ས་ཆུ་བདག་གཅེས་སོགས་ལས་འཕྲོས་པའི་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༄༅། །བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཆེད་ས་ཆུ་བདག་གཅེས། ཞིང་ཆུ་འདྲེན་གཏོང༌། ཤིང་སྣ་འདེབས་འཛུགས། རང་བཞིན་དང་སྲོལ་རྒྱུན་སྒོ་ཕྱུགས་གསོ་སྐྱོང༌། རྫས་སྦྱོར་མེད་པའི་ལུད་རིགས་གསོག་འཇོག སྟོན་ཐོག་སྲུང་སྐྱོབ་བཅས་ལ་ ༢༠༠༣།༠༤ སྒོར་འབུམ་ ༡༠༠ དང༌། དེ་བཞིན་ཕྱི་ལོ་ ༢༠༠༤།༠༥ སྒོར་འབུམ་ ༡༡༨།༡༤ ཕྱི་ལོ་ ༢༠༠༥།༠༦ ལོར་སྒོར་འབུམ་ ༡༢༤།༤༩ བཅས་སྔོན་རྩིས་ལོ་འཁོར་གསུམ་ནང་གོང་གསལ་ལས་གཞིའི་ཆེད་ཁྱོན་བསྡོམས་སྒོར་འབུམ་ ༣༤༢།༦༣ བཀའ་འཁྲོལ་ཐོབ་འདུག་པ་དྭོགས་འདྲི་ཞུ་རྒྱུར། གོང་གསལ་ལས་འཆར་དེ་དག་བོད་མི་སྡོད་གནས་ས་གནས་གང་དང་གང་དུ་མཐུན་རྐྱེན་ལས་གཞི་སྤེལ་ཡོད། གྲུབ་འབྲས་ཇི་བྱུང༌།

བཀའ་ལན།
ཀ བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཆེད་ས་ཆུ་བདག་གཅེས། ཞིང་ཆུ་འདྲེན་གཏོང་སོགས་ཀྱི་ཐོག་ཕྱི་ལོ་ ༢༠༠༣།༢༠༠༦ བར་ལོ་འཁོར་གསུམ་ནང་ཁྱོན་བསྡོམས་སྒོར་འབུམ་ ༣༢༡།༦༣ ཐམ་པ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་ནས་བོད་མིའི་སྡོད་གནས་གང་དང་གང་དུ་མཐེུན་ལས་གཞི་སྤེལ་ཡོད་ཕེབས་པའི་ཐད་སྙན་གསན་ཞུ་རྒྱུར།
༡ ས་ཆུ་བདག་གཅེས་ལས་གཞི།
འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་ཞིང་ས་ཇི་ཡོད་རྫས་ལུད་འབུ་དུག་བེད་སྤྱོད་བྱས་པས་ས་བཅུད་ཉམས་རྒུད་ཕྱིན་པ་དང༌། ཆར་ཆུ་རྣམས་ཇི་བཞིན་གསོག་འཇོག་མ་ཐུབ་པ་བཅས་ཀྱིས་ས་འོག་ཆུའི་གནས་སྟངས་ལོ་རེ་བཞིན་ཉུང་དུ་ཕྱིན་ཏེ་འཐུང་ཆུ་ཡང་མི་ལྡེང་བའི་དཀའ་ངལ་ཡོད་པ་དེ་དག་སེལ་ཆེད་གཞིས་ཆགས་ཁག་གི་ས་བཅུད་བརྟག་དཔྱད་དང་ས་འོག་ཆུའི་གནས་སྟངས་ཉམས་ཞིབ་བྱས་ཏེ་ས་ཆུ་གསོག་འཇོག་གི་ལས་གཞི་སྤེལ་འགོ་བཙུགས་ཁོངས་ད་བར་མེའོ་ཆོས་འཕེལ་གླིང་དང་ཏི་རྫུ་དར་རྒྱས་གླིང་གཞིས་ཆགས་སུ་ཆུ་རགས་བཟོ་བསྐྲུན་དང་མང་ཚོགས་ལ་ས་ཆུ་གསོག་འཇོག་སྐོར་གྱི་སྦྱོང་བརྡར་དང༌། ལྷོ་གཞིས་ཁག་ལྔ་ནས་ཧོན་སུར་རབ་རྒྱས་གླིང་དང་ཀོ་གྷལ་དོན་ལྡན་གླིང་གཉིས་ལ་ས་ཆུ་གསོག་འཇོག་གི་ལས་གཞི་སྤེལ་དང་སྤེལ་མུས་སུ་ཡིན།
༢ ཞིང་ཆུ་འདྲེན་གཏོང༌།
ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ཁེ་ར་གཞིས་ཆགས་སུ་ཞིང་ས་ཨེ་ཀར་ ༨༠ དང་ཌེ་ཌོན་བཀྲིས་འཁྱིལ་ལ་ཨེ་ཀར་ ༡༨ བཅས་ལ་ཞིང་ཆུ་འདྲེན་གཏོང་ཆེད་ས་འོག་ཆུ་འཐེན་ཁྲོམ་པ་དང་ཆུ་སྤམ་གསར་འཛུགས། དེ་བཞིན་ཆུ་ཡུར་གསར་བཟོ་དང༌། ད་ལྟའི་ཆར་ཞིང་ས་གང་ཙམ་ཞིག་ལ་ཚལ་རིགས་དང་སྟོན་ཐོག་ཐེངས་གཉིས་ཙམ་འདེབས་ལས་བཅས་ཀྱིས་ཕན་ཐོགས་བྱུང་ཡོད།
༣ ཤིང་སྣ་འདེབས་འཛུགས།
འདས་པའི་ལོ་གསུམ་ནང་སོ་ནམ་གཞིས་ཆགས་ཆེ་ཁག་བཅིུས་དང་ཆུང་ཁག་གསུམ་བཅས་ཀྱི་ནང་འབྲས་ལྡན་ཤིང་སྣ་ཨམ་དང་ཅི་ཀུ། ཀུ་ཤུ་དང་ཏ་ལ་སོགས་མྱུ་གུ་གྲངས་ ༡༠༡༩༣༩ དང༌། འབྲས་མེད་ཤིང་སྣ་སྦྱར་པ་དང་སེང་ལྡེང༌། བེ་ཤིང་དང་མཛེས་ཤིང་མེ་ཏོག་ཅན་སོགས་སོན་མྱུག་གྲངས་ ༢༧༡༢༦༢ ཙམ་འདེབས་འཛུགས་བྱས་ཡོད།
ལྷག་པར་དུ་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་མི་མང་གི་ཞིང་ས་བསྡོམས་ཨེ་ཀར་ ༡༧༧ དང་ལྭ་རྒྱབ་ཏུ་ཡོད་མཉམ་འབྲེལ་གྱི་ཞིང་ས་ཨེ་ཀར་ ༦༠ བཅས་ཁྱོན་ཨེ་ཀར་ ༢༣༧ ནང་འབྲས་ལྡན་དང་འབྲས་མེད་ཤིང་སྣ་འདྲ་མིན་གྱི་ལྡུམ་ར་དང༌། དེ་བཞིན་མཉམ་འབྲེལ་ཁོངས་ཨེ་ཀར་ ༧ ནང་སྨན་རྩ་དང་ཚལ་རིགས། འབྲས་ལྡན་དང་འབྲས་མེད་ཤིང་སྣ་འདྲ་མིན་གྱི་མྱུ་གུ་གསོ་སྐྱོང་ཁང་གསར་འཛུགས་ཐུབ་ཡོད།
༤ སྒོ་ཕྱུགས་གསོ་སྐྱོང༌།
ཀོ་ལི་གྷལ་དོན་ལྡན་གླིང་མིག་དཔེ་འོས་པའི་གཞིས་ཆགས་ཀྱི་ཞིང་པ་བ་ཕྱུགས་མེད་རིགས་ལ་ཡུལ་གྱི་སྒོ་ཕྱུགས་གྲངས་ ༤༧ མཐེུན་ཕུལ་ཟིན་པ་དང༌། ད་དུང་ཁེ་ར་དང་ཏི་རྫུ་གཞིས་ཆགས་གཉིས་བཅས་ལ་རིམ་བཞིན་འབུལ་རྒྱུ་ཡིན།
༥ རྫས་སྦྱོར་མེད་པའི་ལུད་རིགས་གསོག་འཇོག
སོ་ནམ་གཞིས་ཆགས་ཆེ་ཁག་བཅིུས་དང་ཆུང་ཁག་གསུམ་བཅས་ཀྱི་སོ་ནམ་སློབ་སྟོན་པ་དང་ཞིང་པ་མང་ཚོགས་ལ་ལུད་སྦྱོར་བཟོ་སྟངས་སྦྱོང་བརྡར་དང་དཔེ་མཚོན་བཟོ་བསྐྲུན། དེ་བཞིན་སོ་ནམ་ཞིང་པ་དོ་དབྱིངས་ཅན་གྲངས་ ༢༣༤༩ ཙམ་ལ་ན་རྡིབ་ལུད་སྒྲོམ་གྲངས་ ༦༢༦ དང༌། ས་སྟེང་ལུད་སྒྲོམ་གྲངས་ ༡༥༢༤ འབུ་ལུད་སྒྲོམ་གྲངས་ ༡༤༢ ཁང་བཅད་གསུམ་ལྡན་ལུད་སྒྲོམ་གྲངས་ ༥༧ བཅས་ཀྱི་ལུད་སྒྲོམ་དང་ས་འབུའི་མཐེུན་བསྐྲུན་ཐུབ་ཡོད།
༦ སྟོན་ཐོག་སྲུང་སྐྱོབ།
གཞིས་ཆགས་འགའ་ཤས་སུ་སྟོན་ཐོག་ལ་རི་དྭགས་ཀྱིས་གནོད་སྐྱོན་ཚབས་ཆེ་གཏོང་གི་ཡོད་སྟབས་གཞིས་ཆགས་ཀྱི་ས་མཚམས་ཁག་ལ་རྭ་བ་དང་ས་དོང༌། ཆུ་ཡུར་དང་འགྲོ་ཟམ། ཆུ་རགས་བཅས་གསར་བཟོ་བྱས་ཏེ་ཀོ་ལི་གྷལ་དོན་ལྡན་གླིང་དང༌། སྦེལ་ཀོབ་ནང་སྲིད་ཞིང་འབྲོག་གཉིས་སུ་ལས་འཆར་སྤེལ་ཡོད།
ཁ གྲུབ་འབྲས་ཇི་བྱུང༌།
སྲོལ་རྒྱུན་རང་བཞིན་དང་སྐྱེ་ལྡན་སོ་ནམ་གྱི་ལས་གཞིའི་སྲིད་བྱུས་གཏན་འབེབས་ལྟར་རྫས་སྦྱོར་གྱི་གནོད་སྐྱོན་དང༌། སྐྱེ་ལྡན་སོ་ནམ་གྱི་ཕན་ཡོན་སྐོར་ཡང་ཡང་གསལ་བསྒྲགས་དང༌། སྐྱེ་ལྡན་སོ་ནམ་གྱི་ཁྱད་མཁས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང༌། བགྲོ་གླེང་ཚོགས་འདུ། དཔེ་མཚོན་འདེབས་ལས། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམས་ལའང་སྐྱེ་ལྡན་སོ་ནམ་གྱི་ཟབ་སྦྱོང་སོགས་ཐབས་བརྒྱ་བྱུས་སྟོང་བྱས་འབྲས་སུ་ད་ཆ་གཞིས་མི་ཕལ་མོ་ཆེར་སྲོལ་རྒྱུན་སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་གོ་རྟོགས་སྔར་ལྷག་སྤེལ་ཐུབ་པས་མ་ཚད། ས་བཅུད་བརྟག་དཔྱད་དང༌། ས་ཆུ་བདག་གཅེས་ཀྱི་ལས་གཞི། སྟོན་བརྗེ་བརྒྱབ་རྒྱུ་སོགས་གལ་ཆེན་ཡིན་པའི་གོ་རྟོགས་དང༌། དོ་སྣང་ལོ་རེ་ནས་ལོ་རེར་ཇེ་མང་འགྲོ་དང་འགྲོ་མུས་སུ་ཡིན།
ཀོ་ལི་གྷལ་དོན་ལྡན་གླིང་དཔེ་སྟོན་གཞིས་ཆགས་སུ་ཐག་གཅོད་བྱུང་བ་བཞིན་སྔ་ལོ་གྲོང་སྡེ་སི་ཆ་ཚང་ལ་ཞིང་ས་ཨེ་ཀར་ ༡༠༨ ཀྱི་ཁར་གྲོང་སྡེ་གཞན་པ་ཁག་ནས་ཁ་འཐོར་ས་ཆ་ཨེ་ཀར་ ༡༢༦ བཅས་སྐྱེ་ལྡན་དུ་བསྒྱུར་ཟིན་པ་དང༌། འདི་ལོ་གྲོང་སྡེ་སིའི་ཁར་ཨེལ་དང་ཇི་བཅས་གྲོང་སྡེ་གསུམ་ལ་ཁྱོན་བསྡོམས་ཞིང་ས་ཨེ་ཀར་ ༣༥༠ དང་ཐོར་བུ་འདེབས་ལས་བྱེད་མི་ཨེ་ཀར་གྲངས་ ༡༢༠ བཅས་ཁྱོན་བསྡོམས་ཨེ་ཀར་གྲངས་ ༤༧༠ ཙམ་སྐྱེ་ལྡན་དུ་བསྒྱུར་རྒྱུ་བཅས་གྲུབ་འབྲས་འདོད་བློ་ཁེངས་ངེས་བྱུང་བ་བཅས།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
དཔལ་ལྡན་བཀའ་ཤག་ནས་མི་མང་གི་འཚོ་ཐབས་ཡར་རྒྱས་འགྲོ་བའི་ཆེད་དུ་གཞིས་ཆགས་ཁག་གི་སོ་ནམ་འདེབས་ལས་སོགས་ལས་གཞི་འཛུགས་སྐྲུན་གནང་བ་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྲོལ་རྒྱུན་འདེབས་ལས་ལས་སྟོན་འབྲས་བྱུང་བ་དེ་ཚོ་གཙོ་བོ་ཁྲོམ་རྭའི་ཐོག་ལ་གནས་སྟངས་ག་འདྲ་དང་ཞིབ་འཇུག་ཇི་གནང་གི་སྐོར་དེ་ཤེས་འདོད་བྱུང༌། ལྷག་པར་དུ་ཧར་པ་སྤུར་འདོད་རྒུ་གླིང་ལ་མཚོན་ན་ཨེ་ཀར་ ༨༠ ཙམ་ཞིག་ནང་ཚལ་ཞིང་སྟོན་འབྲས་འདེབས་ཀྱི་ཡོད་རེད། ཧར་པ་སྤུར་གྱི་གཡས་གཡོན་དུ་ཡོད་པའི་སེ་ལ་ཀུའི་སློབ་གྲྭ་དང་བོད་མིའི་སྡོད་གནས་ཁག་ཏུ་གང་བཏབ་པ་དེ་ཁྲོམ་རྭ་བཟོས་ན་བོད་མི་ཚོས་སྒོར་མོ་བཅུ་བཅོ་ལྔ་ལ་དགོངས་པ་མ་བཞེས་པར་རྒྱལ་ཁབ་དང་མི་རིགས་ལ་དགོངས་པ་བཞེས་རྒྱུའི་ལམ་སྟོན་གནང་ཐུབ་པ་ཡིན་ན་ཏན་ཏན་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོང་ས་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་འདུག ཨོ་རི་ས་ལ་འབྲས་ལྡན་གྱི་ཤིང་སྣ་འདེབས་འཛུགས་བྱས་པ་དེ་འབུམ་གཅིག་ཙམ་དང་འབྲས་ལྡན་ཡིན་པ་དེ་ཉིས་འབུམ་ཙམ་ཞིག་བྱུང་འདུག ད་ལྟ་ཡོད་གསུངས་པ་དེ་ཕར་བཏབ་པའི་གྲངས་ཀ་དེ་རེད་དམ། ཡང་ན་བཏབ་པ་དག་ལས་སྐྱེས་བསྡད་པ་དག་གི་གྲངས་ཀ་དེ་གསུང་གི་ཡོད་རེད། གལ་ཏེ་ཕར་བཏབ་པའི་གྲངས་ཀ་དེ་གསུངས་པ་ཡིན་ན་ད་ལྟ་དངོས་ཡོད་སྐྱེས་བསྡད་པའི་བརྒྱ་ཆ་ག་ཚོད་བྱུང་ཡོད་དམ།
དེ་དང་ཕྱོགས་འདྲ་བའི་ལོ་བཅུ་ཕྲག་གཅིག་ཙམ་གྱི་སྔོན་ལ་སྦིར་གཞིས་འགོ་ཞིག་ལ་ཇ་ཤིང་གི་ས་ཆ་ཆེན་པོ་ཞིག་མཐོང་སོང༌། དེའི་ཐོག་འབྲས་ལྡན་གྱི་ཤིང་བཏབ་ཐུབ་ན་ཡག་པོ་ཡོད་པ་བཤད་རྒྱུ་བྱུང༌། སྦིར་གཞིས་ཆགས་ཀྱི་ཇ་ཤིང་དེར་དེ་འདྲའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་འཆར་དེ་འདྲ་ད་ལྟ་བྱུང་ཡོད་རེད་དམ་མ་རེད། དེ་འདྲ་བྱུང་བ་ཡིན་ན་སྦིར་ཁུལ་གྱི་ན་གཞོན་ཚོ་ལ་ལས་ཀའི་གོ་སྐབས་སྤྲད་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་པ་དེ་འདྲ་བྱུང༌།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་ཟ་འབྲུ་དང་ཚལ་རིགས་དེ་ཚོའི་ཁྲོམ་རྭ་ག་འདྲ་ཞིག་འཚོལ་གྱི་ཡོད་ཅེས་བཀའ་གནང་བའི་ཐད། དེ་སྔོན་ཁ་ཐོར་དྭང་བླངས་ཀྱིས་བཏབ་པའི་སྐྱེ་ལྡན་སྟོན་ཐོག་དེ་ཚོ་བཙན་བྱོལ་གཞུང་གིས་ཁྲོམ་རྭ་བཙལ་རྒྱུའི་ལས་གཞི་སྤེལ་ཐུབ་པ་བྱུང་མེད། ད་ཆ་གཞུང་གི་ཐད་ཀའི་ལྟ་རྟོག་འོག་དཔེ་སྟོན་གཞིས་ཆགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་སྔ་ལོ་གྲོང་སྡེ་གཅིག་དང༌། འདི་ལོ་གྲོང་སྡེ་གསུམ་གྱི་ནང་ཞིང་ས་ཡོངས་རྫོགས་སྐྱེ་ལྡན་དུ་བསྒྱུར་རྒྱུའི་ལས་གཞི་དེའི་འོག་ནས་ཐོན་པའི་འབྲུ་རིགས་དེ་ཚོ་ཞིང་པ་སོ་སོས་ཁྲོམ་རྭ་བཙལ་ཐུབ་ན་སྨོས་མེད་དང༌། མ་ཐུབ་ཚེ་གཞུང་གིས་འགན་ལེན་ཞུ་རྒྱུ་ཞུས་ཡོད། སྔ་ལོ་གྲོང་སྡེ་གཅིག་དང་ཁ་ཐོར་བསྡོམས་ས་ཆ་ཨེ་ཀར་ ༣༠༠ ལྷག་ཙམ་ལས་ཐོན་པའི་སྐྱེ་ལྡན་འབྲུ་རིགས་དེ་ཚོ་འདི་ལོ་གསར་འདེབས་བྱེད་མཁན་ཚོའི་སོན་འབྲུའི་ཆེད་དུ་མཉམ་འབྲེལ་གྱིས་ཉོ་སྒྲུབ་བྱེད་རྒྱུ་རེད། ལོ་གཉིས་གསུམ་ཞིག་གི་རིང་སོན་འབྲུ་རང་གི་ཆེད་དུ་བདག་འགྲོ་ས་རེད། ལོ་རེ་བཞིན་སྐྱེ་ལྡན་སོ་ནམ་འདེབས་ལས་བྱེད་མཁན་ཞིང་པ་གསར་པ་མང་པོ་ཡོང་གི་ཡོད་པས་སོན་འབྲུའི་དགོས་མཁོ་ཡོང་རྒྱུ་གཏན་འཁེལ་བ་རེད།
ང་ཚོའི་ཕུགས་དམིགས་ནི་ཞིང་པ་མི་ཚང་སོ་སོའི་སོན་འབྲུ་རང་གི་སྟོན་འབྲས་ནས་ཐོན་པ་བྱས་ཏེ་སོན་ཉོ་མི་དགོས་པ་ཞིག་ཡོང་དགོས་ཀྱི་རེད། དེའི་ཆེད་དུ་ཞིང་པ་ཚང་མར་སོན་འབྲུ་བདག་གཅེས་བྱེད་སྟངས་སྦྱོང་བདར་སྤྲོད་ཀྱི་ཡོད། ཡིན་ནའང་ལས་གཞི་ཆ་ཚང་མ་གྲུབ་བར་མཉམ་འབྲེལ་གྱིས་སོན་ཉོ་སྒྲུབ་བྱེད་དགོས་རྒྱུ་ཡིན་ཙང༌། ད་ལྟ་དཔེ་སྟོན་གཞིས་ཆགས་ཀྱི་ནང་ནས་ཐོན་པའི་འབྲུ་རིགས་དེ་ཚོ་ལོ་ཁ་ཤས་རིང་གཞིས་ཆགས་གཞན་གྱི་སོན་འབྲུའི་ཆེད་དུ་དགོས་ཀྱི་འདུག གཞིས་ཆགས་ཡོངས་རྫོགས་སྐྱེ་ལྡན་ཐོག་བསྒྱུར་ཟིན་རྗེས་ཞིང་པ་སོ་སོས་ཟ་འབྲུ་དང་སོན་འབྲུ་ཟུར་བཅད་བྱས་པའི་རྗེས་ལྷག་འཕྲོས་ཕྱི་ཚོང་བྱེད་རྒྱུ་ཡོད་པ་ཡོང་བའི་སྐབས་སུ་ཁྲོམ་རྭ་མི་རྙེད་པའི་དྭོགས་པ་མེད། སྤྱི་མཐུན་མཉམ་འབྲེལ་གྱི་བརྒྱུད་ནས་ཕྱི་ཚོང་ཐུབ་པའི་ཡིད་ཆེས་ཡོད། ཐོན་སྐྱེད་རྣམས་སྐྱེ་ལྡན་གཙང་མ་ཡིན་པའི་ངོ་སྦྱོར་ལག་འཁྱེར་ཞིག་དགོས་ཀྱི་ཡོད་པ་ལྟར་ཀོ་ལི་གྷལ་ནས་འགོ་འཛུགས་ཀྱིས་བོད་མིའི་སོ་ནམ་གཞིས་ཆགས་ཡོངས་རྫོགས་ཀྱི་ཆེད་ནང་སྲིད་ནས་གཏན་ལ་ཕབ་པའི་མཚོན་རྟགས་གཅིག་གི་ཐོག་ལག་འཁྱེར་སྤྲོད་མཁན་སྡེ་ཚན་གཅིག་ནས་བླང་རྒྱུ་དང༌། དེའང་ད་ལོ་ནས་འགོ་འཛུགས་ཐུབ་པ་ཡོང་ཆེད་སྔ་ལོ་བསྒྱུར་བཅོས་ཀྱི་ལོ་ལ་བརྩི་ཐུབ་པ་བྱུང་ཡོད། ལག་འཁྱེར་འདིའི་འོག་ནས་རྒྱ་གར་དང་ཕྱི་རྒྱལ་ཁག་ལ་ཚོང་རྒྱུའི་དཀའ་ངལ་ཡོང་གི་མ་རེད། ད་ལྟ་བོད་མིའི་སློབ་གྲྭ་ཁ་ཤས་ཀྱི་ནང་ཟས་བཅུད་ཀྱི་ཆེད་སྐྱེ་ལྡན་ཟ་འབྲུ་བེད་སྤྱོད་གཏོང་བའི་ལས་གཞི་འགྲོ་བཞིན་པ་རེད། འབྱུང་འགྱུར་ང་ཚོའི་གཞིས་ཆགས་ཁག་གི་ཐོན་སྐྱེད་དེ་ཚོར་ས་ཐག་རིང་བའི་བདལ་གླ་ཆེ་ཙམ་འགྲོ་རྒྱུའང་འོར་འདྲེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ལྟ་གྲུབ་ཀྱི་ཆ་ནས་བལྟས་ན་བོད་པའི་ཐོག་སྐྱེད་བོད་མི་རང་ལ་མཁོ་སྤྲོད་ཐུབ་པ་བྱུང་ན་ཧ་ཅང་དགེ་མཚན་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལག་བསྟར་སྐབས་ལས་སླ་པོ་མི་འདུག ས་གནས་མང་པོ་ཞིག་གི་སློབ་གྲྭ་དང་དགོན་པ་ལྟ་བུའི་སྒྲིག་འཛུགས་ཆེ་ཁག་གིས་བོད་པའི་ཐོན་སྐྱེད་ཀྱི་ཟ་འབྲུ་དང་སྔོ་ཚོད་སོགས་མཁོ་སྒྲུབ་གནང་རྒྱུར་ཐུགས་འདོད་གནང་གི་མི་འདུག རྒྱུ་མཚན་གང་ཡིན་མ་ཤེས་ཀྱང་མཉམ་འབྲེལ་མང་པོར་དེ་འདྲའི་དཀའ་ངལ་བྱུང་འདུག འོན་ཀྱང་ད་དུང་འབད་བརྩོན་ཞུ་རྒྱུ་ཡིན།
འབྲས་ལྡན་དང་འབྲས་མེད་ཀྱི་ཤིང་འབྲས་བཏབ་པའི་གྲངས་ཀ་གོང་དུ་ཞུས་པ་དེ་བཏབ་པ་རང་གི་གྲངས་ཀ་རེད། འོན་ཀྱང་དེ་ཚོ་མང་ཆེ་བ་ལམ་ཟུར་དང་ས་སྟོང་ལྟ་བུར་མ་ཡིན་པར་ཞིང་ཁའི་མུ་ཚིགས་དང་ལྡུམ་རྭ་ཟུར་བཅད་ཀྱི་ནང་བཏབ་པ་ཡིན་ཙང༌། ཆུད་ཟོས་མང་པོ་འགྲོ་གཞི་མི་འདུག ཚོད་དཔག་བྱེད་ན་བརྒྱ་ཆ་བརྒྱད་ཅུ་ནས་བརྒྱད་ཅུ་གྱ་ལྔའི་བར་འཚོ་གནས་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། ཤིང་སྡོང་ཁ་ཤས་གང་ཙམ་ཆེན་པོ་ཆགས་སྐབས་བར་ཐག་ཉེ་བའི་དབང་གིས་ཁ་ཤས་བཅད་དགོས་པའི་གནས་ཚུལ་ཡོང་གི་འདུག
སྦིར་གཞིས་ཆགས་ཀྱི་གཡས་གཡོན་དུ་ཡོད་པའི་ཇ་ཤིང་ནང་ཤིང་འབྲས་འདེབས་རྒྱུའི་ལས་འཆར་ཞུས་ཡོད་དམ། མེད་ན་མ་འོངས་པར་དེ་འདྲའི་ལས་གཞི་བརྩམ་གྱི་རེད་དམ་ཞེས་གསུངས་པའི་ཐད། ས་གནས་ནས་ལས་གཞི་ཞུས་པ་བྱུང་མི་འདུག ང་ཚོས་ད་ལྟ་ས་ཆའི་གནས་སྟངས་ཇི་བཞིན་མ་ཤེས་པ་ཡིན་ཙང་སྐྱེ་ཤིང་འདེབས་འཛུགས་ཀྱི་ལས་གཞི་སྤེལ་གྱི་ཡིན་མིན་ཐག་བཅད་དེ་ཞུ་ཐུབ་ཀྱི་མི་འདུག ཞིབ་འཇུག་བྱས་རྗེས་གཞིས་མིའི་མོས་མཐུན་བྱུང་ན་ལས་གཞི་སྤེལ་ཆོག་གི་རེད།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
བོད་མི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཆེད་ས་ཆུ་བདག་གཅེས་དང་ཞིང་ཆུ་འདྲེན་གཏོང་ལ་སོགས་པ་གང་ཅིའི་ཐོག་ལ་རང་གཞུང་ནས་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་དུས་དེ་ལས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་ཐུགས་བློ་ཁེངས་པ་ཞིག་བྱུང་ཡོད་དམ་མེད། གལ་ཏེ་ཐུགས་བློ་ཁེངས་པ་ཞིག་བྱུང་མེད་པ་ཡིན་ན། ག་འདྲ་ཞིག་གི་ཐོག་ལ་ཐུགས་བློ་ཁེངས་པ་བྱུང་མ་སོང༌།
བཀའ་ལན།
དྲི་བ་དེ་ལ་ལན་ཧ་ཅང་ཞུ་ཁག་པོ་འདུག ང་རང་རྒྱ་གར་སླེབས་ནས་ད་བར་ལོ་བཞི་བཅུ་ཞེ་ལྔ་ལྷག་གི་རིང་སྤྱི་ཚོགས་དང་གཞུང་གི་སྲི་ཞུ་བ་བྱས་ནས་བསྡད་པ་རེད། དེའི་རིང་ང་རང་འདོད་བློ་ཁེངས་པའི་ལས་ཀ་གཅིག་ཀྱང་བྱུང་མ་སོང༌། དྲང་པོ་བྱས་ནས་ཞུས་པ་ཡིན་ན་ལས་ཀ་འདི་ངའི་བསམ་པ་ནང་བཞིན་འགྲུབ་སོང་བསམ་པ་ཞིག་ད་ལྟ་ཕན་ཆད་ལ་གཅིག་ཀྱང་བྱུང་མ་མྱོང༌། ཤེས་ཡོན་དང༌། འཛུགས་སྐྲུན། སྲིད་བྱུས་སོགས་གང་གི་ཐོག་ལ་ཡིན་ནའང་སོ་སོའི་བསམ་པ་ནང་བཞིན་འགྲུབ་པ་ཞིག་གང་ཡང་བྱུང་མི་འདུག དེ་འདྲ་ཡིན་ཙང་འདོད་བློ་ཁེངས་པ་བྱུང་སོང་ཞེས་ཞུས་པ་ཡིན་ན་བདེན་པ་ཆགས་ཀྱི་མ་རེད། ཡིན་ནའང་དེང་སང་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཀྱི་ཆ་ནས་བྱས་པ་ཡིན་ན་འདོད་བློ་ཁེངས་པ་བྱུང་སོང་ཞེས་བཤད་ནའང་མ་འགྲིག་པ་ཡོད་ཀྱི་མ་རེད། སྤྱིར་བཏང་ལས་གཞི་འདི་འགྱུར་བ་ཆེན་པོ་ཞིག་རེད། ལོ་བཞི་བཅུ་ཞེ་གྲངས་ཀྱི་རིང་ལ་མིའི་བསམ་བློའི་ནང་བག་ཆགས་གཏིང་ཟབ་ཐེབས་ཟིན་པའི་གནད་དོན་ཞིག་ལ་འགྱུར་བ་བཏང་དགོས་པ་ཡིན་དུས་ས་ཆའི་ཐོག་ལ་འགྱུར་བ་གཏང་རྒྱུ་ལས་མིའི་བསམ་བློ་འགྱུར་བ་གཏང་རྒྱུ་ཧ་ཅང་དཀའ་བ་རེད་འདུག མིའི་བསམ་བློ་འགྱུར་བ་བཏང་ཐུབ་ན་ས་ཆའི་ཐོག་འགྱུར་བ་གཏང་རྒྱུ་ལས་སླ་པོ་རེད། ལོ་དང་པོ་གཉིས་པའི་དཀའ་ངལ་ལ་གཞིགས་པ་ཡིན་ན། ད་ལྟའི་གནས་སྐབས་སུ་འཛིན་སྐྱོང་གི་ལས་བྱེད་དང༌། ཞིང་པ། ས་གནས་སྣེ་མོ་བ་སོགས་ཚང་མར་ལས་གཞི་འདི་རྫུན་གཏམ་རེད་མི་འདུག ཡོང་རྒྱུ་ཡོད་པ་ཞིག་རེད་འདུག་སྙམ་པའི་ངེས་པ་རིམ་པས་རྙེད་ཡོང་གི་འདུག དེ་འདྲ་སོང་ཙང་འདོད་བློ་ཁེངས་པ་བྱུང་སོང་ཞེས་ཞུས་ན་འགྲིག་གི་རེད་བསམ་གྱི་ཡོད།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
ད་ལྟ་དེ་ནས་མར་བཀའ་གནང་ཡོང་དུས། ཧར་པ་སྤུར་འདོད་རྒུ་གཡུ་རྒྱལ་གླིང་ཁེ་ར་གཞིས་ཆགས་སུ་ཞིང་ས་ཨེ་ཀར་ ༨༠ དང་ཌེ་ཌོན་བཀྲིས་འཁྱིལ་ལ་ཨེ་ཀར་ ༡༨ བཅས་ལ་ཞིང་ཆུ་འདྲེན་གཏོང་ཆེད་ས་འོག་ཆུ་འཐེན་ཁྲོམ་པ་དང༌། ཆུ་སྤམ་གསར་འཛུགས། དེ་བཞིན་ཆུ་ཡུར་གསར་བཟོ་དང༌། ད་ལྟའི་ཆར་ཞིང་ས་གང་ཙམ་ཞིག་ལ་ཚལ་རིགས་དང་སྟོན་ཐོག་ཐེངས་གཉིས་ཙམ་འདེབས་ལས་བྱས་ནས་ཕན་ཐོགས་བྱུང་ཡོད་གསུངས་འདུག ངས་དྭོགས་འདྲི་ཞུ་རྒྱུ་ལ། ད་ལྟ་བཀྲིས་འཁྱིལ་ལ་ས་ཨེ་ཀར་ ༡༨ ཡོད་གསུངས་འདུག ལྡེ་ར་ལྡུན་དོན་གྲུབ་གླིང་ལ་བཀྲིས་སྒོ་མང་ཟེར་བའི་དགོན་པ་ཞིག་ཡོད་རེད། དེ་ཡིན་ནམ། ཡང་ན་ལོགས་སུ་ལྡེ་ར་ལྡུན་ཁུལ་དུ་བཀྲིས་འཁྱིལ་ཟེར་བའི་གཞིས་ཆགས་ཤིག་ཡོད་རེད། དེ་གཉིས་གང་ཡིན་ནམ།

བཀའ་ལན།
དོན་གྲུབ་གླིང་གཞིས་ཆགས་སུ་ཡོད་པའི་དགོན་པ་དེ་རང་རེད། ནང་སྲིད་ཀྱི་ཡིག་ཆའི་ནང་བཀྲིས་འཁྱིལ་ཞེས་འཁོད་འདུག དེ་བཀྲིས་འཁྱིལ་དང་བཀྲིས་སྒོ་མང་ནོར་ཡོད་པ་ཡིན་ན་ནོར་བཅོས་ཞུས་ཆོག་པ་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
ད་ལྟ་བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཐོག་ལ་རྩིས་ལོ་ ༢༠༠༣།༢༠༠༤ དང་ ༢༠༠༤།༢༠༠༥ ༢༠༠༥།༢༠༠༦ ནང་ལ་འབུམ་ ༣༤༢ བཀའ་འཁྲོལ་ཐོབ་པའི་ཐོག་ལ་དྲི་བ་ཞིག་ཞུ་རྒྱུ་ཡིན། དེ་བཀའ་འཁྲོལ་ཐོབ་པ་བཞིན་ལས་གཞི་རེ་རེ་བཞིན་འགྲོ་སོང་བཏང་ཐུབ་ཡོད་རེད་དམ་མ་རེད། དེའི་ངོ་སོང་ག་ཚོད་བྱུང་ཡོད་དམ། ལས་གཞི་འགོ་བཙུགས་མ་ཐུབ་པ་ཁག་ག་ཚོད་ཡོད་དམ།
བཀའ་ལན།
བཀའ་འཁྲོལ་གནང་བའི་དངུལ་འབོར་ཡོངས་སུ་རྫོགས་པ་འགྲོ་སོང་ཕྱིན་ཟིན་པ་རེད་ཅེས་ཞུས་ནའང་འགྲིག་གི་འདུག ལོ་ཁམས་སོ་སོའི་ནང་ཏག་ཏག་མ་ཕྱྀན་པ་རེ་གཉིས་ཙམ་བྱུང་འདུག་ཀྱང༌། དེ་ལོ་རྗེས་མའི་ནང་ལས་གཞི་མཇུག་སྐྱོང་བྱེད་པའི་སྐབས་འགྲོ་སོང་བཏང་ཟིན་པས་ད་ལྟའི་གནས་སྐབས་སུ་བཀའ་འཁྲོལ་གནང་བའི་དངུལ་འབོར་འགྲོ་སོང་བཏང་མ་ཐུབ་པར་ལྷག་པ་མེད་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
དང་པོ་ཀོ་ལེ་གྷལ་དཔེ་སྟོན་གཞིས་ཆགས་བཟོ་ས་དེར་ས་ཆ་ཨེ་ཀར་ ༡༠༨ བྱས་པ་ཞིག་དང༌། ༡༢༦ བྱས་པ་ཞིག་བཅས་བསྡོམས་ ༢༣༤ ལ་སྐྱེ་ལྡན་དང་རྫས་ལུད་མེད་པའི་སོ་ནམ་འདེབས་ལས་སུ་བསྒྱུར་ཟིན་པ་ཡིན་ཞེས་གསུངས་འདུག དེའི་ནང་ལ་སྟོན་ཐོག་གི་རྣམ་གྲངས་གང་དང་གང་བཏབ་ཡོད་དམ། ཐོན་འབབ་ག་འདྲ་ཞིག་བྱུང་ཡོད། སོན་རྩ་དེ་རྗེས་མ་ཉར་གྱི་ཡིན་གསུངས་སོང༌། སོན་རྩ་ཉར་རྗེས་ལྷག་མ་མར་བཙོང་རྒྱུ་དེ་འདྲ་ཆགས་ཀྱི་ཡོད་དམ།
གཉིས་པའི་ཐོག་ལ་ཀོ་ལེ་གྷལ་གཞིས་ཆགས་ལ་དཔེ་སྟོན་གཞིས་ཆགས་ཀྱི་ལས་གཞི་དངོས་སུ་སྤེལ་གྱི་ཡོད་ཙང༌། དེའི་ནང་ལ་དཀའ་ངལ་གཙོ་བོ་ག་རེ་འཕྲད་ཀྱི་ཡོད་དམ། དེ་ནས་འདིའི་ནང་ལ་བ་ཕྱུགས་མེད་རིགས་ལ་ཡུལ་གྱི་སྒོ་ཕྱུགས་ཞེས་གསུངས་འདུག དེ་བ་ཕྱུགས་རང་ཡིན་ནམ། ཡང་ཡུལ་གྱི་སྒོ་ཕྱུགས་ཞེས་ལབ་དུས་དེ་ག་འདྲ་ཞིག་ཡིན་ནམ། དེ་ནས་ས་ཆུ་བདག་གཅེས་ཀྱི་ལས་གཞི་དེ་མེའོ་ཆོས་འཕེལ་གླིང་དང་ཏི་རྫུ་དར་རྒྱས་གླིང་སོགས་ལ་གནང་གྲུབ་འདུག དེ་བཞིན་ལྷོ་ཕྱོགས་གཞིས་ཆགས་ལྔ་ལ་ད་ལྟ་སྤེལ་དང་སྤེལ་མུས་ཡིན་དུས། དེ་མུ་མཐུད་དེ་གཞིས་ཆགས་ཁག་ཚང་མ་ལ་སྤེལ་རྒྱུའི་དགོངས་བཞེད་ཡོད་དམ།

བཀའ་ལན།
སྟོན་ཐོག་རྣམ་གྲངས་དང་པོ་ ༡༣ དང༌། རྗེས་སུ་ ༥ བསྣན་ཏེ་ཁྱོན་ ༡༨ བཏབ་ཡོད་འདུག དེ་ཚོ་རེ་རེ་བཞིན་མིང་ད་ལྟ་ཞུས་ཐུབ་ཀྱི་མི་འདུག བཀུར་འོས་སྤྱི་འཐུས་མཆོག་ལ་ཐུགས་མཁོ་ཡོད་ན་རྗེས་སུ་ཡིག་ཐོག་ནས་འབུལ་ཆོག་པ་ཞུ་རྒྱུ་ཡིན།
ཡང་སྟོན་འབབ་གང་ཐོན་སོན་འབྲུ་ལ་དགོས་ཀྱི་མ་རེད། ལྷག་གི་རེད། དེ་ཚོ་བཙོང་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། ད་ལོ་ཕལ་ཆེར་ལྷག་ས་མ་རེད། གནས་ཚུལ་འདི་ཀོ་ལེ་གྷལ་དོན་ལྡན་གླིང་ཁོ་ནའི་སྐོར་ཞུས་པ་ཡིན། ལར་ནས་སྐྱེ་ལྡན་སོ་ནམ་གྱི་འདེབས་ལས་བྱེད་སྐབས་ཞིང་པ་སོ་སོའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། སོ་ནམ་པ་ཡིན་པའི་ཆ་ནས་སོ་སོའི་ཟ་འབྲུ་གང་ཡིན་ཁྲོམ་ནས་ཉོ་མ་དགོས་པར་རང་གི་ཐོན་སྐྱེད་ནས་འདང་བ་ཞིག་དགོས་ཀྱི་རེད། སོ་ནམ་པ་ཡིན་པ་གང་ཞིག་ལ་རྒྱུན་དུ་འབྲས་དང་གྲོ་ཞིབ་དཱལ་སོགས་ཁྲོམ་ནས་ཉོ་དགོས་བྱུང་ན་ཞིང་པ་ཡིན་པའི་མཚན་ཉིད་མ་ཚང་བ་རེད། དེ་འདྲ་སོང་ཙང་མི་ཚང་སོ་སོའི་སྟོན་འབབ་ཐོན་སྐྱེད་ཀྱི་ནང་ནས་རང་གི་ཁྱིམ་ཚང་གི་ལོ་འཁོར་གཅིག་གི་ཟ་འབྲུ་འདང་ངེས་བདག་ཉར་དགོས་པའི་ཐོག་སོ་སོའི་ཞིང་ཁའི་ནང་ལོ་རྗེས་མ་འདེབས་རྒྱུའི་སོན་འབྲུའང་ཆ་ཚང་བདག་ཉར་བྱེད་དགོས་པ་ཞིང་པའི་ལས་འགན་དང་པོ་དེ་རེད། དེའི་རྗེས་ལྷག་པ་རྣམས་གོང་དུ་ཞུས་པ་བཞིན་ད་ལྟའི་གནས་སྐབས་སུ་གྲོང་སྡེ་གཞན་དག་སྐྱེ་ལྡན་དུ་བསྒྱུར་རྒྱུའི་ཆེད་སོན་འབྲུའི་དགོས་མཁོ་ཤུགས་ཆེ་ཡོད་སྟབས། ད་ལོའི་ཐོན་སྐྱེད་ལྷག་མ་རྣམས་མཉམ་འབྲེལ་ལ་སོན་འབྲུའི་ཆེད་བཙོངས་པ་མ་གཏོགས་ཕྱིའི་ཁྲོམ་རྭའི་ནང་བཙོང་རྒྱུ་ཡོང་ས་མ་རེད་ཅེས་ཞུ་རྒྱུ་ཡིན།
ཡང་བཀུར་འོས་སྤྱི་འཐུས་མཆོག་གིས་དཀའ་ངལ་ཆེ་ཤོས་གང་ཕྲད་ཡོད་དམ་ཞེས་བཀའ་གནང་བའི་ཐད། དང་ཐོག་འགྱུར་བ་དེ་འདྲ་ཞིག་བཏང་བ་ཡིན་ན་ཐོན་འབབ་ཉུང་དུ་འགྲོ་རྒྱུ་དང༌། དེའི་གྱོང་གུན་བསབ་ཐུབ་ཨེ་ཡོང་སྙམ་པའི་བསམ་བློའི་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་རེད། སྐབས་དེར་རྫས་སྦྱོར་དང་སྐྱེ་ལྡན་སོ་ནམ་བར་གྱི་འགྲོ་སོང་དང༌། ཡོང་འབབ་གཉིས་ཀ་མཚུངས་བསྡུར་ཞིབ་རྩིས་བྱས་པའི་རྗེས་དངོས་དོན་གྱོང་གུན་ཕོག་པ་ཡིན་ན་གཞུང་གིས་གུན་གསབ་སྤྲད་རྒྱུའི་ཆ་རྐྱེན་བཟོ་དགོས་བྱུང་བ་རེད། དེའི་རྗེས་དངོས་སུ་ལག་ལེན་བསྟར་སྐབས་དཀའ་ངལ་གང་ཡང་འཕྲད་མ་སོང༌། ང་ཚོར་སློབ་སྟོན་གནང་མཁན་དེ་ཚོས་ལས་ཀ་ཧུར་ཐག་བྱས་སོང༌། དཀའ་ངལ་མི་འདུག་ཅེས་གསུང་གི་འདུག
བ་ཕྱུགས་མེད་རིགས་ལ་ཡུལ་གྱི་སྒོ་ཕྱུགས་སྤྲད་པ་ཡིན་ཞེས་འཁོད་འདུག དེ་ག་རེ་རེད་ཅེས་བཀའ་བརྩད་ཕེབས་པའི་ཐད། དེ་སྔོན་བ་ཕྱུགས་ཉར་མཁན་མང་ཆེ་བས་རིགས་འདྲེས་པའི་བ་ཕྱུགས་གསོ་ཉར་བྱས་པ་མ་གཏོགས། ས་ཁུལ་གྱི་རིགས་གཙང་གི་བ་ཕྱུགས་ཉར་མཁན་ཧ་ཅང་དཀོན་པོ་རེད། གང་ལགས་ཟེར་ན། འོ་མ་ཁོ་ནའི་དོན་དུ་བ་ཕྱུགས་ཉར་གྱི་ཡོད་པ་རེད། ཡུལ་གྱི་བ་ཕྱུགས་ཞེས་པ་ས་གནས་སོ་སོའི་གྲོང་གསེབ་ནས་ཐོན་པའི་རིགས་གཙང་མའི་བ་ཕྱུགས་དེ་རིགས་སྤྲད་པ་རེད། དེ་ནི་འོ་མའི་ཆེད་མ་ཡིན་པར་སྦྱར་ལུད་བཟོ་རྒྱུའི་ཆེད་དུ་རེད། རིགས་འདྲེས་བ་ཕྱུགས་ཀྱི་ལྕི་བས་སྦྱར་ལུད་ཤུགས་དང་ལྡན་པ་ཞིག་བཟོ་ཐུབ་ཀྱི་ཡོད་པ་མ་རེད། གཞན་ཕར་བཞག་འབུ་ལུད་བཟོ་མཁན་ཚོས་རིགས་འདྲེས་བ་ཕྱུགས་ཀྱི་ལྕྀ་བ་དང༌། ཡུལ་གྱི་རིགས་གཙང་གི་བ་ཕྱུགས་ཀྱི་ལྕི་བ་གཉིས་མཉམ་དུ་ཡོད་ནའང་ས་འབུས་ཡུལ་གྱི་བ་ཕྱུགས་ཀྱི་ལྕི་བ་མ་གཏོགས་རིགས་འདྲེས་བ་ཕྱུགས་ཀྱི་ལྕི་བ་མི་ཟ་བ་དངོས་སུ་ཉམས་མྱོང་བྱུང་འདུག་སྟབས། ད་ཆ་གཞིས་མི་ཚོས་ཡུལ་གྱི་བ་ཕྱུགས་ཉར་རྒྱུར་འདོད་མོས་བྱེད་ཀྱི་འདུག
ས་ཆུ་བདག་གཅེས་ཀྱི་ལས་གཞི་སོ་ནམ་གཞིས་ཆགས་ཡོངས་རྫོགས་ལ་སྤེལ་རྒྱུ་རེད། ད་ལྟ་ས་ཆ་མང་རིམ་དང་ཛ་དྲག་ཆེ་ཆུང་གི་དབང་དུ་བྱས་ནས་བང་བསྒྲིགས་པ་ཞིག་རེད། སོ་ནམ་གཞིས་ཆགས་ཡོངས་སུ་རྫོགས་པ་ལ་ས་ཆུ་བརྟག་དཔྱད་ཀྱི་ལས་རིམ་དེ་ཕལ་ཆེར་ཟིན་པ་རེད། དེའི་རྗེས་ས་ཆུ་བདག་གཅེས་ཀྱི་ལས་གཞི་གང་དང་གང་དགོས་པ་བརྟག་དཔྱད་ཀྱི་གྲུབ་འབྲས་ནང་རྒྱབ་གཉེར་བྱས་ཡོད། དེ་གཞིར་བཟུང་སོ་ནམ་གཞིས་ཆགས་ཚང་མའི་ནང་རིམ་པས་བསྒྲུབ་རྒྱུ་རེད།

སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་ལགས་ནས།
སྦིར་གཞིས་ཆགས་ཀྱི་ནང་ལ་ད་ལྟའི་གནས་སྐབས་ལ་ཇ་ཞིང་ཡོད་མ་རེད། ཡིན་ནའང་ལོ་ཁ་ཤས་ཀྱི་སྔོན་ནས་ང་ཚོ་ཕ་གིར་བསྡད་ནས་མཐོང་བསྡད་པ་ཞིག་ལ། ས་ཆ་ཨེ་ཀར་མང་པོ་ཞིག་ལྕགས་རིས་བསྐོར། དེའི་ནང་ལ་ཤིང་སྣ་འདེབས་ལས་ཧ་ཅང་གི་རྒྱ་ཆེན་པོ་ཞིག་གནང་ནས་དངུལ་དེ་ཚོ་མང་པོ་གནང་བསྡད་སོང༌། ད་ལྟ་འདི་ན་དེ་ཚོ་ཡར་ཞུས་པ་དང་མར་གནང་ཤེས་ཚོར་མེད་ཅེས་གསུངས་པ་རེད། དེ་ངས་བསམ་བློ་བཏང་དུས། གཅིག་བྱས་ན་དེ་ཚོ་ནང་སྲིད་བརྒྱུད་ནས་ཕྱི་རྒྱལ་ཁག་ལ་རོགས་དངུལ་ཞུས། དེའི་དངུལ་དེ་འགྲོ་སོང་བཏང་བ་མིན་འགྲོ་བསམ་གྱི་ཡོད། ཡིན་ནའང་ད་ལྟ་དེའི་སྐོར་དེ་ཤེས་ཚོར་མེད་པ་དེ་ག་འདྲ་ཡིན་ནམ། དེ་བཞིན་ཆུ་ཡི་དོན་དག་ལ་ཕན་གྱི་རེད་ཟེར་ནས་ས་ཆ་ཨེ་ཀར་མང་པོ་ཞིག་ལ་ཀེ་ལ་སྡོང་པོ་མང་པོ་བཙུགས་ནས་བཞག་ཡོད་རེད། དེའང་ག་འདྲ་ཡིན་ནམ། དེ་མཁྱེན་ཚོར་ཡོད་དགོས་ཀྱི་རེད་བསམ་གྱི་འདུག དེ་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ།

བཀའ་ལན།
ད་ལྟ་བཀུར་འོས་སྤྱི་འཐུས་ཀྱི་ཐོག་མའི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༥ པའི་ནང་ ༢༠༠༣།༢༠༠༦ བར་གྱི་ལོ་ ༣ གྱི་གནས་སྟངས་བཀའ་འདྲི་གནང་བ་རེད། ལོ་གསུམ་དེའི་ནང་སྦིར་གཞིས་ཆགས་ནང་ཤིང་སྣ་འདེབས་འཛུགས་དང་ས་ཆུ་བདག་གཅེས་ཀྱི་ལས་གཞི་གང་ཡང་བྱས་མི་འདུག་ཅེས་ངས་དེ་ཞུས་པ་ཡིན། ཕྱི་ལོ་ ༢༠༠༣ གྱི་སྔོན་དུུ་ཟིན་པའི་ལས་གཞི་རྣམས་ད་རེས་དྲི་བ་འདིའི་ནང་ལ་ཚུད་ཀྱི་ཡོད་མ་རེད་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩