡུས་ནས་བསམ་ཚུལ་མཐུན་པ་དེ་དག་སྡེ་ཚན་དུ་བསྒྲིལ་ནས་ཕྱོགས་འཛིན་མཁན་གྱི་སྡེ་ཚན་གཅིག་དང༌། ཕྱོགས་འགལ་བྱེད་མཁན་གྱི་སྡེ་ཚན་གཅིག་བཅས་སྡེ་ཚན་གཉིས་སུ་བགོས་ཏེ་གཅིག་གིས་གཞུང་འཛིན་ཚོགས་པ་དང༌། གཅིག་གིས་འགལ་ཟླ་ཚོགས་པ་བྱས་ཏེ་གཞུང་དང་འགལ་ཟླ་ཚོགས་པ་གཉིས་ནང་སྤྱི་ཚོགས་དེའི་མི་ཚང་མའི་བསམ་ཚུལ་སླེབས་ཐུབ་པའི་ཐབས་ཤེས་བྱེད་རུང༌། ཚང་མའི་འདོད་པ་མཐུན་ཐབས་མེད་སྟབས། མང་བའི་འདོད་པ་གང་ལ་མཐུན་པ་དེ་ལ་ཐག་གཅོད་བྱ་རྒྱུ་དེ་དེང་སང་མང་གཙོའི་ལམ་སྲོལ་གྱི་འགྲོ་སྟངས་རེད། གང་ཟག་ཡོངས་རྫོགས་འདོད་པ་མཐུན་པ་ཡོང་ཐུབ་ཀྱི་མེད་སྟབས། མང་བ་དེས་ཉུང་བ་ལ་དབང་སྒྱུར་བའམ། ཡང་ན་མང་བའི་དབང་ཚད་དེས་ཉུང་བའི་དབང་ཚད་ལ་གནས་སྐབས་བུད་རྒྱག་བརྒྱབས་པའམ་ཕྱིར་འགྱངས་བྱས་པ་ལྟ་བུ་བྱས་ཏེ་ཆབ་སྲིད་ཀྱི་ལས་དོན་རྣམས་མང་བའི་ཐག་གཅོད་ཀྱི་ཐོག་ལ་འགྲོ་བ་དེ་མང་གཙོའི་གོ་དོན་གཅིག་རེད། གོ་དོན་གཞན་པ་ཞིག་ལ། རྒྱལ་ཁབ་དང་སྒྲིག་འཛུགས་གང་ཡིན་རུང༌། སྲིད་བྱུས་དང་ལམ་སྲོལ་ཁྲིམས་ལུགས་སོགས་བཟོ་རྒྱུ་དང༌། བཟོས་པའི་ཁྲིམས་ལུགས་དེ་དག་ལག་ལེན་དུ་བསྟར་ནས་འཛིན་སྐྱོང་གི་ལས་ཀ་བྱེད་རྒྱུ། ཁྲིམས་དང་འགལ་མི་འགལ་གྱི་ཁྲིམས་རྩོད་བྱས་ཏེ་ཐག་གཅོད་བྱེད་རྒྱུའི་དབང་ཆ་གསུམ་པོ་དེ་གང་ཟག་གཅིག་གམ་སྡེ་ཚན་གཅིག་ལ་མེད་པར་གང་ཟག་གམ་སྡེ་ཚན་ཐ་དད་ལ་སྤྲད་དེ་གཅིག་གིས་གཅིག་ལ་དབང་ཤུགས་མི་འགྲོ་བ་དང༌། གཅིག་གིས་གཅིག་ལ་ཞུ་དག་གཏོང་ཐུབ་པའི་ལམ་སྲོལ་དེ་མང་གཙོའི་གནད་འགག་བཟང་པོ་ཞིག་རེད། གནས་ཚུལ་གང་ཡིན་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་དགོས་པ་དང༌། ཁྲིམས་ལུགས་དེ་ཐག་གཅོད་བྱེད་རྒྱུའི་ནུས་པ་གལ་ཆེ་ཤོས་ཤིག་ལ་བརྩིས་ཏེ་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་ཁྲིམས་བཟོ་ཚོགས་པའི་(Legislative) འཐུས་མི་རྣམས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་རེད། ཁྲིམས་ལུགས་བཟོ་བའི་དབང་ཆ་ངོ་མ་རྒྱལ་ཁབ་ཀྱི་མངའ་དབང་(Sovereignty) དེ་འཐུས་མི་སོ་སོར་འོས་ཤོག་སྤྲོད་མཁན་གྱི་མི་མང་དེ་དག་ལ་ཡོད་དམ། ཡང་ན་འཐུས་མི་རེ་ལ་ཡོད་ཅེ་ན། མི་མང་ལ་ཡོད་ཟེར་གྱི་རེད། མི་མང་དེ་ཚོའི་མངོན་འདོད་དེ་འཐུས་མི་དེ་ཚོའི་བརྒྱུད་ནས་མཚོན་གྱི་ཡོད། རྒྱལ་ཁབ་ཆུང་ཆུང་སུ་ཛར་ལེན་ཌི་ལྟ་བུའི་ནང་ཐད་ཀའི་མང་གཙོའི་ལམ་ནས་ཡུལ་མི་ཡོངས་རྫོགས་ཚོགས་འཛོམས་ཀྱིས་ཁྲིམས་ལུགས་བཟོ་བ་མ་གཏོགས། ཁྲིམས་བཟོ་ཚོགས་པ་ཟུར་དུ་མེད་པ་སྔོན་མའང་མང་པོ་ཡོད་ལ། དེང་སང་ཡང་རེ་ཟུང་ཡོད་ཚོད། མང་ཚོགས་ཀྱིས་ཐད་ཀར་རམ། ཁྲིམས་བཟོ་ཚོགས་པའི་བརྒྱུད་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་རྣམས་ལག་བསྟར་བྱེད་མཁན་དེ་ལ་འཛིན་སྐྱོང་འགན་འཛིན་ནམ། སྲིད་གཞུང་ཟེར་བ་རེད། དེ་ནི་ག་དུས་ཡིན་ཡང་བརྗེ་པོ་བརྒྱབ་ཆོག་ཡོད་ཅིང༌། ལས་ཀ་མ་འགྲིགས་པའི་སྐབས་ལ་མི་མང་གིས་ལས་སླ་པོ་བརྗེ་པོ་བརྒྱབས་ནས་སྲིད་གཞུང་གསར་པ་བཙུག་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད། སྲིད་གཞུང་ཟེར་བ་དེ་རྒྱལ་ཁབ་ལས་ལོགས་ཀ་རེད། དེ་རྒྱལ་ཁབ་ཀྱི་ཡན་ལག་ཅིག་དང༌། རྒྱལ་ཁབ་ཀྱི་ཞབས་འདེགས་ཞུ་མཁན་རེད་མ་གཏོགས། རྒྱལ་ཁབ་བམ་ཡུལ་འཁོར་མ་རེད། དེ་སྤྱི་ཚོགས་ཀྱང་མ་རེད། ང་ཚོ་བོད་པ་མང་པོའི་བསམ་བློ་ལ་གཞུང་ཟེར་བ་དེ་ཧ་ཅང་རྩ་ཆེན་པོ་དང༌། དེ་ལ་འགལ་ཟླ་དང་དགག་པ་བརྒྱབ་ན། རྒྱལ་ཁབ་དང༌། སྤྱི་ཚོགས། རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་འགལ་ཟླ་དང་དགག་པ་བརྒྱབས་པ་དང་ཁྱད་མེད་པའི་བསམ་ཚུལ་ཞིག་འདུག སྲིད་གཞུང་དེ་མང་ཚོགས་ཀྱིས་བཟོས་པའི་སྒྲིག་འཛུགས་ཤིག་རེད། དེས་འགྲིགས་ན་འགྲིགས་པ་དང༌། མ་འགྲིགས་ན་བརྗེ་པོ་བརྒྱབ་རྒྱུ་རེད། སྲིད་གཞུང་ལ་འགལ་ཟླ་བྱེད་ན་རྒྱལ་ཁབ་ལ་འགལ་ཟླ་དང་མི་རིགས་ལ་འགལ་ཟླ་འགྲོ་བའི་བསམ་ཚུལ་དེ་མེད་པ་མ་བཟོས་བར་མང་གཙོའི་ལམ་སྲོལ་ཡག་པོ་ཞིག་ཆགས་མི་ཐུབ། ཁྲིམས་བཟོ་ཚོགས་པའང་ལོ་རིམ་ཚང་བ་དང་བརྗེ་འགྲོ་བ་རེད། ལས་ཀ་ཡག་པོ་མ་བྱེད་ན་ལོ་རིམ་མ་རྫོགས་གོང་བརྗེ་ཆོག སྲིད་གཞུང་དང་ཁྲིམས་བཟོ་ཚོགས་པ་གཉིས་ཀ་མང་ཚོགས་ཀྱི་བཀའ་ཡོད་པ་དེའི་བར་བསྡད་རྒྱུ་རེད།

མང་ཚོགས་ཀྱི་བཀའ་མེད་པའི་ཉིན་མོ་དེ་ནས་འཕོ་འགྱུར་འགྲོ་རྒྱུ་རེད། སྲིད་གཞུང་དང་ཁྲིམས་བཟོ་ཚོགས་པ་གཉིས་ཀའི་ལས་དོན་མང་ཚོགས་ཀྱིས་ཐག་གཅོད་ཟིན་པའི་ཁྲིམས་དང་མཐུན་པ་ཡོང་གི་འདུག་མི་འདུག་ལྟ་མཁན་དེ་ཁྲིམས་ཁང་(Judiciary) རེད། ཁྲིམས་ཁང་གིས་འཛིན་སྐྱོང་འགན་འཛིན་དང༌། ཁྲིམས་བཟོ་གཉིས་ཁྲིམས་དང་འགལ་འདུག་ན་བཀག་འགོག་བྱེད་རྒྱུ་དང༌། ཁྲིམས་འགལ་ཅན་ལ་ཉེས་པ་གཏང་རྒྱུ་བཅས་ཀྱི་འགན་དབང་ཡོད། སྔོན་མ་རྒྱལ་པོ་གང་ཟག་གཅིག་ལ་དབང་ཚད་གསུམ་ག་ཡོད་པ་དེ་ད་ཆ་སྒྲིག་འཛུགས་མི་འདྲ་བ་གསུམ་ནང་དབྱེ་བ་ཕྱེ་ཡོད། ཕན་ཚུན་གཅིག་འོག་ལ་གཅིག་མེད་ཅིང༌། གང་ནས་མ་འགྲིགས་པ་དེ་ལ་གཞན་གཉིས་པོ་དེ་ནས་ནོར་བཅོས་དང་བཀའ་འགོག་ཐུབ་པའི་ཐབས་ཤེས་དང་འགན་དབང་སྤྲད་ཡོད། དེ་ལྟར་དབང་ཆ་དེ་དག་ཕན་ཚུན་ལྟོས་གྲུབ་ཏུ་བཞག་པ་དེ་མང་གཙོའི་ལྟ་བའི་གནད་འགག་ཅིག་རེད། གཅིག་དང་འགལ་ནའང་མང་གཙོའི་ལམ་སྲོལ་ཡག་པོ་ཞིག་ཡོང་མི་ཐུབ།

ཡང་མང་གཙོའི་ལམ་སྲོལ་གྱི་བཀའ་བཏགས་ཀྱི་ཕྱག་རྒྱ་ལྟ་བུ་གཞན་ཞིག་ནི་སྒྲིག་འཛུགས་སམ་རྒྱལ་ཁབ་དེའི་ནང་ཡོད་པའི་མི་མང་ཚང་མར་འདྲ་མཉམ་དགོས་པ་དེ་རེད། ནང་པའི་ལྟ་ཚུལ་ནས་བཤད་ན། ཉན་ཐོས་ཐེག་པ་བ་རྣམས་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་མཉམ་པའི་འདྲ་མཉམ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་དགོས་པའི་ལམ་གྱི་རྣམ་གཞག་བསྟན་པ་རེད། ཐེག་ཆེན་པ་རྣམས་ཀྱིས་འདྲ་མཉམ་ལ་གལ་གནད་མི་བརྩི་བར་རང་ལས་གཞན་གཅེས་པ་དང༌། གཞན་གལ་ཆེ་བར་བརྩིས་ཏེ་གང་ཟག་སྒེར་གྱི་འདྲ་མཉམ་གྱི་ཐོབ་ཐང་ལ་མི་རྩོད་པ་མ་ཟད། གཞན་གྱི་དོན་དུ་རང་གི་ཁེ་ཕན་ཆ་ཚང་བློས་བཏང་བྱེད་རྒྱུའི་སྙིང་སྟོབས་ཤིག་སློབ་ཀྱི་ཡོད། མང་གཙོའི་འདྲ་མཉམ་ཟེར་བའི་བསམ་ཚུལ་དེ་ལས་ཐེག་ཆེན་པའི་བདག་པས་གཞན་གཅེས་ཀྱི་བསམ་ཚུལ་དེ་ཧ་ཅང་རླབས་ཆེ། བདག་པས་གཞན་གཅེས་ཀྱི་བསམ་ཚུལ་ཡོང་ན་འདྲ་མཉམ་གྱི་སྐད་ཆ་བཤད་དགོས་ཀྱི་མེད། མང་གཙོའི་འདྲ་མཉམ་གྱི་གོ་དོན་གཙོ་ཆེ་བ་གསུམ་ཙམ་ཡོད་ཅིང༌། དང་པོ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པ་ཁྲིམས་ལ་ཐུག་སྐབས་ཡུལ་དེའི་སྲིད་འཛིན་དང་ཡུལ་མི་སྐྱོ་ཤོས་ཤིག་གི་དབར་ཁྲིམས་ཁང་མདུན་ཐོབ་ཐང་མི་འདྲ་བའི་ཁྱད་པར་གང་ཡང་མེད། ཁྲིམས་ཀྱི་མདུན་སར་སྐྱེ་བོ་ཚང་མར་ཐོབ་ཐང་གཅིག་པ་ཡོད་པ་དེ་འདྲ་མཉམ་གྱི་བསམ་ཚུལ་དང་པོ་དེ་རེད། གཉིས་པ། དཔལ་འབྱོར་གྱི་ཁེ་ཕན་འདྲ་མཉམ་ཞེས་པ་ཡུལ་གྱི་དཔལ་འབྱོར་བགོ་བཤའ་རྒྱག་སྟངས་ཀྱི་ཐོག་ནས་གང་ཟག་ཁ་ཤས་སར་དཔལ་འབྱོར་ཚང་མ་འདུས་འགྲོ་བ་དང༌། གང་ཟག་གཞན་པ་མང་ཆེ་བ་རྣམས་དཔལ་འབྱོར་འདུ་འགོད་བྱེད་མཁན་གྱི་མི་ཉུང་ཉུང་ཞིག་གིས་བཤུ་གཞོག་གཏང་ཡུལ་དང་གཉའ་གནོན་བྱེད་ཡུལ་ཞིག་ཆགས་ན། དེ་ནི་མང་གཙོའི་དཔལ་འབྱོར་གྱི་ལམ་ལུགས་མ་རེད། དཔལ་འབྱོར་གྱི་བགོ་འགྲེམས་ཆ་སྙོམ་པོ་ཡོང་བའི་དོན་དུ་དཔལ་འབྱོར་གྱི་ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་བཟོ་དགོས་པ་དེ་མང་གཙོའི་ཡུལ་གྱི་ལས་འགན་གཅིག་རེད། སྤྱི་ཚོགས་རིང་ལུགས་པའི་བསམ་ཚུལ་ཁྱེར་ནས་ཁེ་བཟང་གི་རིན་ཐང་ལྷག་མ་དེ་ཆ་ཚང་ལས་བྱེད་པ་ལ་འཐོབ་ཐུབ་པའི་དཔལ་འབྱོར་གྱི་གནས་སྟངས་ཤིག་བཟོ་དགོས་ཀྱི་འདུག་གམ། ཡང་ན་མ་རྩའི་རིང་ལུགས་པའི་བསམ་ཚུལ་ཁྱེར་ནས་རང་དབང་དང་དྲང་བདེན་(Free and Fair Competition) གྱི་སྒོ་ནས་ཚང་མར་གོ་སྐབས་གཅིག་པ་སྤྲད་དེ་འགྲན་བསྡུར་ཡག་པོ་ཞིག་བྱེད་ཡོང་བའི་སྐབས་ལ་དཔལ་འབྱོར་གྱི་མ་རྩ་དེ་གང་ཟག་ཁ་ཤས་དང༌། ཚོགས་པ་ཁ་ཤས་ཀྱི་སར་སྡེབ་བསྒྲིལ་མ་འགྲོ་བར་བགོ་བཤའ་སྙོམ་པོ་ཐོབ་པ་ཞིག་བཟོ་དགོས་ཀྱི་འདུག གང་ལྟར་དཔལ་འབྱོར་གྱི་གོ་སྐབས་འདྲ་མཉམ་གནས་ཐུབ་པའི་སྲིད་བྱུས་ཤིག་བསྐྱང་དགོས་ཀྱི་རེད། ད་ལྟ་ནུབ་ཕྱོགས་ལ་ཡོད་པའི་དཔལ་འབྱོར་གྱི་ལམ་སྲོལ་མང་ཆེ་བ་ཐབས་ཚུལ་གཉིས་པ་དེའི་ཐོག་འགྲོ་མུས་རེད། གསུམ་པ། གོ་སྐབས་འདྲ་མཉམ་ཞེས་པ་ཡུལ་མི་སུ་འདྲ་ཞིག་ཡིན་རུང༌། སྐྱེས་ཐོབ་ཀྱི་ཤེས་རབ་འདྲ་མཉམ་མི་ཡོང༌། སྦྱངས་སྟོབས་ཀྱི་ཡོན་ཏན་འདྲ་མཉམ་ཡོང་བ་དེ་སློབ་སྦྱོང་གི་གོ་སྐབས་ལ་རག་ལས་པ་རེད། སྤྱི་ཚོགས་རྙིང་པ་ཁ་ཤས་ནང་ཡུལ་མི་འདི་ཞེས་བྱ་བས་ཡོན་ཏན་བསླབ་ཆོག འདི་ཞེས་བྱ་བས་བསླབ་མི་ཆོག་ཟེར་བ་ལྟ་བུ། སྐྱེས་དམན་དེ་ཚོ་སློབ་གྲྭར་སློབ་སྦྱོང་བྱེད་མི་ཆོག་ཟེར་བ་ལྟ་བུ། ཡང་ན་གང་ཟག་འདི་རིག་གཞུང་འདི་ཞེས་བྱ་བ་ལ་སློབ་སྦྱོང་བྱེད་མི་ཆོག་ཟེར་བ་ལྟ་བུ་བྱུང་ན།

གོ་སྐབས་འདྲ་མཉམ་བྱུང་མེད། དེས་ན་ཡུལ་མི་ཚང་མར་སློབ་སྦྱོང་དང་དཔལ་འབྱོར་གྱི་ལས་དོན་སོགས་གང་ལའང་གོ་སྐབས་འདྲ་མཉམ་དང༌། གཅིག་གི་གོ་སྐབས་ལ་གཅིག་གིས་གནོད་སྐྱོན་མེད་པ་ཞིག་སྲིད་གཞུང་གིས་ཆབ་སྲིད་སྐྱོང་སྟངས་ཐོག་ནས་བཟོ་དགོས་ཀྱི་རེད། མདོ་དོན་ཁྲིམས་ཀྱི་མདུན་སར་འདྲ་མཉམ་དང༌། དཔལ་འབྱོར་གྱི་ཁེ་ཕན་འདྲ་མཉམ། ཡར་ཐོན་གྱི་གོ་སྐབས་འདྲ་མཉམ་བཅས་ཡོང་དགོས་པ་དེ་མང་གཙོའི་ལམ་སྲོལ་གྱི་གཞི་རྩ་རེད། དེ་འདྲའི་མང་གཙོའི་ལམ་སྲོལ་གྱི་གཞི་རྩ་ཡག་པོ་ཡོང་བ་ལ་ཁྲིམས་ཀྱི་འགྲོ་སྟངས་དང༌། དཔལ་འབྱོར་གྱི་སྲིད་བྱུས། ཤེས་རིག་གི་སྲིད་བྱུས་གསུམ་པོ་དེ་ཐོག་མའི་མང་གཙོའི་ལྟ་བ་གང་འདྲ་ཞིག་འཁྱེར་ཡོད་ནའང༌། དེ་དང་མཐུན་པའི་ཐག་གཅོད་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

ང་ཚོར་ྋསྐྱབས་མགོན་རིན་པོ་ཆེས་ཡང་ཡང་བོད་ཀྱི་མ་འོངས་པའི་སྤྱི་ཚོགས་དེ་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ནང་འགྲོ་དགོས་ཀྱི་རེད་ཅེས་བཀའ་སློབ་སྔ་ཕྱི་རིམ་པས་གནང་ཡོད། མང་གཙོའི་ལམ་སྲོལ་དེ་ཡང་ང་ཚོ་ཤར་ཕྱོགས་པའི་རིག་གཞུང་ཐུན་མོང་མ་ཡིན་པ་དང་འབྲེལ་བ་ཡོད་པའི་མང་གཙོའི་ལམ་སྲོལ་མ་གཏོགས། ཚང་མ་ནུབ་ཕྱོགས་པའི་ལད་ཟློས་བྱེད་ན། ང་ཚོའི་སྤྱི་ཚོགས་དང་རིག་གཞུང་ལེགས་བྱང་གང་ལའང་མ་འཚམས་པ་དང༌། དེ་ལ་བརྟེན་ནས་ང་ཚོའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དེ་བསྒྲུབ་ཁག་པོ་རེད། དེས་ན་ཤར་ཕྱོགས་པས་ལོ་སྟོང་ཕྲག་མང་པོ་སྔོན་ནས་བརྟག་དཔྱད་ཀྱིས་ལག་ལེན་ལ་བསྟར་བའི་རིག་གཞུང་ཡང་དག་པ་རྣམས་རྩ་ཆེར་བརྩིས་ཏེ་དེའི་ནང་ནས་དེང་སང་དུས་རབས་དང་འཚམས་པ་རྣམས་དམིགས་བསལ་ཡར་རྒྱས་བཏང་སྟེ་ལག་བསྟར་ཐུབ་ན། ད་ལྟའི་འཛམ་གླིང་ཡོངས་རྫོགས་ཀྱི་གནས་སྟངས་ནང་རྗེས་ལུས་མ་ཐེབས་པ་མ་ཟད། དུས་རབས་ཉེར་གཅིག་པའི་ནང་བསྐྱོད་པའི་སྐབས་ལའང་བོད་པའི་སྤྱི་ཚོགས་སམ་བོད་པའི་ཆབ་སྲིད་དེ་མི་གཞན་གྱིས་དཔེ་བལྟ་འོས་པ་དང༌། མི་གཞན་ལ་ཕན་ཐོགས་བྱེད་ཐུབ་པའི་གནས་སྟངས་ཐོག་ནས་འགྲོ་ཐུབ་པ་ཡོང་རྒྱུ་རེད། དེ་འདྲ་བྱུང་ན་གཟི་བརྗིད་ཆེན་པོ་ཡོང་གི་རེད་དགོངས་ནས་ྋསྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་དེ་འདྲ་བཀའ་སློབ་གནང་གི་ཡོད།

ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་དེ་དག་ཡག་པོ་འགྲུབ་པ་བཟོ་དང་མི་བཟོ་ང་ཚོ་མང་ཚོགས་ལ་རག་ལས་ཡོད། མང་ཚོགས་ཀྱིས་ཡག་པོ་འབད་བརྩོན་མ་བྱེད་ན། དབུ་ཁྲིད་བཟང་པོ་ཞིག་ཡོད་པ་རྐྱང་པས་དམིགས་ཡུལ་འགྲུབ་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོར་རང་བཞིན་ལས་དབང་གིས་ཐོབ་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཐོབ་དབང་དེ་ལ་སོ་སོས་བེད་སྤྱོད་མ་བཏང་བར། སྒལ་པ་རི་ལ་སྦྱར་ནས་རྗེ་བཙུན་མི་ལ་བཞིན་བཞུགས་ཐུབ་མཁན་ཞིག་ཡིན་ན་ནི་ཞུ་མ་དགོས་ཀྱང༌། དེ་མིན་དཔལ་འབྱོར་དང་གོ་སྐབས་ཐོབ་ཐང་སོགས་སྤྱི་ཚོགས་ལ་བརྟེན་ནས་བཞུགས་དགོས་པའི་རྗེས་ལ་རབ་བྱུང་དང་ཁྱིམ་པ་སུ་ཡིན་ནའང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་འགན་ཞིག་ངེས་པར་དུ་བསྒྲུབ་དགོས་ཀྱི་རེད། ཚང་མས་བྱམས་བརྩེ་དང་དྲང་བདེན་གྱི་ལྟ་བ་གཞི་ལ་བཞག་པའི་མང་གཙོའི་ལམ་ལ་བརྟེན་པའི་མ་འོངས་ཆབ་སྲིད་ཀྱི་གནས་སྟངས་ཡག་པོ་བཟོ་རྒྱུའི་འབད་རྩོལ་བྱེད་རྒྱུ་དེ་བོད་མི་མང་ཚོགས་ལ་ད་ལྟའི་སྐབས་བབ་ཀྱི་ལས་འགན་ཆེ་ཤོས་དེ་ཡིན་པར་མཐོང་གི་འདུག

ཞར་བྱུང་དུ་ད་ལྟ་འདིར་སྐུ་ངོ་དོན་གཅོད་ཀྱིས་བཀའ་མོལ་གྱི་ཞོར་ལ་རྒྱ་གར་ལ་སྡོད་མཁན་ཚོས་ནུབ་ཕྱོགས་པ་ལ་རྩ་ཆེན་པོ་དང་རླབས་ཆེན་པོར་བརྩིས་ནས་བསྟོད་ར་ཧ་ཅང་གཏོང་གི་མེད་འགྲོ དེ་ཕྲན་བུའི་ཡག་པོ་མ་རེད་ཅེས་གསུངས་སོང༌། ང་རྒྱ་གར་ནས་ཚུར་ཡོང་བ་ཡིན་སྟབས། དེ་ལ་གསལ་བཤད་ཅིག་མ་ཞུས་ན་ཕྲན་བུའི་མི་འགྲིགས་པ་མཐོང་སོང༌། ཤར་ཕྱོགས་པའི་མི་ཤེས་ཡོན་ཅན་ཡོངས་སུ་རྫོགས་པས་ད་ལྟ་ནུབ་ཕྱོགས་པ་དེ་བྱབ་མེད་པ་གསལ་པོ་མཐོང་ཟིན། ཧ་ཅང་རྗེས་ལུས་ཐེབས་པའི་ཤར་ཕྱོགས་པའི་མིས་ནུབ་ཕྱོགས་པ་ལ་ལྟ་གི་ཡོད་ན་མ་གཏོགས། གཞན་དག་གིས་ལྟ་གི་མེད། དཔལ་འབྱོར་གྱི་ཡར་རྒྱས་ཁོ་ཚོ་སྔོན་ལ་ཕྱིན་པ་རེད། ང་ཚོ་རྗེས་ལ་ལུས་པ་མ་གཏོགས། བསམ་བློའི་ཡར་རྒྱས་ཐོག་ཤར་ཕྱོགས་པ་ནམ་ཡང་རྗེས་ལུས་ཐེབས་མེད། ལྷག་པར་དུ་ང་ཚོ་བོད་པ་ཚོས་ནུབ་ཕྱོགས་པ་ལ་འཛེམས་ཟོན་བྱེད་རྒྱུ་དེ་བོད་པ་ཕྲན་བུའི་ཡོན་ཏན་ཡོད་པ་དེ་ཚོས་སྔོན་མ་ནས་བྱེད་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་འགྱུར་བ་མང་པོ་ཕྱིན་པའི་སྐབས་ཀྱི་འདས་པའི་ལོ་བརྒྱ་ཕྲག་ཙམ་གྱི་ལོ་རྒྱུས་ནང་བལྟས་ན། ནུབ་ཕྱོགས་པ་སྤྱི་དང༌།

ལྷག་པར་དབྱིན་ཇིའི་གཞུང་དང་མང་ཚོགས་ཀྱིས་བོད་པར་མགོ་སྐོར་བཏང་བ་དང༌། ལམ་ལོག་པ་འཁྲིད་པ་བཞིན་གཞན་སུས་ཀྱང་བྱས་མེད། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་འུ་ཐུག་ནས་གསུང་ཤོར་དགོས་བྱུང་སྟེ། གཞན་ཕན་སྙིང་རྗེའི་ཞུ་རྫས་དང་བྲལ་ཡང༌།། རྫས་འཕྲུལ་རིག་པས་གློག་གི་སྣང་བ་ཡིས།། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་མཁན།། སྐྲ་སེར་སྤྲེའུའི་རིགས་ལ་དྭོགས་ཟོན་མཛོད།། ཅེས་གསུངས་པ་བཞིན་དེ་དུས་ནས་ང་ཚོས་དྭོགས་ཟོན་བྱེད་ཀྱི་ཡོད། ང་ཚོས་འགྲོ་བ་ཡོངས་ལ་བྱམས་བརྩེའི་སྒོ་ནས་འདྲིས་འགྲོགས་བྱེད་པ་ལས། སུ་ལའང་ཆགས་སྡང་ཕྱོགས་རིས་དང་དམའ་འབེབས་བྱེད་དགོས་པ་རྩ་བ་ནས་མེད། ཡིན་ནའང་རིག་གཞུང་དང༌། ཀུན་སྤྱོད། བསམ་ཚུལ། ལྟ་བ་བཅས་ཀྱི་ཆ་ནས་ཤར་ཕྱོགས་པ་ཤར་ཕྱོགས་པའི་ལམ་ལ་འགྲོ་གི་རེད། ནུབ་ཕྱོགས་པ་ནས་ལེགས་ཆ་བླང་རྒྱུ་ཡོད་ན་ལེན་པ་མ་གཏོགས། མིག་བཙུམས་ནས་ནུབ་ཕྱོགས་པའི་རྗེས་སུ་རྒྱུག་པ་དང༌། ཡང་ན་གནས་ཚུལ་གང་འདྲ་ཞིག་ཐོག་ལའང་ནུབ་ཕྱོགས་པའི་བསམ་ཚུལ་དེ་ཧ་ཅང་ཡག་པོ་ཡིན་པ་ཤར་ཕྱོགས་པ་སུས་ཀྱང་བསམ་གྱི་མེད། དཔལ་འབྱོར་ཡར་རྒྱས་གཏོང་སྟངས་དང་ལུང་པ་འཛུགས་སྐྲུན་བྱེད་སྟངས་དེ་ཚོ་ཁོ་ཚོ་ཡག་པ་ཡོད་རེད། དེ་ཡག་པོ་མི་འདུག་ཟེར་གྱི་མེད། དཔེ་བཟང་བླང་འོས་པ་བླང་ཐུབ་ན་ཡག་ཤོས་རེད། དེ་ཁོ་ཚོའི་རྗེས་སུ་རྒྱུགས་པར་བསམ་རྒྱུ་མེད།

ད་རེས་ཁྱེད་ཚོས་ཤོག་གསུངས་པར་བརྟེན། བྱ་སྒྲོ་རླུང་འཁྱེར་ལྟ་བུ་སུད་སིར་འབྱོར་སྐབས་མི་མང་དང་མཇལ་རྒྱུའི་གོ་སྐབས་བྱུང་བ་རེད། སུད་སིའི་བོད་མིའི་གནས་སྟངས་དེ་ཡག་པོ་རེད་བསམ་གྱི་འདུག མ་འོངས་པ་ལའང་ཡག་པོ་དེ་རང་གནས་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད། ཡག་པོ་གང་འདྲ་རེད་ཅེ་ན། འདིར་བཞུགས་མཁན་གྱི་མི་མང་ཚོ་དཔལ་འབྱོར་གྱི་ཆ་ནས་ཐབས་སྐྱོ་པོ་མེད་པ་མ་ཟད། དཔལ་འབྱོར་གྱི་ཡོང་ཁུངས་ཀྱང་ཧ་ཅང་གཙང་མ་རེད། རྒྱ་གར་དང༌། དེ་མིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་གཞན་ནང་བོད་པ་འབྱོར་པ་ཆེན་པོ་མང་པོ་ཡོད་རུང༌། དཔལ་འབྱོར་ཡོང་ཁུངས་རྩད་གཅོད་དུས་མང་ཆེ་བ་གཙང་མ་རང་མེད། སུད་སིར་བཞུགས་མཁན་ཚོ་སྐུ་ལས་བསྐྱོན་ཏེ་ཕྱག་ལས་ལ་ཕེབས་ཤིང༌། དྲང་པོ་དྲང་ཤག་གིས་དཔྱ་ཁྲལ་དེ་ཚོ་རྐུ་མ་བརྐུ་ས་མེད་པར་སྤྲད་དགོས་པར་བརྟེན།

ཁྱེད་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་དེ་ཧ་ཅང་གཙང་མ་ཡིན་པ་མ་ཟད། དེའི་ཐོག་ནས་ལས་ཀ་གང་བྱས་ཀྱང་ནུས་པ་ཆེན་པོ་དང་གཙང་མ་ཡོང་རྒྱུ་སྨོས་མ་དགོས། མ་གཞི་རྒྱ་གར་ནང་བོད་མིའི་སྤྱི་ཚོགས་སུ་འགུལ་བསྐྱོད་ཅིག་མ་བརྒྱབ་ན་མ་གཏོགས། ཞལ་འདེབས་སློང་དུ་འགྲོ་ས་དེ་སུད་སི་རེད། རྟག་ཏུ་ཞལ་འདེབས་སློང་མཁན་ཡོད་པ་ལྟ་བུ་རེད། ཁྱེད་ཚོས་ལས་དོན་མང་པོའི་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ཅིང༌། དཔེར་ན། སྣར་ཐང་པར་ཁང་སོགས་དང༌། ལྷོ་ཕྱོགས་སུ་ཡོད་པའི་རྒས་གསོ་ཁང༌། དེ་མཚུངས་སྦིར་སུ་ཇ་སློབ་གྲྭ གདན་ས་ཁག་བཅས་སྤྱི་སྒེར་མང་པོ་ཞིག་ལ་གནང་དང་གནང་མུས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། སུད་སི་ནས་ཡོང་བའི་དཔལ་འབྱོར་གྱི་རྒྱབ་སྐྱོར་དེ་ང་ཚོའི་མཐོང་ཕྱོགས་ལ་ལོག་འཚོ་དང་མ་འདྲེས་པ་ཡིན་སྟབས། བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་གཞན་ལའང་བེད་སྤྱོད་བཏང་ན་ཡག་པ་ཡོང་གི་རེད་དྲན་གྱི་ཡོད། ཁྱེད་ཚོ་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་མིན་པར་བརྟེན། ལོག་འཚོ་དང་མ་འདྲེས་པ་བྱེད་སླ་བ་ཡོད། དེས་ན་རྒྱ་གར་ལ་ཕེབས་པའི་སྐབས་དང༌། གནས་ཚུལ་གཞན་ལའང་འདིར་གཙང་མ་ཡོད་པ་བཞིན་བཞག་ཐུབ་ན། རྒྱལ་ཁབ་དང༌། མི་རིགས། ཆོས་གང་གི་ཐོག་བེད་སྤྱོད་གཏོང་ནའང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དེ་མིན་འདིར་གཙང་མ་ཡོད་ནའང་རྒྱ་གར་ལ་འཁྱེར་དུས་གཙང་མ་བྱེད་མ་ཐུབ་ན། ཕན་མ་ཐོགས་པ་ཆགས་རྒྱུ་རེད། དེ་ངས་དྲན་པ་ཡིན་སྟབས་ཞར་བྱུང་དུ་ཞུས་པ་ཡིན། ཡང་བསྐྱར་ཚང་མར་འཚམས་འདྲི་དང༌། ཚང་མ་སྐུ་ཁམས་བདེ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

སུད་སིར་རང་གཞུང་དོན་གཅོད་དང༌། བོད་རིགས་མི་མང་གི་ཚོགས་གཙོ་སོགས་མཛད་གཙོ་རྣམས་ཀྱིས་འཁྲུངས་ལྷ་དབྱར་གསོལ་གྱི་དགའ་སྟོན་ཉིན་བོད་རིགས་ཡོངས་ལ་མང་གཙོའི་སྐོར་གསུང་བཤད་རེ་སྐུལ་ཞུས་པ་བཞིན་གནང་བ་ཞིག་གོ།