ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་འདུའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས། དྲི་བ་མ་ཞུས་གོང་ལ་གསལ་བཤད་ཞུ་རྒྱུ་ཞིག་ལ། ས་གནས་འགོ་འཛིན་དེ་ཚོ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལག་བསྟར་བྱེད་མཁན། ལས་གཞིའི་ཐོག་ལ་ཕྱག་ལས་གནང་མཁན། དེ་བཞིན་ས་གནས་ས་ཐོག་གི་མི་མང་གི་བདེ་སྡུག་ལྟ་རྟོག་བྱེད་མཁན་གྱི་གནས་ཡོད་མི་སྣ་ཆགས་བསྡད་ཡོད་རེད། དེ་བཞིན་ཁོང་རྣམ་པ་འདིར་ཚོགས་འདུར་ཕེབས་པའི་སྐབས་ལ་ཁོང་རྣམ་པའི་དགོངས་འཆར་ཡོད་པའི་གྲོས་ཆོད་གྲོས་འཆར་དེ་ཧ་ཅང་གི་གནས་འགག་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་པས་གྲོས་ཚོགས་ནས་ཇི་མ་ཇི་བཞིན་ངེས་པར་དུ་ཤེས་དགོས་པ་ཞིག་མཐོང་སོང༌། བྱས་ཙང་ད་ལྟ་དྲི་བ་ཞུ་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་འདི་འདྲ་ཞིག་ཡིན། དེ་ནས་དྲི་བ་སྙན་སྒྲོན་ཞུ་ཆོག་པ་ཞུ།
༄༅། །ནང་སྲིད་ལས་ཁུངས་ནས་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་འདུ་ཐེངས་གསུམ་པ་རྡ་སའི་ལས་བྱེད་སྤྱི་ཐབ་ཀྱི་ཚོགས་ཁང་དུ་ ༢༠༠༥ ཟླ་ ༥ ཚེས་ ༦ ནས་ཚེས་ ༡༡ བར་སྐོང་ཚོགས་གནང་ཡོད་པར་རྒྱ་བལ་འབྲུག་གསུམ་ནས་ས་གནས་འགོ་འཛིན་ ༤༡ ཚོགས་ཞུགས་གནང་འདུག་ན། ཕྱི་ལོ་ ༢༠༠༣ ལོའི་ཚོགས་འདུའི་གྲོས་ཆོད་ཁག་ལ་ཕྱག་ལེན་འཁེལ་ཕྱོགས་གནས་སྟངས་ཇི་ཆགས་དང༌། ད་རེའི་ཚོགས་འདུའི་ཐོག་གྲོས་ཆོད་གང་དང་གང་སྣོལ་འཇོག་ཞུས་ཡོད་པ་དང༌། དེ་དག་ཕྱག་བསྟར་ཞུ་ཕྱོགས་གནས་སྟངས་ཇི་ཆགས་བཅས་ཐོག་བཀའ་ལན་སྐྱབས་འཇུག་གནང་སྐྱོང་ཡོང་བ་ཞུ།

བཀའ་ལན།
ཀ ཕྱི་ལོ་ ༢༠༠༣ ལོའི་ས་གནས་འོག་འཛིན་ཚོགས་འདུའི་གྲོས་ཆོད་རྣམས་ལ་དབུས་ས་གཉིས་སོ་སོ་ནས་ལག་ལེན་གང་ཡོང་འཁེལ་ཐབས་ཞུས་ཡོད། དེའི་ནང་གྲོས་ཆོད་དང་པོ་གཞིས་ཆགས་སོ་སོའི་ས་ཞིང་གི་ས་ཐོ་ལག་འཛིན་གྱི་ཡིག་ཆ་ཞུ་ཐོབ་དགོས་པ་ས་གནས་གང་ཙམ་ནས་ལག་ལེན་འཁེལ་བ་བྱུང་མི་འདུག་པ་དེ་དག་ས་གནས་སོ་སོ་ནས་མཇུག་གཙང་ཞུ་རྒྱུར་གྲོས་ཆོད་བསྐྱར་འཇོག་ཞུས་ཡོད།
ཁ ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༦ ནས་ ༡༡ བར་ས་གནས་འགོ་འཛིན་ཚོགས་འདུའི་གྲོས་ཆོད་དོན་ཚན་ ༡༧ གྱི་དཔར་བཤུས་འདི་མཉམ་ཕུལ་ཡོད་པ་དང༌། གྲོས་ཆོད་ཁག་འབྲེལ་ཡོད་སོ་སོས་ལག་བསྟར་ཞུ་མུས་ཡིན།

༄༅། །མཚུངས་མེད་ས་གནས་འགོ་འཛིན་རྣམ་པ་ལྷན་རྒྱས་གང་དེར།
ཆེད་ཞུ། ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༥ ཚེས་ ༦ ནས་ཚེས་ ༡༡ བར་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་འདུ་གནང་བའི་ཐོག་དབུས་ས་གཉིས་ཀྱི་འཛིན་སྐྱོང་ལས་དོན་ཚགས་ཚུད་གོང་འཕེལ་ཡོང་ཐབས་དང༌། ལྷག་པར་རང་གཞུང་གི་མཛད་བྱུས་དགོངས་དོན་ལས་འཆར་ཁག་ཅིག་དམིགས་ཡུལ་བཞིན་དོན་འཁྱོལ་ཡོང་རྒྱུར་དགོངས་འཆར་བཀའ་བསྡུར་བགྱིས་པའི་ཐོག་གྲོས་ཆོད་དོན་ཚན་ ༡༧ བྱུང་བའི་ཤོག་ལྷེ་ ༥ ཅན་ཞིག་འདི་མཉམ་ཟུར་འབུལ་ཞུས་ཡོད་ན། དོན་ཚན་རེ་རེ་བཞིན་ཁྱབ་ཁོངས་འབྲེལ་ཡོད་ལས་བྱེད་སོ་སོར་གོ་བསྐོན་འགྲེལ་བརྗོད་ཀྱིས་ལག་བསྟར་དོན་འཁྱོལ་ཐུབ་པ་ཞིག་ངེས་པར་དགོངས་བཞེས་དགོས་པ་དེ་དོན་དགོངས་འཇགས་ཞུ། ནང་སྲིད་བཀའ་བློན་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༡༡ ལ།

ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༦ ནས་ཚེས་ ༡༡ བར་གྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་འདུའི་གྲོས་ཆོད་ཁག
གྲོས་ཆོད་ཨང་ ༡
ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༢༨ ནས་ཟླ་ ༡༡ ཚེས་ ༡ ཉིན་ལྔའི་རིང་ས་གནས་འགོ་འཛིན་རྣམ་པ་ལྷན་འཛོམས་ཚོགས་འདུ་གནང་བའི་གྲོས་ཆོད་ ༡ ས་ཐོ་ལག་འཛིན་དང་འབྲེལ་བའི་ཐོག་བོད་མིའི་སྡོད་གནས་སོ་སོའི་ས་ཁང་བདག་གཉེར་ཁྲིམས་མཐུན་ཚུལ་བཞིན་ཡོང་ཆེད་ནང་སྲིད་ལས་ཁུངས་ནས་ལམ་སྟོན་ཡིག་ཆ་གོ་སྒྲིག་གིས་ས་གནས་འགོ་འཛིན་ཚང་མར་འགྲེམས་སྤེལ་ཞུ་རྒྱུ་དང༌། ས་གནས་འགོ་འཛིན་རྣམས་ནས་ཀྱང་ལམ་སྟོན་ཇི་ཞུས་ལྟར་རྒྱུན་དུ་ཐུགས་སྣང་གིས་ལག་ལེན་ཚུལ་བཞིན་གནང་རྒྱུ། ལྷག་པར་ས་ཐོ་ལག་འཛིན་མེད་པ་ས་ཁག ༩ ཡོད་ཁོངས་ནས་ཤེས་ལོང་དང༌། སྦེལ་ལོར། ལྡི་ལི། ཀ་སྦུག་བཅས་ཕུད་དེ་འཕྲོས་ཀོ་ལི་གྷལ་དོན་གླིང༌། མེའོ་ཆོས་འཕེལ་གླིང༌། སྤོན་ཌོ་བཀྲིས་གླིང༌། འབུམ་ལ་བསྟན་འཛིན་སྒང༌། བལ་ཡུལ་རྡོར་པ་ཀྲན་ནོར་འཛིན་གླིང༌། མན་སྤར་ཕན་བདེ་གླིང༌། ལ་དྭགས་བསོད་ནམས་གླིང༌། ཤར་ཁུམ་བདེ་ལེགས་གླིང༌། གློ་ཚེ་རོགས་རྣམ་རྒྱལ་གླིང་བཅས་ནས་ས་ཐོ་ལག་འཛིན་ཐོབ་ཐབས་དམིགས་བསལ་འབད་བརྩོན་ཐབས་ཤེས་མུ་མཐུད་གནང་སྟེ་གྲུབ་འབྲས་ཇི་སོན་ནང་སྲིད་ལས་ཁུངས་སུ་སྙན་གསན་ཞུ་རྒྱུ།
གྲོས་ཆོད་ཨང་ ༢
སོ་ནམ་གཞིས་ཆགས་ ༡༢ ནང་མ་ཚུད་པའི་གཞིས་སྒར་ཁག་ནང་སོ་ནམ་ཞིང་ལས་བྱེད་མཁན་ཚོར་ཡང་སྐྱེ་ལྡན་དང་རང་བཞིན་སོ་ནམ་འདེབས་ལས་ཀྱི་སློབ་སྦྱོང་དང༌། སྦྱོང་བརྡར་གོ་སྒྲིག་གཅིག་མཚུངས་གནང་ཐབས་དབུས་ནས་འབད་བརྩོན་གནང་རྒྱུ།
གྲོས་ཆོད་ཨང་ ༣
སྐྱེ་ལྡན་སོ་ནམ་འདེབས་ལས་ཀྱི་སྟོན་འབྲས་ཚོང་བསྒྱུར་གྱི་ཁྲོམ་རྭ་འཚོལ་རྒྱུར་དབུས་ས་གཉིས་མཉམ་རུབ་ཐོག་ནས་ཐབས་ཤེས་འབད་བརྩོན་གང་མྱུར་གནང་རྒྱུ།
གྲོས་ཆོད་ཨང་ ༤
རིགས་འདྲེས་མ་ཡིན་པའི་རིགས་གཙང་སོན་འབྲུ་ཁོ་ན་མཁོ་སྒྲུབ་ཐབས་འཚོལ་ཞུ་རྒྱུར་དབུས་ས་གཉིས་མཉམ་རུབ་ཐོག་ནས་འབད་བརྩོན་གང་ཐུབ་ཞུ་རྒྱུ། དེ་བཞིན་ས་གནས་སོ་སོར་སྤྱི་པ་དང་ཁྱིམ་ཚང་སོ་སོའི་ནང་སོན་འབྲུ་གསོག་ཉར་བྱ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་གོ་སྒྲིག་འགྲེམས་སྤེལ་དང༌། ཟབ་སྦྱོང་གོ་སྒྲིག་སོགས་ཇི་དགོས་དབུས་ནས་གནང་རྒྱུ།
གྲོས་ཆོད་ཨང་ ༥
ཞིང་པ་ཁྱིམ་ཚང་སོ་སོར་ཉིན་རེའི་བསྐྱར་བེད་འོས་པའི་གད་སྙིགས་དོན་མེད་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་སྔ་འཕྲོས་སྐྱེ་ལྡན་འདེབས་ལས་ཀྱི་ལས་རིམ་ཁོངས་འགྲོ་འདོད་ཡོད་མེད་ལ་མ་ལྟོས་པར་ཁྱིམ་ཚང་སོ་སོའི་ནང་ལུད་སྦྱོར་ངེས་པར་བཟོ་ཐབས་དགོས་པའི་ལམ་སྟོན་དང༌། བཟོ་སྟངས་སྦྱོང་བརྡར་གྱི་ལས་འཆར་སྤེལ་རྒྱུ་ཇི་དགོས་ས་གནས་འགོ་འཛིན་སོ་སོ་ནས་གོ་སྒྲིག་ཞུ་རྒྱུ།
གྲོས་ཆོད་ཨང་ ༦
སྐྱེ་ལྡན་འདེབས་ལས་སྐོར་གོ་རྟོགས་ཐུབ་པའི་དེབ་རིགས་དང་ཡིག་ཆ་ཁག་བོད་བསྒྱུར་ཞུས་ཏེ་ས་གནས་སོ་སོར་འགྲེམས་འདོན་ཐུབ་ཐབས་སུ་དབུས་ནས་ཐབས་ཤེས་གནང་རྒྱུ།
གྲོས་ཆོད་ཨང་ ༧
རང་གཞུང་གི་མཛད་བྱུས་དགོངས་དོན་བཞིན་སྐྱེ་ལྡན་དང་རང་བཞིན་སོ་ནམ་འདེབས་ལས་ཀྱི་དཔེ་མཚོན་དང་ཉམས་གསོག དེ་བཞིན་མང་ཚོགས་ལ་མིག་སྟོན། ལུད་སྦྱོར་བཟོ་བསྐྲུན་དང་སོན་འབྲུ་ཚད་ལྡན་མཁོ་གསོག་སྐོར་ལམ་སྟོན་ཞུ་རྒྱུའི་ལས་འགན་གཙོ་བོ་ས་གནས་འགོ་འཛིན་ནས་ཐད་ཀར་འགན་བཞེས་དགོས་པ་དང༌། ལས་དོན་འདི་དག་སྤེལ་རྒྱུར་ས་ཆ་འོས་ཤིང་འཚམས་པ་ཞིག་མཉམ་འབྲེལ་ནས་མཐུན་འགྱུར་དང༌། ཡང་ན་བོགས་མ་ལེན་ཕྱོགས་ཇི་དགོས་སྐོར་དབུས་ནས་ཀྱང་མཉམ་འབྲེལ་སོ་སོར་ཐད་འབྲེལ་ཇི་དགོས་གནང་རྒྱུ།
གྲོས་ཆོད་ཨང་ ༨
བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྲོད་བཟའ་རྒྱུ་འཐུང་རྒྱུ་མེད་པར་ཉམ་ཐག་གནས་སུ་ལྷུང་བའི་བོད་མི་གཅིག་ཀྱང་མ་ལུས་པ་བཙན་བྱོལ་བོད་གཞུང་ནས་ཞིབ་འཇུག་གནང་རྒྱུའི་བརྒྱུད་ལམ་གཅིག་རང་དེ་ས་གནས་འགོ་འཛིན་རྣམ་པ་ཡིན་པར་སོང༌། དངོས་འབྲེལ་ཉམ་ཐག་ཡིན་པ་གཅིག་ཀྱང་མ་ལུས་པར་ཉམ་ཐག་ཁོངས་ཚུད་ཐུབ་པ་དང༌། ཉམ་ཐག་མིན་པ་ཉམ་ཐག་ཁོངས་མི་ཚུད་པ་ཡོང་ཐབས་བཅས་ཞིབ་འཇུག་ནན་འདྲོངས་བྱ་རྒྱུ་བཅས་ཀྱི་འགན་ཁུར་ས་གནས་འགོ་འཛིན་རྣམས་ནས་ངེས་པར་བཞེས་རྒྱུ་དང༌། ས་གནས་འགོ་འཛིན་སོ་སོའི་གཟིགས་སྐྱོང་འོག་ཉམ་ཐག་གཅིག་ཀྱང་མ་ལུས་པའི་ཞིབ་འཇུག་ནན་ཞིབ་ཞུས་ཏེ་སྙན་ཐོ་དུས་ཚོད་རྒྱས་བཅད་ནང་ཚུད་དབུས་སུ་འབུལ་ཐུབ་པ་དགོས་རྒྱུ།
གྲོས་ཆོད་ཨང་ ༩
ཉམ་ཐག་ཚོར་འཚོ་སྣོན་རོགས་སྐྱོར་ཚད་འཛིན་བཀའ་ཤག་ནས་གཏན་འབེབས་ཇི་གནང་གཅིག་གྱུར་དགོས་རྒྱུ་དང༌། ས་གནས་ནས་ཐབས་ཤེས་གནང་བའི་རོགས་སྐྱོར་འཚོ་སྣོན་གཏན་འབེབས་ཚད་གཞི་ལས་མང་བ་ཡོད་པའི་དངུལ་འབབ་གཅོག་ཆ་གནང་རྒྱུ་འབྲེལ་ཡོད་སྦྱིན་བདག་སོ་སོར་གསལ་པོ་འགྲེལ་བཤད་ཞུ་རྒྱུ་དང༌། སྦྱིན་བདག་སོ་སོ་ནས་གཅོག་ཆ་ངོས་ལེན་མ་བྱས་པར་འཕར་སྣོན་རང་འཇགས་གནང་རྒྱུ་ཐག་གཅོད་གནང་ཚེ་རོགས་རམ་ཇི་སོན་ལྟར་གནང་འཐུས་ལས་དེ་མིན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་གཏན་འབེབས་གཅིག་མཚུངས་དགོས་རྒྱུ།
གྲོས་ཆོད་ཨང་ ༡༠
ས་གནས་སོ་སོར་ཉམ་ཐག་མིན་པར་ཡང་རོགས་རམ་ཡོད་མུས་ཁག་གི་སྐོར་ཕྱག་ལེན་བསྟར་ཕྱོགས་ནང་སྲིད་ལས་ཁུངས་ནས་ས་གནས་སོ་སོར་རིང་མིན་རྩ་འཛིན་ལམ་སྟོན་གནང་རྒྱུ།
གྲོས་ཆོད་ཨང་ ༡༡
དབུས་ས་གཉིས་ནས་བོད་མིའི་བདེ་དོན་དང་འབྲེལ་བའི་ལས་དོན་མང་དག་ཅིག་ཕྱིའི་རོགས་རམ་ཁག་ལ་བརྟེན་དགོས་པར་སོང༌། རང་གཞུང་གི་མཛད་བྱུས་དགོངས་དོན་ལས་དོན་གང་ཅི་སྤེལ་སྐབས་རོགས་ཚོགས་ཁག་དང་འབྲེལ་ལམ་ཞུ་ཕྱོགས་སྐོར་ནང་སྲིད་ལས་ཁུངས་ནས་རྩ་འཛིན་ལམ་སྟོན་ཞིག་རིང་མིན་གསལ་བསྒྲགས་གནང་རྒྱུ།
གྲོས་ཆོད་ཨང་ ༡༢
ས་གནས་འགོ་འཛིན་དང་དེ་འོག་ལས་བྱེད་གནས་སྤོས་ཀྱི་འཕོས་ལེན་སྐབས་བཀོད་རྒྱ་དགོངས་དོན་གང་ཐུབ་ཀྱི་དུས་ཐོག་འཕོས་ལེན་དགོས་པ་དེ་ལྟར་ཡང༌། དངོས་སུ་དེ་ལྟར་ཡོང་མ་ཐུབ་པའི་དཀའ་ངལ་འཕྲད་མུས་སེལ་ཐབས་སུ་མ་འོངས་རྩ་འཛིན་ལམ་སྟོན་ཞིག་དབུས་ནས་གཏན་འབེབས་ཀྱིས་རིང་མིན་གསལ་བསྒྲགས་གནང་རྒྱུ་དང༌། ས་གནས་འགོ་འཛིན་སོ་སོས་རྩ་འཛིན་ལམ་སྟོན་ལྟར་ངེས་པར་ལག་བསྟར་དོན་འཁྱོལ་ཡོང་བ་གནང་རྒྱུ།
གྲོས་ཆོད་ཨང་ ༡༣
ས་གནས་འགོ་འཛིན་རྣམ་པའི་མ་འོངས་ལས་བསྡོམས་འབུལ་ཕྱོགས་ཀྱི་ས་བཅད་དང་དུས་ཚོད་གནས་དོན་སོ་སོའི་ལས་བསྡོམས་འབུལ་ཕྱོགས་བཅས་བསྐྱར་བཅོས་གཏན་འབེབས་ཀྱི་རྩ་འཛིན་ལམ་སྟོན་ཞིག་དབུས་ནས་རིང་མིན་གཏན་འབེབས་གསལ་བསྒྲགས་གནང་རྒྱུ་དང༌། ཕྱི་ལོ་ ༢༠༠༤།༢༠༠༥ ལོའི་ལོ་འཁོར་ལས་བསྡོམས་འབུལ་ཕྱོགས་ཚང་མས་ལམ་སྟོན་གསར་པ་ལྟར་ངེས་པར་དགོས་རྒྱུ། དེ་བཞིན་མི་འབོར་གྲངས་ཐོ་འགོད་ཕྱོགས་ཐད་དུའང་དབུས་ནས་ཞིབ་གསལ་ལམ་སྟོན་གཏན་འབེབས་གསལ་བསྒྲགས་གནང་རྒྱུ།
གྲོས་ཆོད་ཨང་ ༡༤
རྒས་གསོ་ཁང་སྤྱི་ལ་ཁྱབ་པའི་སྒྲིག་གཞིའི་སྐོར་ནང་སྲིད་ལས་ཁུངས་ནས་སྒྲིག་གཞི་ཟིན་བྲིས་ཤིག་བཟོ་སྒྲིག་ཞུ་མུས་ཟིན་མཚམས་རྒས་གསོ་ཁང་ཡོད་པའི་ས་གནས་འགོ་འཛིན་སོ་སོར་འགྲེམས་སྤེལ་ཞུ་རྒྱུ་དང་ས་གནས་སོ་སོའི་གནས་བབས་ཀྱི་ཆ་ནས་ལག་བསྟར་ཞུ་ཕྱོགས་བདེ་མིན་ཞིབ་འཇུག་གིས་སྣོན་འཕྲི་ཇི་དགོས་ཀྱི་དགོངས་འཆར་དང་སྦྲགས་ཕྱིར་འབུལ་དགོས་པ་འབྱོར་མཚམས་གཏན་འབེབས་གནང་རྒྱུ།
གྲོས་ཆོད་ཨང་ ༡༥
ས་གནས་འགོ་འཛིན་ཁག་གི་ཁྱབ་ཁོངས་སུ་མ་ཚུད་པའི་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཇི་ཡོད་ས་གནས་སོ་སོ་ནས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་ཞིབ་ཕྲ་དུས་འབུལ་བྱུང་མཚམས་ཐུགས་ཞིབ་ཀྱིས་ས་བགོས་སྣོན་འཕྲི་ཇི་དགོས་དབུས་ནས་གཏན་འབེབས་ཀྱིས་གསལ་བསྒྲགས་གནང་རྒྱུ།
གྲོས་ཆོད་ཨང་ ༡༦
ས་གནས་འགོ་འཛིན་ལས་ཁུངས་ཁག་ཏུ་རྩིས་དྲུང་ས་མིག་གཏན་འབེབས་ཐོག་ལས་བྱཻད་བཀོད་སྒྲིག་སྐབས་རྩིས་ཀྱི་ཤེས་མྱོང་ངེས་པར་དགོས་པ་བཞིན་ཡོང་མིན་གྱིས་ལས་དོན་ཞུ་སྒོ་གང་ཅིར་དཀའ་ངལ་འཕྲད་མུས་སེལ་ཐབས་སུ་སླད་རྩིས་དྲུང་བསྐོ་གཞག་གནང་སྐབས་རྩིས་ཀྱི་སློབ་སྦྱོང་ཐོན་པ་ཤ་སྟག་བསྐོ་གཞག་ཡོང་ཐབས་བཀའ་ཤག་ལ་ཞབས་བསྐུལ་སྙན་གསན་ཞུ་རྒྱུ་དང༌། ཆབས་ཅིག་ནང་སྲིད་ལས་ཁུངས་ནས་ཀྱང་དུས་ནས་དུས་སུ་རྩིས་དྲུང་དང༌། རྩིས་པར་བསྐོ་བཞག་བྱུང་བའི་སྲི་ཞུ་བ་ཚོར་དུས་ཐུང་རྩིས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབས་ཞུ་རྒྱུ།
གྲོས་ཆོད་ཨང་ ༡༧
ཚོགས་འདུ་འདིའི་གྲོས་ཆོད་ཁག་ལ་དབུས་ས་གཉིས་སོ་སོ་ནས་ལག་བསྟར་ཇི་དགོས་གནང་སྟེ་ས་གནས་སོ་སོས་ལག་བསྟར་ཇི་ཞུས་ཀྱིས་ལས་བསྡོམས་ཤིག་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༣༠ འགྱངས་མེད་དབུས་ནང་སྲིད་ལས་ཁུངས་སུ་འབུལ་རྒྱུ་བཅས་ཀྱི་གྲོས་ཆོད་དུ་ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༡༡ ལ།
སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་བསྐྱར་དུ་བཀའ་འདྲི་ཞུ་རྒྱུའི་དོན་ཚན་ཁ་ཤས་ཤིག་ཆགས་ཀྱི་འདུག དོན་ཚན་དང་པོ་ནི། དྲིས་ལན་ཀ་པའི་ནང་ ༢༠༠༣ ལོར་བཞག་པའི་ས་གནས་འགོ་འཛིན་གྱི་ཚོགས་འདུའི་གྲོས་ཆོད་རྣམས་ལག་ལེན་གང་ཡོང་འཁེལ་ཐབས་ཞུས་ཡོད་ཅེས་གསུངས་འདུག་པར། བཀའ་ལན་གྱི་གཤམ་དེ་རང་ལ་གྲོས་ཆོད་དང་པོ་དེ་ལག་ལེན་ལ་འཁྱོལ་མེད་པ་ཞིག་འཁོད་པ་མ་གཏོགས་དེ་མིན་གྱི་གྲོས་ཆོད་རྣམས་ཀྱི་ཐོག་ལ་གང་ཡང་བཤད་མི་འདུག་པས། ལག་ལེན་འཁྱོལ་བར་ངོས་འཛིན་བྱེད་དགོས་ཀྱི་ཡོད་དམ། ཡིན་ནའང་བཀའ་ལན་གྱི་ནང་ལ་གང་ཡོང་འཁེལ་ཐབས་ཞེས་འཁོད་ཡོད་དུས་གྲོས་ཆོད་གཞན་ཚང་མ་ལག་ལེན་ལ་འཁེལ་ཐུབ་ཨེ་ཡོད་བསམ་གྱི་འདུག གཉིས་པའི་ཐོག་ནས་གྲོས་ཆོད་ནང་གསལ་ལག་ལེན་ལ་མ་འཁེལ་བའི་དོན་ཚན་ས་ཐོ་ལག་འཛིན་གྱི་སྐོར་དེ་བཀའ་ལན་དང་མཉམ་དུ་ཕུལ་བའི་ ༢༠༠༥ ནང་དུ་སླར་ཡང་ཚོགས་པའི་ས་གནས་འགོ་འཛིན་གྱི་ཚོགས་འདུའི་གྲོས་ཆོད་ཀྱི་ནང་དུ་ཤེ་ལོང་དང༌། སྦེང་ལོར། ལྡི་ལི། ཀ་སྦུག་བཅས་ཀྱི་ས་ཆ་རྣམས་ཕུད་དགོས་དོན་གྱི་གནས་སྟངས་གང་ཡིན། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་ལ་སོགས་པའི་ས་གནས་དགུ་ལ་ས་ཐོ་ལག་འཛིན་ཞུ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག་པས་ས་གནས་གཞན་དང་མི་འདྲ་བར་ཁོང་ཚོར་དམིགས་བསལ་གྱི་དཀའ་ངལ་གང་འཕྲད་ཀྱི་ཡོད་དམ། ཕྱི་ཟླ་ ༥ ནས་ད་བར་གྱི་དུས་ཡུན་གྱི་ནང་དབུས་ས་གཉིས་ནས་རྩ་འཛིན་ལམ་སྟོན་ཞུ་དགོས་པའི་རིགས་མང་པོ་ཞིག་ཡོད་པ་དེ་ཚོ་ཚང་མ་གྲུབ་ཟིན་པ་ཡིན་ནམ། དེའི་ཐོག་ལ་བཀའ་ཤག་གིས་ཕྱག་བསྟར་ཞུས་ཐུབ་ཡོད་མེད་ཀྱི་ཐོག་ལ་ངོས་འཛིན་གང་གནང་གི་ཡོད་དམ་མེད། སྤྱིར་བཏང་དོན་ཚན་རེ་རེའི་ཐོག་ལ་ཕྱིན་པ་ཡིན་ན་བཀའ་འདྲི་ཞུ་དགོས་པའི་དོན་དག་མང་པོ་ཞིག་འདུག་ཀྱང༌། ལག་ལེན་བསྟར་བཞིན་པ་ཡིན་གསུངས་ཙང་དེ་རང་ལ་གཞག་རྒྱུ་ཡིན། ཡིན་ན་ཡང་གྲོས་ཆོད་ཨང་ ༡༦ ནང་དུ་གསལ་བའི་དོན་ཚན་ཁག་བསྒྲུབ་པར་ནང་སྲིད་ནས་བཀའ་ཤག་ལ་ཞབས་སྐུལ་སྙན་གསན་ཞུ་གི་ཡིན་ཞེས་འཁོད་འདུག་པས། བཀའ་ཤག་གིས་དེའི་ཐོག་ལ་ལམ་སྟོན་དང་རྩ་འཛིན་ཞུ་རྒྱུའི་བཀོད་ཁྱབ་དེ་འདྲ་གནང་ཡོད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོར་ཕྱི་ལོ་ ༢༠༠༣ ལ་བཞག་པའི་གྲོས་ཆོད་རྣམས་ཀྱི་ནང་ནས་གྲོས་ཆོད་དང་པོ་མ་གཏོགས་ཚང་མ་ལག་ལེན་འཁེལ་བ་རེད་དམ་ཞེས་གསུངས་པའི་ཐད། གྲོས་ཆོད་མང་ཆེ་བ་ལག་ལེན་འཁེལ་བའི་གྲས་སུ་བརྩི་བ་ཡིན། གང་ཡིན་ཞེ་ན། ས་གནས་ཡོངས་སུ་རྫོགས་པ་ལ་ལག་ལེན་མ་འཁེལ་ནའང་ས་གནས་ཕལ་ཆེ་བར་ལག་ལེན་འཁེལ་འདུག ལག་ལེན་མ་འཁེལ་བའི་ས་གནས་དེ་ཚོའང་རིང་མིན་ལག་ལེན་འཁེལ་ཐུབ་པའི་རེ་བ་ཡོད་ཙང་ལག་ལེན་གང་ཡོད་འཁེལ་ཐབས་ཞུས་ཡོད་ཅེས་པ་དེ་ལག་ལེན་འཁེལ་ཟིན་པ་དང་འཁེལ་བཞིན་པ་གཉིས་ཀ་སྟོན་གྱི་ཡོད། གྲོས་ཆོད་དོན་ཚན་དང་པོ་ས་ཐོ་ལག་འཛིན་གྱི་སྐོར་དེ་གལ་ཆེན་པོ་ཡིན་པ་དང༌། ས་གནས་མང་ཆེ་བར་ལག་ལེན་མ་འཁེལ་བ་ཡིན་ཙང་གྲོས་ཆོད་བསྐྱར་སྣོན་ཞུ་དགོས་དོན་དེ་རེད། གྲོས་ཆོད་བསྐྱར་སྣོན་གྱིས་ད་ལྟ་ལག་ལེན་འཁེལ་ཐབས་བྱེད་བཞིན་པ་ཡིན།
འཕྲོས་དོན་དྲི་བ་གཉིས་པར་ས་ཐོ་ལག་འཛིན་གྱི་སྐོར་དེ་འདྲའི་དཀའ་ངལ་འཕྲད་དགོས་དོན་གང་ཡིན་ནམ་ཞེས་གསུངས་ཐད། གཞིས་ཆགས་ཁག་ལོ་སུམ་ཅུ་སོ་གྲངས་དང་བཞི་བཅུ་ཡས་མས་ཕྱིན་ཟིན་པ་ཤ་སྟག་ཡིན་པ་དང༌། ས་གནས་འགོ་འཛིན་རིམ་པས་ས་ཐོ་ལག་འཛིན་ཐོབ་ཐབས་འབད་བརྩོན་གནང་མི་འདུག་ལ། ནང་སྲིད་ལས་ཁུངས་ནས་ཀྱང་ཐུགས་སྣང་གནང་མི་འདུག ས་གནས་མང་ཆེ་བར་ཐོག་མ་མངའ་གཞུང་སོ་སོས་བོགས་མར་གནང་སྐབས་ལོ་ལྔ་དང་ལོ་བཅུ་ཙམ་བྱས་པ་རེད་འདུག བོགས་མའང་ཁ་ཤས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཚན་ཐོག་དང༌། ས་གནས་ཁ་ཤས་ལ་གཞིས་གྲོང་བགོ་བཤའ་རྒྱག་དུས་ངོ་ཡོད་མི་ཚང་སོ་སོའི་མཚན་ཐོག་ལ་གནང་བ་ཅི་རིགས་ཤིག་བྱུང་འདུག སྐབས་དེར་གསལ་བའི་བོགས་མའི་ལོ་དུས་རྫོགས་པའི་སྐབས་བོགས་མ་བསྐྱར་གསོ་བྱེད་རྒྱུའི་ལས་རིམ་དེ་འབྲེལ་ཡོད་ས་གནས་གཞུང་སོ་སོས་གནང་མི་འདུག་པ་མ་ཟད། ང་ཚོའི་ངོས་ནས་ཀྱང་ཞུས་མི་འདུག དེ་འདྲ་སོང་ཙང་ས་ཐོ་ལག་འཛིན་རྩ་བ་ནས་མེད་པ་གསར་དུ་ཞུ་དགོས་པ་དང༌། བོགས་མ་དུས་ཚོད་ཡོལ་ཟིན་པ་བསྐྱར་གསོ་བྱེད་དགོས་པ། ས་ཐོ་ལག་འཛིན་དུས་ཚོད་ཡོལ་ཟིན་པ་བསྐྱར་གསོ་བྱེད་དགོས་པ་སོགས་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་སྟབས་དཀའ་ངལ་ཆེན་པོ་འཕྲད་པ་རེད། དཀའ་ངལ་འཕྲད་བཞིན་དུ་གྲོས་ཆོད་བསྐྱར་འཇོག་གིས་འབད་བརྩོན་ཞུ་དགོས་དོན་ནི་ད་ལྟ་ས་ཐོ་ལག་འཛིན་ཡག་པོ་ཞིག་མ་བཟོས་ན་རྒྱ་གར་མངའ་སྡེའི་གཞུང་དང་དབུས་གཞུང་ཡང་ཡང་འགྱུར་བ་འགྲོ་བཞིན་པ་ཡིན་དུས་ཉིན་གཅིག་བཙན་བྱོལ་བོད་མིའི་གནས་བབ་ལ་བརྩི་མཐོང་མེད་མཁན་གྱི་གཞུང་ཞིག་སླེབས་ནས་ས་ཆའི་གནས་བབ་བསྐྱར་ཞིབ་བྱེད་པ་ཡིན་ན་སོ་སོའི་ས་ཆའི་བདག་དབང་ཁུངས་སྐྱེལ་མི་ཐུབ་པ་ཡོང་ཉེན་དང༌། དེ་ཙམ་མ་ཟད་ཁྱིམ་མཚེས་གྲོང་གསེབ་ཁག་ནས་རྩོད་གླེང་བྱུང་བ་ཡིན་ན་ཁྲིམས་མཐུན་ཁུངས་སྐྱེལ་མི་ཐུབ་པའི་གནས་ཚུལ་ཡོང་རྒྱུ་ཉག་གཅིག་རེད། གཞིས་ཆགས་མང་པོའི་ནང་ཁྱིམ་མཚེས་ཡུལ་མི་ཚོས་བོད་མིའི་ས་ཆ་ཧམ་ཟོས་བྱས་པ་ཇི་སྙེད་ཅིག་བྱུང་འདུག དེ་ནི་ཕྱོགས་གཅིག་ནས་ང་ཚོས་ཐོག་མ་ནས་ས་ཆ་བདག་བཟུང་ཡག་པོ་བྱེད་མ་ཐུབ་པ་དང༌། ས་མཚམས་ཀྱི་ས་རྟགས་གསལ་པོ་མེད་པ། ས་ཐོ་ལག་འཛིན་མེད་པ་བཅས་ཀྱི་དབང་གིས་བྱུང་བ་རེད། དེ་འདྲ་སོང་ཙང་ང་ཚོས་བསྐྱར་དུ་གལ་ཆེན་པོར་རྩིས་ནས་འབད་བརྩོན་བྱེད་ཀྱི་ཡོད།
ཡང་ས་ཐོ་ལག་འཛིན་མེད་པ་ས་ཁག་དགུ་ནས་ཤི་ལོང༌། སྦེང་ལོར། དིལླཱི། ཀ་སྦུག་བཅས་ཕྱིར་འཐེན་ཞུས་པའི་རྒྱུ་མཚན་ནི་ས་གནས་དེ་ཚོའི་ནང་གཞུང་ངམ་གཞིས་མིར་དབང་བའི་ས་ཆ་གང་ཡང་མི་འདུག
གྲོས་ཆོད་དོན་ཚན་ ༡༦ པའི་ནང་དུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་དྲུང་ཡོངས་རྫོགས་རྩིས་ཀྱི་སློབ་སྦྱོང་ཐོན་པ་ཤ་སྟག་ཡོང་བ་དང༌། ནང་སྲིད་ལས་ཁུངས་ནས་དུས་ནས་དུས་སུ་རྩིས་པར་བསྐོ་གཞག་བྱུང་བའི་སྲི་ཞུ་བ་ཚོར་དུས་ཐུང་རྩིས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་གཉིས་པོ་ལག་ལེན་དུ་འཁེལ་བཞིན་པ་ཡིན་ཞེས་ཞུ་རྒྱུ་ཡིན།
དོན་ཚན་རེ་རེ་བཞིན་དུ་གསལ་པོ་བྱུང་མི་འདུག་ཅེས་གསུངས་པའི་ཐད། དོན་ཚན་རེ་རེ་བཞིན་དུ་གསལ་བཤད་ཞུས་པ་ཡིན་ན་དྲིས་ལན་ཤོག་གྲངས་ཧ་ཅང་མང་པོ་ཡོང་ས་རེད། དེ་འདྲ་བྱས་ན་དྲིས་ལན་ལྟ་བུ་ཞིག་མ་ཡིན་པར་ནང་སྲིད་བཀའ་བློན་གྱི་གཏམ་བཤད་ལྟ་བུ་ཞིག་ཆགས་ས་རེད། སྤྱིར་བཏང་དྲི་བ་མང་པོ་ཞིག་སྒྲིག་གཞི་དང་མཐུན་པ་ཞིག་མ་མཐོང་ཡང༌། དྲི་བ་ཕེབས་པའི་སྐབས་ལན་མ་ཞུས་རང་ཞུས་རེད། ང་ཚོས་ཐབས་ལམ་ཡག་ཤོས་གྲོས་ཆོད་ཀྱི་ངོ་བཤུས་འབུལ་རྒྱུ་དེ་རེད་བསམ་པ་རེད། དེ་འདྲ་སོང་ཙང་དོན་ཚན་རེ་རེ་བཞིན་གསལ་བཤད་མ་ཞུས་པར་གྲོས་ཆོད་ཀྱི་ངོ་བཤུས་ཆ་ཚང་ཕུལ་བ་ཡིན། ད་ལོའི་གྲོས་ཆོད་ནི་ ༢༠༠༥ ཟླ་ ༥ པའི་ནང་བཞག་པ་ཡིན་ཙང་ད་ལྟ་ཟླ་བ་བཞི་ཙམ་མ་གཏོགས་ཕྱིན་མེད་པས་དེའི་ནང་དོན་རྣམས་ལག་ལེན་བསྟར་བཞིན་པའམ་བསྟར་རྒྱུ་ཤ་སྟག་རེད། ཇི་ཙམ་ལག་ལེན་འཁེལ་ཡོད་མེད་ལོ་གཅིག་ཙམ་རྗེས་ལ་བསྐྱར་ཞིབ་ཀྱིས་ཞུས་ཆོག་པ་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣