ས་ཁང་བདག་གཉེར་ཁང་གི་ལས་དོན་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། རྩིས་ལོ་ ༢༠༠༤་་༠༥ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་དབུས་ལས་ཁུངས་ཁག་གཅིག་གི་ལས་ཁུངས་རྒྱ་བསྐྱེད་དང༌། བཟོ་བཅོས་ལས་ཁུངས་སོ་སོ་ནས་བྱེད་རྒྱུར་དགོས་དངུལ་འཆར་འབུལ་ཞུས་འདུག སླད་ནས་འདི་རིགས་འབྲེལ་ཡོད་ས་ཁང་བདག་གཉེར་ཁང་ནས་འགན་བཞེས་གནང་ན་ལས་ཀའི་ངོ་བོའི་ཆ་ནས་དགེ་མཚན་དུ་མཐོང་ཞེས་གསལ་འདུག་ནའང་འཆར་ལོའི་ནང་སླར་ཡང་ལས་ཁུངས་ཁག་ཅིག་གི་དངུལ་རྩིས་ནང་རྒྱ་བསྐྱེད་དང་བཟོ་བཅོས་ཀྱི་དགོས་དངུལ་འཆར་འབུལ་འདུག་ན་དེ་རིགས་ལས་ཀའི་ངོ་བོའི་ཆ་ནས་ས་ཁང་བདག་གཉེར་ཁང་ནས་འགན་བཞེས་གནང་མ་ཐུབ་པའི་རྒྱུ་མཚན་ཇི་ཆགས་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
ལས་ཁུངས་རྒྱ་བསྐྱེད་ཀྱི་སྔོན་རྩིས་ཕལ་ཆེར་དམིགས་བཀར་ནས་ཡོང་དགོས་པས་ས་ཁང་བདག་གཉེར་ཁོངས་གཏོང་ཐབས་མི་འདུག འོན་ཀྱང་སྔོན་རྩིས་བཀའ་འཁྲོལ་ཐོན་རྗེས་དངུལ་འབབ་ས་ཁང་བདག་གཉེར་ཁང་དུ་བཅུག་བརྒྱབས་ཏེ་ལས་ཀ་ས་ཁང་བདག་གཉེར་ཁང་ནས་ཞུས་ཀྱི་ཡོད། ལས་ཁུངས་ནང་གི་བཟོ་བཅོས་ལས་ཁུངས་སོ་སོ་ནས་བྱ་རྒྱུ་ལས་ས་ཁང་བདག་གཉེར་ཁང་ནས་སྟབས་བདེ་ཡོང་གི་མི་འདུག

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འཕྲོས་དོན་དྲི་བར།
བཀའ་ལན་གསལ་པོ་འདུག་ཀྱང་འཕྲོས་དོན་དྲི་བ་ཐུང་ཙམ་ཞིག་ཞུ་དགོས་ཆགས་སོང༌། བཀའ་ལན་གནང་བའི་ཐ་མའི་ཡིག་ཕྲེང་གཉིས་པའི་ནང་ལས་ཁུངས་ནང་གི་བཟོ་བཅོས་ལས་ཁུངས་སོ་སོ་ནས་བྱ་རྒྱུ་ལས་ས་ཁང་བདག་གཉེར་ཁང་ནས་སྟབས་བདེ་ཡོང་གི་མི་འདུག་ཅེས་གསལ་བའི་ཐད། སྟབས་བདེ་ཡོང་གི་མེད་པའི་ཐོག་ལ་གསལ་བཤད་ཅིག་གནང་རོགས།

བཀའ་ལན།
ལས་ཁུངས་སོ་སོའི་ནང་གི་བཟོ་བཅོས་བརྒྱབ་རྒྱུ་དེ་དགོས་མཁོ་འདྲ་མིན་དང༌། ཐུགས་འདོད་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་ཙང་ལས་ཁུངས་ནང་གི་འཛིན་ཆས་གོ་སྒྲིག་དང༌། པར་སྒྲོམ་སོགས་རྒྱན་སྤྲས་བྱེད་ཕྱོགས་དེ་ཚོ་སྔ་ལོ་ནས་ལས་ཁུངས་སོ་སོས་གནང་རྒྱུ་ཐུགས་འདོད་གནང་གི་ཡོད་འདུག དེར་བརྟེན་སྔ་སྲོལ་རང་འཇགས་བཞག་ན་སྟབས་བདེ་བར་མཐོང་ནས་རང་འཇགས་བཞག་པ་ཡིན། གསང་སྤྱོད་ཁྲུས་ཁང་གསར་རྒྱག་ལྟ་བུ་དང་ཕྱིའི་ཉམས་གསོ་གཅིག་གྱུར་བྱེད་ཆོག་པ་རྣམས་ས་ཁང་བདག་གཉེར་ཁང་གིས་བྱེད་ཀྱི་ཡོད།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
རྩིས་ལོ་ ༢༠༠༤་་༠༥ ལོའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་དུ་ལས་ཁུངས་བཟོ་བཅོས་གནང་རྒྱུ་དེ་ས་ཁང་བདག་གཉེར་ཁང་གིས་འཁྱེར་དགོས་ཀྱི་འདུག་ཅེས་གསལ་བ་དེ་ལོ་གཅིག་རྗེས་སུ་འགྱུར་བ་གང་ཡང་མེད་དུས་ད་ལོ་མུ་མཐུད་ནས་འབོད་སྐུལ་ཞུ་བསྡད་ཀྱི་ཡོད། དེ་འདྲ་ཡིན་དུས་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་དུ་གསལ་བ་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་ཟིན་པ་ཞིག་ལ་ལག་ལེན་བསྟར་ཐུབ་མིན་གྱི་འགྲེལ་བཤད་གང་ཡང་མེད་པར་སྐར་རྟགས་ཅན་གྱི་དྲི་བ་མ་སླེབས་བར་དུ་སྒུག་པ་དེ་གྲོས་ཚོགས་ཀྱི་དུས་ཚོད་ལ་ཁྱད་པར་འགྲོ་གི་འདུག ནང་སྲིད་ལས་ཁུངས་ནས་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་དུ་དེ་ལྟར་གསལ་ཡོད་པ་དེ་བཀའ་ཤག་ལ་སྙན་གསན་ཞུས་ནས་དེའི་ཐོག་ལ་གང་གནང་མིན་གྱི་ཐག་གཅོད་ཞུ་རྒྱུའི་ལམ་སྲོལ་ཞིག་དགོས་ཀྱི་མ་རེད་དམ། དེའི་ཐོག་ལ་དགོངས་བཞེས་གནང་རྒྱུ་བྱུང་ཡོད་དམ། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་དུ་གསལ་བ་དེའི་ཐད་ལ་ཡིན་གཅིག་མིན་གཉིས་གྲོས་ཚོགས་མ་ཚོགས་བར་དུ་སྒུག་མི་དགོས་པར་དེའི་བར་དུ་མཇུག་གནོན་གནང་རྒྱུའི་ཐབས་ལམ་ཞིག་ངེས་པར་དགོས་རྒྱུ་མཐོང་ན་གནང་བཞེད་ཇི་ཡོད་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
སྔ་ལོ་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་རྒྱབ་གཉེར་གྱི་ནང་ལས་ཁུངས་རྒྱ་བསྐྱེད་དང་བཟོ་བཅོས་དེ་དག་ས་ཁང་བདག་གཉེར་ཁང་གི་སྔོན་རྩིས་ནང་ཡོང་དགོས་གསལ་བ་དེ་དོ་སྣང་བྱུང༌། སྔོན་རྩིས་བསྐྱར་བཅོས་སྐབས་བཀའ་ཤག་གིས་བསྐྱར་ཞིབ་དང་གོ་བསྡུར་བྱས་པ་ཡིན། ལས་ཁུངས་ནང་གི་བཟོ་བཅོས་ཙག་ཙིག་མ་གཏོགས་ཨར་ལས་ཆ་ཚང་ས་ཁང་བདག་གཉེར་ཁང་གིས་བྱེད་དགོས་པའི་ལམ་སྟོན་བྱས་པ་བཞིན་ས་ཁང་བདག་གཉེར་ཁང་གིས་བྱེད་བཞིན་པ་རེད།
སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་བ་བཞིན་ལག་བསྟར་མ་ཐུབ་པ་ཡིན་ན་དེ་དོན་སྙན་གསན་བཀའ་ཁྲོལ་མ་ཞུས་པ་གང་ཡིན་ནམ་ཞེས་གསུངས་པའི་ཐད། དེ་འདྲ་བཀའ་ཁྲོལ་ཞུ་དགོས་ཀྱི་ཡོད་པ་མཐོང་མ་སོང༌། གལ་སྲིད་བཀའ་འཁྲོལ་ཞུ་དགོས་པའི་གྲོས་ཚོགས་ཀྱི་ལམ་སྟོན་བྱུང་ན་མ་འོངས་པར་ཞུ་ཆོག སྔོན་རྩིས་ཚོད་དཔག་ཚོགས་ཆུང་ཟེར་བ་དེ་ཕྱི་ལོ་ ༡༩༩༢ ནས་ཡོད་པ་དང༌། དེའི་སྙན་ཐོའང་ལོ་ལྟར་བཏོན་གནང་གི་ཡོད་རེད། འོན་ཀྱང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་རྒྱབ་གཉེར་བཀའ་ཤག་གིས་ལག་བསྟར་མ་ཐུབ་པའི་སྐབས་སུ་གྲོས་ཚོགས་ནས་བཀའ་ཁྲོལ་ཞུ་དགོས་པ་ཞིག་དེ་རིང་མ་གཏོགས་གོ་མ་མྱོང༌། དེ་ཙམ་དུ་མ་ཟད་ང་ཚོའི་མཐོང་སྣང་དུ་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་འགན་དབང་ནི་སྔོན་རྩིས་ནང་འཁོད་པའི་འཆར་རྩིས་རྣམས་ཚད་ལྡན་བྱུང་ཡོད་མེད་དང༌། སྔོན་རྩིས་ཀྱི་འཆར་རྩིས་དང་འབྲེལ་བའི་གནད་དོན་ཁག་ལ་ཞིབ་འཇུག་དང་སྙན་གསན་གནང་རྒྱུ་དེ་རེད། འོན་ཀྱང་འདས་པའི་ལོ་བཅུ་གསུམ་གྱི་སྙན་ཐོ་ཁག་ལ་གཟིགས་ན་འཛིན་སྐྱོང་གི་ལས་དོན་མང་པོའི་ཐོག་ཐེ་བྱུས་དང་སྙན་ཐོ་གནང་བ་བྱུང་འདུག དེ་ཚོ་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྒྲིག་གཞི་དང་མཐུན་པ་བྱུང་ཡོད་མེད་ཞིབ་འཇུག་གནང་དགོས་པ་ཞིག་རེད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
བཀའ་ལན་གྱི་ནང་ལ་ལས་ཁུངས་ནང་གི་བཟོ་བཅོས་ལས་ཁུངས་སོ་སོ་ནས་བྱ་རྒྱུ་ལས་ས་ཁང་བདག་གཉེར་ཁང་ནས་སྟབས་བདེ་ཡོང་གི་མི་འདུག་ཅེས་གསལ་འདུག ས་ཁང་བདག་གཉེར་ཁང་དེ་ས་ཁང་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཡིན་དུས་ཅ་དངོས་ཉོ་ཚོང་གིས་མཚོན་པའི་ལས་ཀའི་རྒྱུས་མངའ་ཡོད་པ་ཡིན་པས་ལས་ཁུངས་སོ་སོས་མི་གསར་པ་ཞིག་བསྐོས་ནས་ལྟ་རྟོག་བྱེད་ཀྱིན་བསྡད་པ་ལས་ལོ་མང་ནས་ཉམས་མྱོང་ཡོད་པ་ཞིག་ལ་སྤྲད་པ་ཡིན་ན་གཞུང་གི་དངུལ་གྲོན་སོགས་གང་ཅིའི་ཐད་ལ་ཆུང་བ་མེད་དམ་ཞེས་ང་རང་སྒེར་གྱི་ངོས་ནས་དེ་འདྲ་བསམ་གྱི་འདུག ས་ཁང་བདག་གཉེར་ཁང་ལ་ལས་ཁུངས་སོ་སོའི་དགོས་མཁོ་དང་འཚམས་པའི་མི་འགྲོ་མེད་པ་ཡིན་ནམ། ལས་ཁུངས་སོ་སོའི་ངོས་ནས་བྱས་པ་ཡིན་ན་གཞུང་གི་དཔལ་འབྱོར་བསྲི་ཚགས་ལ་ཕན་ཐོགས་ཡོད་པའམ། ཡང་ན་འཛིན་སྐྱོང་གི་ཐོག་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པར་དགོངས་ཀྱི་ཡོད་དམ། དེའི་ཐོག་ལ་གསལ་བཤད་ཅིག་གནང་རོགས།

བཀའ་ལན།
འདིའི་སྐོར་སྔོན་དུ་ཞུས་ཟིན་པ་དེ་རང་མ་གཏོགས་དེ་ལས་ལྷག་པ་ཞུ་རྒྱུ་མེད། ལས་ཁུངས་སོ་སོའི་ནང་ཙག་ཙིག་གི་ལས་ཀ་དེ་ཚོ་དུས་ཚོད་ངེས་མེད་དང༌། རྣམ་པ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་ཡོད་སྟབས། ལས་ཁུངས་སོ་སོས་བྱེད་ན་སྟབས་བདེ་བ་དང༌། ས་ཁང་བདག་གཉེར་ཁང་ནས་བྱས་པ་ཡིན་ན་སྟབས་མི་བདེ་བ་མ་ཟད། དུས་ཚོད་ཀྱང་འགོར་རྒྱུ་དང་ལས་ཁུངས་སོ་སོའི་ཐུགས་འདོད་བཞིན་ཡོང་མིན་ཆ་མ་རྟོགས་པ་བཅས་ལ་བརྟེན་ནས་མ་བྱས་པ་རེད། ཡང་ངེས་པར་དུ་དེ་ཚོ་ཚང་མ་ས་ཁང་བདག་གཉེར་ཁང་ནས་བྱེད་དགོས་པའི་གྲོས་ཚོགས་ཀྱི་ཐག་གཅོད་ལམ་སྟོན་གསལ་པོ་བྱུང་བ་ཡིན་ན་དེ་དོན་ཞུ་རྒྱུ་རེད།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨