ས་གནས་རང་བདེན་གྱི་སྒྲིག་གཞི་བསྐྱར་བཅོས་སྐབས་དགོངས་པ་བཞེས་ཕྱོགས།
ལས་རིམ་གསུམ་པ་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་ཁག་གི་སྒྲིག་གཞི་བསྐྱར་བཅོས་སྒྲིག་འཆར་གྱི་གྲོས་འཆར་མ་འདོན་གོང་ངས་གསལ་བཤད་སྔོན་ལ་ཞུ་རྒྱུ་ཡིན། སྤྱིར་བཏང་ཕྱི་ལོ་ ༡༩༧༡།༧༢ སྐབས་ནས་སྒྲིག་གཞི་གཏན་འབེབས་གནང་བ་རེད། བར་ལམ་ཞིག་ནས་ཚང་མས་དོ་སྣང་མ་བྱས་པའི་རྐྱེན་གྱིས་སྒྲིག་གཞི་ལག་ལེན་འཁེལ་གྱི་མི་འདུག སྔོན་མའི་སྒྲིག་གཞི་དང་ད་ལྟའི་བསྐྱར་བཅོས་གཉིས་ལ་ཁ་མི་མཐུན་པ་ཆགས་ཡོད། སྔོན་མའི་སྒྲིག་གཞི་འདི་འདས་པའི་ལོ་ ༢༢ རིང་ས་གནས་ཀུན་ལ་སྤྱི་མཚུངས་ཁྱབ་ཐུབ་པ་བྱུང་མི་འདུག་ལ། ལྷག་པར་དུ་ཨ་རི་དང༌། སུད་སི། དབྱིན་ལེན་སོགས་ལ་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་དཀའ་ངལ་བྱུང་འདུག ད་བར་བསྐྱར་བཅོས་ཀྱི་ལས་རིམ་ཡང་བྱུང་མི་འདུག སྒྲིག་གཞི་འདིའི་བསྐྱར་བཅོས་དོན་ཚན་ནང་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་བསྐྱར་བཅོས་བྱེད་ཆོག་པའི་ཆ་རྐྱེན་གསལ་འདུག་པས་ཆ་རྐྱེན་དེའི་འོག་ནས་ང་ཚོས་བསྐྱར་བཅོས་བྱ་རྒྱུ་ཡིན།
ད་ལམ་ས་གནས་རང་བདེན་གྱི་སྒྲིག་གཞི་བསྐྱར་བཅོས་གནང་སྐབས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་མི་འགལ་བ། དྭང་བླང་དཔྱ་ཁྲལ་གྱི་ཁྲིམས་ཡིག་དང་མི་འགལ་བ། བོད་མིའི་གནས་ཡུལ་ས་གནས་ཡོངས་རྫོགས་སུ་ལག་ལེན་བསྟར་ཐུབ་པ་ཞིག་ཡོང་རྒྱུ་བཅས་དེ་དག་ཐུགས་ལ་བཞག་ནས་གྲོས་འཆར་ལྷུག་པོ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས།
སྒྲིག་ལམ་ཡག་པོ་འཁྱེར་དགོས་གནད་དང༌། སྔོན་རྩིས་བཀའ་ཁྲོལ་གནང་སྟངས་སོགས་ཀྱི་སྐོར།
སྤྱི་འཐུས་ལྷན་ཚོགས་འདི་བཞིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་མཐོ་ཤོས་དང་ཆེ་ཤོས་དེ་ཆགས་ཡོད་ལ། ལས་འགན་གྱི་ཆ་ནས་ཀྱང་གཞུང་འཛིན་དང་འགལ་ཟླའི་ལས་འགན་གཉིས་བསྒྲུབ་དགོས་པའི་སྒྲིག་འཛུགས་ཤིག་ཡིན་པར་སོང༌། རྒྱུན་ལས་དང་སྤྱི་འཐུས་ལྷན་ཚོགས་ནས་གཞུང་གི་ལས་དོན་དང་སྒྲིག་ལམ་ལ་སྟངས་འཛིན་དང་ཞིབ་འཇུག གཞན་ཡང་ནོར་འཁྲུལ་མཛུབ་སྟོན་གྱི་ལས་འགན་ལྕི་པོ་ཞིག་ཡོད་སྟབས། མི་གཞན་གྱི་སྒྲིག་ལམ་ལ་སྟངས་འཛིན་བྱེད་མཁན་སྤྱི་འཐུས་རང་ཉིད་ཀྱིས་སྒྲིག་ལམ་འཁྱེར་དགོས་པ་ནི་གལ་ཆེན་པོ་རེད། གལ་ཏེ་སྤྱི་འཐུས་རང་ཉིད་ཀྱིས་སྒྲིག་ལམ་ཡག་པོ་འཁྱེར་མ་ཐུབ་ན་སྟངས་འཛིན་བྱེད་རྒྱུའི་འོས་ཆོས་ཀྱི་དབང་ཚད་བརླག་འགྲོ་གི་ཡོད་སྟབས། སྤྱི་འཐུས་རྣམ་པས་སྒྲིག་འཛུགས་ཐུགས་ལ་ཡག་པོ་གཞག་དགོས།སྒྲིག་གཞི་དེ་དག་ང་རང་ཚོས་བསམ་བློ་བེད་སྤྱོད་བཏང་ནས་རང་དབང་གིས་གོ་བསྡུར་ལྷུག་པོ་གནང་སྟེ་སྤྱི་མོས་དང་མང་མོས་ཐོག་ནས་ཐག་གཅོད་གནང་བ་ཤ་སྟག་རེད་མ་གཏོགས། སུས་ཀྱང་བཙན་དབང་བྱས་ཏེ་བཟོས་པ་མིན། སྒྲིག་གཞི་དང་མཐུན་པའི་ལས་དོན་བྱེད་མ་ཐུབ་ན་ནང་འགལ་ཆགས་ཀྱི་ཡོད།
ད་ལམ་ཚོགས་ཡུན་ཉུང་ངུ་ལས་མེད་སྟབས། བདུན་རྗེས་མར་ལོ་འཁོར་སྔོན་རྩིས་ལས་དོན་ཐོག་དུས་ཚོད་མང་བ་གཏང་རྒྱུ་ཡིན། གཅོག་ཆའི་གྲོས་འཆར་སོགས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཉམས་ཞིབ་གནང་ཡོད་ཀྱང༌། ཚོད་དཔག་ཚོགས་ཆུང་མིན་པའི་སྤྱི་འཐུས་རྣམས་ནས་ཀྱང་དུས་སྐབས་སུ་སྔོན་བརྡ་བཏང་ནས་གྲོས་འཆར་གནང་ཆོག སྔོན་རྩིས་འདི་དཔལ་འབྱོར་དང་འབྲེལ་བ་ཡོད་པས་ང་ཚོའི་ལས་དོན་གལ་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སྔར་དང་མི་འདྲ་བར་སྔ་ལོ་སྔོན་རྩིས་བཀའ་ཁྲོལ་ཐེངས་དང་པོ་དང༌། འདི་ལོ་ཐེངས་གཉིས་པ་དེ་ཆགས་ཡོད། སྔ་ལོའི་རེ་བ་དང་ཚོད་དཔག་ལས་ལྷག་པ་བྱུང་ཡོད། འོན་ཀྱང་སྐྱོན་མེད་པ་ཆགས་མེད།
བཀའ་ཁྲོལ་དོག་པོ་ཞེས་པ་གཅག་རྒྱུ་རྐྱང་རྐྱང་མིན་པར་སྤར་དགོས་པ་ཡང་ཡོང་གི་རེད། གཙོ་བོ་ནི་སྔོན་རྩིས་རང་གི་ཐོག་ནས་ལས་དོན་ཐོག་སྨིན་པ་ཞིག་ཡོང་ཐབས་བྱ་དགོས་མ་ཟད། སྒྲིག་གཞི་ཁག་དང་མི་འགལ་བའི་ཐོག་ནས་སྟངས་འཛིན་དང་ལམ་སྟོན་བྱ་དགོས། དེ་ཡང་ལས་དོན་བཀག་རྒྱུའི་དོན་དུ་མ་ཡིན་པར། དཔེར་ན། རྟ་རྒྱུག་གཏོང་སྐབས་རྟ་ལ་སྲབ་བརྒྱུས་པ་རྟ་བཀག་རྒྱུའི་དོན་དུ་མིན་པར་རྟ་མགྱོགས་པོ་དང་ཐད་ཀར་རྒྱུག་པའི་ཆེད་དུ་ཡིན་པ་ནང་བཞིན་ལས་དོན་མང་པོ་དང་ཚགས་ཚུད་དུ་འགྲོ་རྒྱུའི་ཆེད་རེད། འགྲོ་གྲོན་ཡང་དགོས་སར་ཆད། མི་དགོས་སར་ལྷག་པ་མ་ཡིན་པར། ཡང་དག་པ་ཡིན་པའི་ར་འཕྲོད་གསལ་པོ་ཡོང་བའི་ཆེད་དུ་སྔོན་རྩིས་ལག་ལེན་བྱེད་རྒྱུ་གལ་ཆེན་པོ་རེད།
དཔལ་འབྱོར་འདུ་འགོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱེད་པའི་སྐབས་གཙོ་བོ་འགན་བཀའ་ཤག་ལ་ཡོད་པ་དང༌། དེ་ནས་འབྲེལ་ཡོད་དཔལ་འབྱོར་བཀའ་བློན་བརྒྱུད་ནས་འགན་དབང་ལས་ཁུངས་ཀྱི་འགན་འཛིན་རྣམས་ལ་ཁྱབ་བསྒྱུར་བྱ་དགོས། བཀའ་བློན་རྣམས་ཀྱིས་གྲོས་ཚོགས་ལ་འགན་འཁྱེར་དགོས་པར་ཐུགས་སྣང་ལེགས་པོ་གནང་དགོས། སྡེ་ཚན་འགའ་ཤས་ལ་ལས་བྱེད་ཀྱི་གྲངས་ཚད་དང་ལས་དོན་མ་མཚུངས་པ་མངོན་གྱི་འདུག དཔེར་མཚོན་ཙམ་ཞུ་ན། བཀའ་ཤག་གི་འགན་ཆ་ཚང་བཀའ་དྲུང་ནས་འཁྱེར་དགོས་སྟབས། བཀའ་དྲུང་ཡིག་ཚང་གི་ལས་བྱེད་གྲངས་འབོར་དང༌། ལས་དོན་མི་མཚུངས་པའི་སྐད་ཆ་བྱུང་བས་དེ་དོན་དགོངས་བཞེས་གནང་རོགས།
མདོར་བསྡུས་ན། གཞུང་གི་དཔལ་འབྱོར་དངུལ་འབབ་རྣམས་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར། སྤྱི་འཐུས་ནས་བཀའ་འདྲི་ཞུ་ན་བཀའ་བློན་ནས་ལན་གནང་ཆོག་ཆོག་དགོས་ལ། ནག་ཁུང་ནང་ལོང་བས་ལོང་བ་འཁྲིད་པ་ལྟར་མིན་པ། སྔོན་རྩིས་གནས་སྟངས་ཡོངས་རྫོགས་མིག་འོག་ཏུ་ཚུད་པར་བྱས་ནས་བཀའ་ཁྲོལ་གནང་དགོས་པ་ལས་དོན་མ་རྟོགས་པར་བཀའ་ཁྲོལ་གནང་ན་མ་དྲང་བ་དང་མ་བདེན་པ་ཞིག་ཆགས་ཀྱི་རེད།
འགའ་ཞིག་གི་བསམ་ཚུལ་ལ། སྤྱི་འཐུས་དང་འཛིན་སྐྱོང་གཉིས་ཀྱིས་ལས་དོན་ལ་དངུལ་ཁྲི་རེ་ཟུང་ལྷག་པ་དང་ཆད་པའི་སྐོར་ལ་ནན་གཟབ་བྱེད་པ་ལས། དེ་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་དོན་རྒྱ་ཆེན་པོ་གནང་གི་མེད་ལུགས་ཞེས་དགོངས་མཁན་དང་གསུང་མཁན་ཡོད་འདུག་ན། དེ་ནི་གཞི་རྩའི་ནོར་འཁྲུལ་ཅན་ལ་ངོས་འཛིན་བྱེད་ཀྱི་ཡོད། དངུལ་ཁྲི་རེ་ཟུང་ལ་སྟངས་འཛིན་བྱེད་མི་ཐུབ་པའི་མི་ཞིག་གིས་ཆབ་སྲིད་དང་རྒྱལ་ཁབ་ཀྱི་ལས་དོན་ཇི་འདྲ་ཞིག་བྱེད་ཐུབ་ཀྱི་རེད། ཆབ་སྲིད་དང་རྒྱལ་ཁབ་ཀྱི་ལས་དོན་ག་འདྲ་ཞིག་ཡིན་ཡང་ཐོག་མར་དྲང་བདེན་དང་བཟང་སྤྱོད་ཀྱི་ས་གཞི་བརྟན་པོ་ཞིག་དགོས། དཔལ་འབྱོར་ཐོག་གང་བྱུང་མང་བྱུང་བྱེད་མཁན་ཞིག་གིས་ཆབ་སྲིད་ཀྱི་ལས་དོན་ཡང་དེ་དང་མཚུངས་པ་ཞིག་ཡོང་རྒྱུ་ལས་གཞན་མེད། དེས་ན་ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ཡིན་སྟབས། ལྷག་པར་དུ་དཔལ་འབྱོར་འདུ་འགོད་ཐོག་ཞིབ་ཚགས་དང་ཁུངས་ལྡན་དགོས་རྒྱུ་གལ་ཆེ་ཆགས་ཡོད།
སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། གྲོས་ཚོགས་ནང་བཀའ་མོལ་གནང་བའི་སྐབས་ཚིག་རྣམས་གྲོས་ཚོགས་ནང་བེད་སྤྱོད་གནང་ཆོག་དང་མི་ཆོག་གཟིགས་དགོས། གྲོས་ཚོགས་ཀྱི་ཡིག་ཆའི་ནང་འཁོད་ཟིན་པའི་རྗེས་ཚིག་དེ་དག་གིས་ཤུགས་གནོན་ཇི་འདྲ་ཞིག་ཡོང་མིན་དགོངས་པ་ཟབ་བཞེས་གནང་དགོས་ཀྱི་འདུག
ད་ལམ་སྤྱི་འཐུས་འགའ་ཤས་དགོངས་ཞུ་གང་ཡང་མེད་པ་རྣམས་ཚོགས་འདུ་འགོ་ཚུགས་པ་ནས་རང་ཉིད་མ་ཕེབས་བར་གྱི་ཁང་གླ་དེ་རང་གི་མཚན་མཐོང་ནས་གཅག་རྒྱུའི་ཚོགས་གཙོ་ཟུང་ནས་ཐག་གཅོད་བྱས་པ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༣/༠༡/༡༤ ནས་ ༡༩༩༣/༠༡/༢༦