ཤེས་ཡོན་སློབ་སྦྱོང་དང་ཆོས་སྲིད་སྒྲིག་འཛུགས་ཁག་ལས་འཕྲོས་པའི་དྲི་བ་དྲིས་ལན།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས། ༄༅། །བཀའ་ཤག་སྐབས་བཅིུས་པས་གཅིག་བསྡུས་ཡར་རྒྱས་འཆར་གཞི་གསུམ་པའི་དགོངས་དོན་ ༢༠༠༣ ནས་ ༢༠༠༦ བར་གྱི་ལས་གཞི་ལག་བསྟར་ལམ་སྟོན་ནང་གསལ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་ཛ་དྲག་ཆེ་བའི་ལས་གཞི་གསུམ་དང་གྲུབ་དོན་ཁག་བཅས་ངོས་འཛིན་གནང་བའི་ནང་ཚན།

ཁ༽ སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ།
༡ གཞིས་གྲོང་སོ་སོའི་ནང་གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་གྱི་སྒྲོམ་གཞིའི་མཐུན་རྐྱེན་རྣམས་སྲ་བརྟན་བཟོས་ཏེ་ཆོས་སྲིད་ཀྱི་སྒྲིག་འཛུགས་ཁག་ནུས་ལྡན་དུ་བཟོ་རྒྱུ་དང༌།
༢ ཆོས་སྲིད་སྒྲིག་འཛུགས་ཁག་གིས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐོག་དགོས་ངེས་ཀྱི་བྱེད་སྒོ་རྣམས་ཡར་རྒྱས་གཏོང་རྒྱུ། ཞེས་སོགས་འཁོད་ཡོད་ན་ཆོས་སྲིད་ཀྱི་སྒྲིག་འཛུགས་ཟེར་བ་གང་དང་གང་ཡིན་དང༌། དོན་ཚན་སོ་སོའི་ལས་གཞིའི་གནས་སྟངས་ད་ཆ་ཇི་ལྟར་ཆགས་ཡོད་དམ།

བཀའ་ལན།
༡ གཞིས་གྲོང་སོ་སོའི་ནང་གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་གྱི་སྒྲོམ་གཞིའི་མཐུན་རྐྱེན་སྲ་བརྟན་བཟོ་ཐབས་སུ།
ཀ ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་བོད་ཕྲུག་ཡོངས་ལ་གཞི་རིམ་གྱི་ཤེས་ཡོན་རིན་མེད་དུ་སྤྲོད་ཐབས་བྱ་རྒྱུ།
ཁ གཞིས་གྲོང་སོ་སོའི་ནང་སློབ་ཕྲུག་གི་གྲངས་འབོར་མ་ལོན་པའི་སློབ་གྲྭའམ་འཛིན་གྲྭ་སྒོ་རྒྱག་དགོས་པའི་ལམ་ལུགས་བསྐྱར་བཅོས་ཀྱིས་ད་ཡོད་སློབ་གྲྭ་རྣམས་བཟློག་ཏུ་མེད་པའི་རྒྱུ་མཚན་ཡོད་ན་མ་གཏོགས་སྒོ་བརྒྱབ་མི་དགོས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡིན།
༢ ཆོས་སྲིད་ཀྱི་སྒྲིག་འཛུགས་ཞེས་པ་ཆོས་ཀྱི་སྒྲིག་འཛུགས་རབ་བཙུན་སྔགས་གསུམ་གྱི་ཆོས་སྡེ་ཁག་དང༌། སྲིད་ཀྱི་སྒྲིག་འཛུགས་ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང༌། ས་གནས་མཉམ་འབྲེལ། ས་གནས་འཕྲོད་བསྟེན་སྡེ་ཚན་སོགས་ཡིན་ཞིང༌། དེ་དག་གིས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐོག་དགོས་ངེས་ཀྱི་བྱེད་སྒོ་ཡར་རྒྱས་གཏོང་རྒྱུའི་སླད།
ཀ ཆོས་སྡེ་ཁག་གི་སྒྲིག་འཛུགས་ཡར་རྒྱས་གཏོང་ཆེད་ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ལས་རིམ་འགྲོ་བཞིན་པ་དང༌།
ཁ ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་དང་མཐུན་རྐྱེན་མཁོ་སྒྲུབ།
ག ས་གནས་འགོ་འཛིན་ལས་ཁུངས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་དང༌། ས་མིག་གཏན་འབེབས། ས་གནས་འགོ་འཛིན་གང་མང་འོས་བསྡུའི་ལམ་ནས་ཡོང་ཐབས།
ང ས་གནས་མཉམ་འབྲེལ་ཡོངས་ལ་མཉམ་འབྲེལ་ཚོགས་གཙོ་མང་ཆེ་བ་འོས་འདེམས་ཟིན་པ་དང༌། མཉམ་དྲུང་ཆེད་གཉེར་སློབ་ཐོན་ཤ་སྟག་བཀོད་བསྒྲིགས། སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་ཞུས་པ་སོགས་དང༌། ས་གནས་རང་བདེན་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་དཔྱ་ཁྲལ་འབུལ་དེབ་དང༌། དཔྱ་ཁྲལ་ཁྲིམས་ཡིག་བསྐྱར་བཅོས་སོགས་ཞུས་དང་ཞུ་མུས་ཡིན།
ཅ ཤེས་ཡོན་སྒྲིག་འཛུགས་སྲ་བརྟན་ཆེད་ལས་གཞི་ཁག ༧༢ ལ་ཧིན་སྒོར་དུང་ཕྱུར་བཅུ་ལྷག་དང༌། མང་གཙོའི་སྒྲིག་འཛུགས་ཁག་ཡར་རྒྱས་ཆེད་ལས་གཞི་གྲངས་ ༡༢ ལ་མ་གནས་སྒོར་འབུམ་ ༡༠༩ མཉམ་འབྲེལ་སྒྲིག་འཛུགས་སླད་ལས་གཞི་ཁག་ ༤༨ ལ་མ་གནས་སྒོར་དུང་ཕྱུར་ ༡ གཏོང་འཆར་ཡོད།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས་འཕྲོས་དོན་དྲི་བར།
སྤྱིར་བཏང་བཀའ་ལན་ཁ་གསལ་པོ་ཡག་པོ་ཞེ་དྲགས་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་འཕྲོས་དོན་དྲི་བ་རེ་ཟུང་ཞིག་ཆགས་བསྡད་ཀྱི་འདུག དང་པོ་ བྱཁབྱ པའི་ནང་གསལ་གྱི་གཞིས་གྲོང་སོ་སོའི་ནང་སློབ་ཕྲུག་གི་གྲངས་འབོར་མ་ལོན་པའི་སློབ་གྲྭའམ་འཛིན་གྲྭ་སྒོ་བརྒྱབ་དགོས་པའི་ལམ་ལུགས་བསྐྱར་བཅོས་ཀྱིས་ད་ཡོད་སློབ་གྲྭ་རྣམས་བཟློག་ཏུ་མེད་པའི་རྒྱུ་མཚན་ཡོད་ན་མ་གཏོགས་ཅེས་འཁོད་འདུག་པས་འདིར་བཟློག་ཏུ་མེད་པའི་རྒྱུ་མཚན་ཡོད་པ་གང་དང་ཇི་ཙམ་ཞིག་ད་ལྟ་བར་དུ་ཡོད་དམ། གཉིས་པ། དྲི་བ་གཉིས་པའི་ བྱཀབྱ པ་ལ་ཆོས་སྡེ་ཁག་གི་སྒྲིག་འཛུགས་ཡར་རྒྱས་གཏོང་ཆེད་ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ལས་རིམ་འགྲོ་བཞིན་པ་ཞེས་གསུངས་པ་དེ་དག་ལས་རིམ་གང་དང་གང་ཡིན་མིན་གྱི་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན། གསུམ་པ། གཉིས་པའི་ནང་གསེས་ཅ་པའི་ནང་དུ་ཤེས་ཡོན་སྒྲིག་འཛུགས་སྲ་བརྟན་ཆེད་ལས་གཞི་ཁག་ ༧༢ ལ་ཧིན་སྒོར་དུང་ཕྱུར་བཅུ་ལྷག་དང༌། མང་གཙོའི་སྒྲིག་འཛུགས་སླད་ལས་གཞི་ཁག་ ༡༢ ལ་མ་གནས་སྒོར་འབུམ་ ༡༠༩ མཉམ་འབྲེལ་སྒྲིག་འཛུགས་སླད་ལས་གཞི་ཁག་ ༤༨ ལ་མ་གནས་སྒོར་དུང་ཕྱུར་ ༡ གཏོང་འཆར་ཡོད་པ་ཞེས་འཁོད་འདུག་པས་དངུལ་འབོར་དེ་དག་ཐག་ཆོད་ཟིན་པ་ཡིན་ནམ། ཡང་ན་ཐག་གཅོད་གནང་རྒྱུ་ཡིན་པ་ཡིན་ན་ཡོང་ཁུངས་ཇི་ལྟར་ཡིན་ནམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་བཟློག་ཏུ་མེད་པའི་རྒྱུ་མཚན་གང་རེད་ཅེས་གསུངས་པ་དེ་སློབ་ཕྲུག་གཅིག་ཀྱང་མེད་པ་ཡིན་ན་སློབ་གྲྭ་རང་བཞིན་གྱིས་སྒོ་ཐེབས་འགྲོ་བ་རེད། དེ་བཟློག་ཏུ་མེད་པའི་རྒྱུ་མཚན་གཅིག་རེད། ཡང་སྐབས་རེ་སློབ་ཕྲུག་རེ་ཟུང་ཡོད་པ་ཡིན་ནའང་གནས་ཚུལ་དང་རྒྱུ་མཚན་བཟློག་ཏུ་མེད་པ་གཞན་ཡང་ཡོང་སྲིད་པ་རེད།
ཆོས་རིག་ལས་ཁུངས་ཀྱི་ལས་གཞི་འགྲོ་བཞིན་པ་གང་དང་གང་རེད་གསུངས་པའི་ཐད། གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་སྙན་གསན་ཞུས་པ་ལྟར། ཆོས་རིག་ལས་ཁུངས་འདི་ཞབས་བརྟན་སྒྲུབ་མཁན་གྱི་ལས་ཁུངས་ལྟ་བུ་མ་ཡིན་པར་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པར་དོན་དམ་གྱིས་འཛིན་སྐྱོང་དང་བཏང་འཛིན་གནང་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད། དེ་ལ་གྲོས་ཚོགས་ཀྱིས་དགོངས་མཐུན་བྱུང་བ་ཡིན་ཙང༌། ཆོས་ཚོགས་ཀྱི་ཚོགས་འདུར་སྙན་གསན་ཞུས་པ་རེད། ཆོས་ཚོགས་ནས་དགོངས་མཐུན་བྱུང་སྟེ་འཆར་གཞི་ཞིབ་ཕྲ་ཆོས་དོན་ལས་ཁུངས་ལ་གོ་སྒྲིག་བྱེད་དགོས་གསུངས་འདུག ད་ལྟ་ཡིག་ཆ་གོ་སྒྲིག་ཞུ་བཞིན་པ་ཡིན། འདི་ལོའི་ཆོས་ཚོགས་སྐབས་འཆར་ཟིན་སྙན་གསན་ཞུ་རྩིས་ཡིན། ཆོས་ཚོགས་སུ་ཐུགས་མཐུན་བཀའ་འཁྲོལ་བྱུང་བ་ཡིན་ན། དེ་ནས་གྲོས་ཚོགས་སུ་གཏན་འབེབས་གནང་རྒྱུའི་ཆེད་དུ་འབུལ་རྒྱུ་རེད། ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ཀྱིས་ལས་ཁུངས་དེ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་ཡོད་པའི་དབང་ལྡན་གྱི་ཚོགས་སྡེ་ཞིག་ལ་བསྒྱུར་རྒྱུའི་ལས་གཞི་དེ་རེད་ཞུ་རྒྱུ་ཡིན།
བྱཅ་བྱ པའི་ནང་དུ་ཡོད་པའི་ལས་གཞི་ཁག་དངུལ་འབོར་ཐོབ་ཟིན་པ་དང་འཐོབ་རྒྱུ་བསྡད་པ་ཅི་རིགས་ཡོད། གཅིག་བསྡུས་འཆར་གཞི་གསུམ་པའི་ལས་གཞི་སྤྱི་ཡོངས་ཀྱི་ཆ་ནས་དགོས་དངུལ་བརྒྱ་ཆ་ ༦༠ མ་ཟིན་ཙམ་ཞིག་ད་ལྟ་ཡོང་གཏན་འཁེལ་རྒྱུ་རེད། བརྒྱ་ཆ་ ༤༠ ལྷག་ཙམ་ཞིག་ཡོང་གཏན་འཁེལ་ཟིན་པ་རེད། ཡིན་ནའང་ད་ལྟ་ཡོ་རོབ་མཐུན་ཚོགས་ཀྱིས་དབུས་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཡོང་ཁུངས་ཁ་ཤས་ཀྱི་མཉམ་དུ་དགོས་དངུལ་ཞུ་རྒྱུའི་ལས་རིམ་འགྲོ་བཞིན་པ་ཡིན་སྟབས་རིང་མིན་གཅིག་བསྡུས་འཆར་གཞི་གསུམ་པའི་ལས་རིམ་ཚང་མའི་ཐོག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་འཐོབ་རྒྱུའི་ཡིད་ཆེས་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དང་པོ་འཕྲོས་དོན་དྲི་བའི་ལན་དང་པོའི་ཀ་པའི་ཐོག་ལ་ཞུ་རྒྱུ་ཡིན། གཞི་རིམ་ཤེས་ཡོན་རིན་མེད་དུ་སྤྲོད་ཐབས་བྱ་རྒྱུ་ཞེས་འཁོད་འདུག དོན་ཚན་འདིའི་ནང་གསལ་བ་རེ་རེ་བཞིན་བལྟས་སྐབས་བཀའ་ཤག་གི་དགོངས་གཞི་རླབས་ཆེན་ཞིག་གནང་འདུག་པས་རྗེས་སུ་ཡི་རངས་དང་དགའ་བསུ་ཞུ་རྒྱུ་ཡིན། ཡིན་ནའང་གཞི་རིམ་ཤེས་ཡོན་རིན་མེད་སྤྲོད་ཐབས་བྱ་རྒྱུ་ཞེས་པ་འདི་འཆར་གཞི་ཞིག་རེད། འཆར་གཞི་འདི་ལག་ལེན་བསྟར་ཐུབ་དང་མི་ཐུབ་སོ་སོའི་མི་མང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཐེ་ཚོམ་རེད་འདུག མཟད་བོད་པའི་སྤྱི་ཚོགས་ནང་དུ་གཞི་རིམ་ཤེས་ཡོན་སོ་སོ་ནས་ཡག་པོ་སྤྲོད་མི་ཐུབ་མཁན་དེ་ལ་བརྟེན་ནས་སློབ་གྲྭ་ཁག་མཐོ་འབྲིང་དམའ་གསུམ་གྱི་ནང་དུ་འགྲོ་མི་ཐུབ་མཁན་རབས་དང་རིམ་པ་ཞིག་ཡོང་བཞིན་པ་རེད། དེ་བཞིན་འཛིན་རིམ་བཅུ་པ་ཐོན་རྗེས་སུ་མཐོ་རིམ་སློབ་གྲྭ་ཁག་གི་ནང་དུ་དཔལ་འབྱོར་གྱི་དཀའ་ངལ་ཤེས་ཡོན་གྱི་དཀའ་ངལ་སོགས་མང་པོ་ཞིག་ཡོད་སྟབས་གཞི་རིམ་གྱི་ཤེས་ཡོན་རིན་མེད་སྤྲོད་ཐབས་དེ་ག་དུས་ནས་འགོ་ཚུགས་རྒྱུ་ཡིན་ནམ། གཉིས་པ། གཞི་རིམ་རྒྱ་ཆེའི་མང་ཚོགས་ཀྱི་ནང་དུ་དཀའ་ངལ་ཆེན་པོ་ཡོད་བཞིན་པའི་གནས་ཚུལ་ཞིག་ནི་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་སློབ་གྲྭ་སོགས་གསར་འཛུགས་གནང་ཡོད་པ་དེ་བར་ལམ་ཞིག་ནས་གཞུང་གི་ཡང་འགྲོ་སྟངས་གཅིག་གི་ཐོག་ནས་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབས་དགོས་བྱུང་ནས་དཀའ་ངལ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་རེད། དེ་རིང་བར་སྤྱི་འཐུས་མང་པོས་བཀའ་འདྲི་ཞུས། ཐུགས་སྣང་གཞེན་བསྐུལ་ཞུས་ནས་དེ་རིང་འདི་བཀའ་བཟང་པོ་ཞིག་ཕེབས་འདུག་བསམས་ནས་ཞེ་དྲགས་ཀྱི་དགའ་པོ་བྱུང་སོང་བས་འཆར་གཞི་དེ་དག་ལག་ལེན་དུ་ག་དུས་བསྟར་རྒྱུ་ཡིན་ནམ་ཞུ་རྒྱུ་ཡིན། གསུམ་པར་དྲི་བའི་ལན་གཉིས་པའི་ནང་གི་གཉིས་པ་ཆོས་སྲིད་སྒྲིག་འཛུགས་ཞེས་པའི་ཆོས་ཀྱི་སྒྲིག་འཛུགས་རབ་བཙུན་སྔགས་གསུམ་ཞེས་འཁོད་འདུག རྩ་བའི་ཁྱད་པར་མི་འདུག་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་གོས་དཀར་ལྕང་ལོའི་སྡེ་དང་རབ་བྱུང་ངུར་སྨྲིག་གི་སྡེ་ཞེས་འཁོད་ཡོད་རེད། བྱས་ཙང་འདིར་རབ་བཙུན་སྔགས་གསུམ་ཞེས་དམིགས་བསལ་གྱི་ཁྱད་ཆོས་འདྲ་བ་ཞིག་ཡིན་ནམ། ཡང་ན་སྤྱིར་བཏང་གི་བཀོད་སྟངས་ཤིག་ཆགས་པ་ཡིན་ནམ། དེའི་ཐོག་ལ་བཀའ་སློབ་གཅིག་གསུང་རོགས་ཞུ་རྒྱུ་ཡིན། དེ་ནས་ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་རིམ་བཞིན་ཀ་ཁ་ག་ཞེས་བཀོད་འདུག་ལ། དེའི་ལན་ཡང་བཀའ་བློན་ཁྲི་པས་གསལ་པོ་གསུངས་སོང༌། ཡིན་ནའང་རང་གཞུང་ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ལས་ཁུངས་ལྟ་བུ་ཞིག་ལ་ངས་ངོས་འཛིན་ཞུ་གི་མེད། དེ་ལྷན་ཁང་ཁག་གི་ནང་ནས་གནད་འགག་ཆེ་བ་ཞིག་གི་གྲངས་སུ་བརྩི་བ་ལས་ཞབས་བརྟན་གྲ་སྒྲིག་དང་བླ་ཆེན་སྣེ་ལེན་ཙམ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དོན་དག་གཞན་ཞིག་ལ་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་དེ་གཅིག་པུ་མ་ཡིན་པར་འགན་ཡང་མང་པོ་ཞིག་འཁྱེར་ཡོད་རེད་བསམ་གྱི་འདུག ཡིན་ནའང་ཁྱད་པར་གང་ཡང་མི་འདུག གོང་དུ་བཀའ་ཁྲི་མཆོག་གི་བཀའ་ཕེབས་པ་བཞིན་སྔ་རྗེས་བར་གསུམ་གྱི་ཡར་རྒྱས་དང་མ་འོངས་སྣང་འཆར་སྐོར་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་ཞིག་འདུག དེའི་སྐོར་ལ་དམིགས་བསལ་གྱི་དྲི་བ་ཞུ་དགོས་མི་འདུག དེ་ནས་ཁ་པའི་ཐོག་ལ་ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་དང་མཐུན་རྐྱེན་མཁོ་སྒྲུབ་ཅེས་གསུངས་སོང༌། དེའི་ཐོག་ལ་དྭོགས་འདྲི་ཆུང་ཆུང་ཞིག་ཞུ་འདོད་བྱུང༌། ས་གནས་འཐུས་ཚོགས་དེ་དངོས་གནས་གལ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཆེན་པོ་དེ་འདྲའི་ནང་ད་ལྟ་ས་གནས་འཐུས་ཚོགས་ཁྱོན་ནས་ཚོགས་མ་ཐུབ་ནས་གང་ལྟར་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་ས་གནས་འཐུས་ཚོགས་གཞན་ཚང་མ་ཚོགས་ཟིན་ནའང་དེ་ད་དུང་ལྷག་ནས་བསྡད་ཡོད་རེད། ས་གནས་ཆེ་ཁག་དེ་དང་དེ་ཙམ་མ་ཡིན་པའི་ས་གནས་ཆེ་ཁག་གཞན་རེ་གཉིས་ཀྱི་ནང་དུ་ཚུགས་ཐུབ་ཡོད་མ་རེད། བྱས་ཙང་དེའི་ཐོག་ཏུ་ཚོགས་མ་ཐུབ་པ་དེ་ཚོགས་ཐུབ་པའི་ཆེད་དུ་གནང་འཆར་དང་ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་དང་མཐུན་རྐྱེན་མཁོ་སྒྲུབ་གནང་རྒྱུ་གང་དང་གང་ཡོད་ཞུ་རྒྱུ་ཡིན། དེ་ནས་ག་པའི་ནང་དུ་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་ཞེས་བཀོད་འདུག འདི་བསྐྱར་བཅོས་གནང་གི་ཡོད་པ་ཡིན་ཙང༌། ད་ལྟ་གཏན་འབེབས་བྱས་པ་འདི་དང་མི་འདྲ་བ་ཞིག་བསྐྱར་བཅོས་གནང་རྒྱུ་དང་ས་མིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་འདྲ་པོ་གང་འདྲ་ཞིག་ཡོད། དེ་བཞིན་རང་གཞུང་བཀའ་ཤག་ནས་ལན་མང་དྲིལ་བསྒྲགས་གནང་ནས་སྔ་རྗེས་བར་གསུམ་དུ་གནང་སོང༌། ས་གནས་འགོ་འཛིན་དེ་གང་མང་ཞིག་འོས་བསྡུའི་ལས་ནས་ཡོང་ཐབས་བྱ་རྒྱུ་ཡིན་གསུངས་འདུག སོ་སོ་རང་གི་མཐོང་ཚུལ་བྱེད་ན་ས་གནས་འགོ་འཛིན་དེ་གང་མང་ཡོང་རྒྱུ་དེ་སྤྱི་འཐུས་ཀྱི་དགོངས་གཞི་དང་འཛིན་སྐྱོང་བཀའ་ཤག་གི་དགོངས་གཞི་ཚང་མ་གནང་སོང་སྟེ་མི་མང་རང་ནས་ས་གནས་སོ་སོ་ནས་ཡོང་རྒྱུ་དེ་ཞེ་དྲགས་དཀའ་པོ་ཞིག་ཆགས་སོང་བསམ་པ་ཞིག་བྱུང༌། དཔེར་ན་རྡ་རམ་ས་ལ་ལྟ་བུར། དང་པོ་ས་གནས་རང་ཁོངས་ནས་བདམས་པ་རེད་དེ། ཡང་ཉེ་ཆར་གནས་ཚུལ་ག་འདྲ་ཆགས་ཡོད་མེད་ང་ཚོ་ཚང་མས་མཁྱེན་གསལ་བཞིན་རེད། བྱས་ཙང་རྒྱུ་མཚན་དེ་དག་ལ་བརྟེན་ནས་ས་གནས་འགོ་འཛིན་གང་མང་ཞིག་ཡོང་ཐབས་ལ་དེ་སྔའི་དྲིལ་བསྒྲགས་མ་ཡིན་པར་བཀའ་ཤག་ངོས་ནས་ཐབས་ལམ་གསར་པ་ཞིག་ཡོང་བའི་ཐུགས་རེ་གང་གནང་གི་ཡོད་དམ།

བཀའ་ལན།
དྲི་བ་ཧ་ཅང་མང་པོ་འདུག དེ་ནས་གདམ་ག་ཞུས་ཆོག་པའི་རེ་བ་ཡོད། སློབ་ཕྲུག་ཚོར་རྒྱུགས་སྤྲོད་གཏོང་བའི་སྐབས་ལའང་དྲི་བ་ལ་གདམ་ག་ཡོད་པ་རེད། བྱས་ཙང་དྲི་བ་གང་ཐུབ་ལ་ལན་ཞུ་རྒྱུ་ཡིན། དྲི་བ་རེ་ཟུང་ལ་འབུལ་རྒྱུ་ལུས་པ་ཡིན་ན་དགོངས་སེལ་ཞུ་རྒྱུ་ཡིན།
གཞི་རིམ་ཤེས་ཡོན་རིན་མེད་ག་དུས་ནས་འགོ་འཛུགས་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། དེ་འགོ་ཚུགས་ཟིན་པ་ཡིན། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གཞིར་བཟུང་ལས་དོན་འགྲོ་བཞིན་པ་རེད། བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་རང་སྐྱོང་སྡེ་ཚན་ཁག་དང་བཀའ་མོལ་ཞུ་བཞིན་པ་རེད། ཚང་མས་རིམ་བཞིན་ཕྱག་བསྟར་གནང་མདོག་ཁ་པོ་རེད། སྒེར་གྱི་སློབ་གྲྭ་ཁག་ནི་ཕ་མ་དང་སློབ་གྲྭ་གཉིས་ཀའི་མོས་མཐུན་གྱིས་འགྲོ་བཞིན་པ་སོང་ཙང་དེ་ལ་གཞུང་གི་སྲིད་བྱུས་ཀྱིས་ཁྱབ་ཁག་པོ་རེད། གཞི་རིམ་གྱི་ཤེས་ཡོན་རིན་མེད་དེ་ག་དུས་ནས་འགོ་ཚུགས་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་བ་དང་མཉམ་དུ་མཐོ་རིམ་ཤེས་ཡོན་གྱི་ཐད་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཚུལ་བཀའ་གནང་སོང༌། བཀུར་འོས་སྤྱི་འཐུས་མཆོག་ནས་ཐུགས་འཁྲུག་པ་མིན་ནམ་བསམ་གྱི་འདུག གཞི་རིམ་ཤེས་ཡོན་ཞེས་པ་དེ་འཛིན་རིམ་བཅིུས་བར་དུ་རེད། དེ་ལས་བརྒལ་ཏེ་མཐོ་རིམ་ཤེས་ཡོན་རིན་མེད་ཀྱི་མཐུན་རྐྱེན་འབུལ་རྒྱུར་ད་ལྟའི་ཆར་བཙན་བྱོལ་བོད་གཞུང་ལ་ཆ་རྐྱེན་མེད་པ་རེད། བྱས་ཙང་མཐོ་རིམ་ཤེས་ཡོན་རིན་མེད་དུ་སྤྲོད་ཀྱི་ཡིན་ཞེས་གང་དུ་ཡང་གསལ་མེད།
སློབ་གྲྭ་སྒོ་བརྒྱབས་ཟིན་པ་དེ་ཚོ་ཡང་བསྐྱར་ག་དུས་སྒོ་ཕྱེ་རྒྱུ་ཡིན་ཞེས་བཀའ་འདྲི་གནང་སོང༌། ངས་སློབ་ཕྲུག་གྲངས་ཚད་མ་ལོངས་པའི་དབང་གིས་སློབ་གྲྭ་སྒོ་བརྒྱབ་དགོས་པའི་སྒྲིག་གཞི་དེ་འགྱུར་བ་བཏང་བ་ཡིན་ཞུས་པ་མ་གཏོགས་སྒོ་བརྒྱབས་ཟིན་པ་དེ་ཚོ་བསྐྱར་དུ་སྒོ་ཕྱེ་རྒྱུའི་སྐོར་གང་ཡང་ཞུས་མེད། འོན་ཀྱང་ད་ལྟའི་ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་ཀྱི་ནང་གཏན་འཇགས་སློབ་གྲྭ་ལས་ཉིན་མོའི་སློབ་གྲྭ་གལ་ཆེ་བར་བརྩིས་ནས་འབད་བརྩོན་བྱེད་ཀྱི་ཡོད་པས་གལ་སྲིད་མཐུན་རྐྱེན་འཛོམས་ན་སྒོ་བརྒྱབས་ཟིན་པ་ཡང་སྒོ་ཕྱེ་རྒྱུའི་ཆ་རྐྱེན་ཡོད་པ་རེད།
ཡང་དྲིས་ལན་གྱི་ནང་ལ་རབ་བཙུན་སྔགས་གསུམ་ཞེས་པ་དེ་བཅའ་ཁྲིམས་ཀྱི་བརྗོད་ཚིག་དང་མི་མཐུན་པ་ཆགས་འདུག་ཅེས་བཀའ་གནང་བའི་ཐད། བཅའ་ཁྲིམས་ནང་གི་བརྗོད་ཚིག་རིང་པོ་ཞིག་ཡོད་སྟབས། ང་ཚོས་ཐུང་ཐུང་ཞིག་ཡོང་བའི་ཆེད་དུ་རབ་བྱུང༌། བཙུན་མ། སྔགས་པ་གསུམ་ཞེས་བྲིས་པ་རེད། སྔོན་མ་བཅའ་ཁྲིམས་ཟིན་བྲིས་བཟོ་སྐབས་དགེ་སློང་མའི་སྐོར་གླེང་གཞི་ཆེན་པོ་ཡོད་པ་མ་རེད། ད་ལྟའི་ཆར་དེའི་གླེང་གཞི་ཤུགས་ཆེན་པོ་ཡོད་པ་རེད། དགེ་སློང་མའི་སྡེ་བསྐྱར་དུ་ཚུགས་པ་ཡིན་ན། དགེ་སློང་གི་སྡེ་དང༌། དགེ་སློང་མའི་སྡེ། སྔགས་འཆང་གི་སྡེ་ཞེས་བཙུན་མ་གོང་དུ་སླེབས་ཆོག་གི་རེད།
ངས་ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ལས་ཁུངས་རེད་ཅེས་ཞུ་རྒྱུ་མ་བྱུང༌། ངས་ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ལས་ཁུངས་ལྟ་བུ་ཞིག་ཆགས་པ་ཡིན་ན་འགྲིག་གི་མི་འདུག་ཅེས་ལྟ་བུ་ཞེས་པའི་ཚིག་དེ་བཅུག་ཡོད། ལྟ་བུ་དང་དངོས་གཉིས་ལ་ཁྱད་པར་ཡོད་རེད། ལྟ་བུ་ཞེས་ཞུ་དགོས་དོན་ནི། ཆོས་རིག་ལས་ཁུངས་ལ་ད་ལྟའི་ཆར་གཙོ་བོ་ཞལ་འདེབས་བསྡུ་རྒྱུ་དང༌། ཞབས་བརྟན་བསྒྲུབ་རྒྱུ། བླ་ཆེན་ཁག་ལ་ཕེབས་བསུ་སྣེ་ལེན་ཞུ་རྒྱུ་ཙམ་ལས་སྤྲོས་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་གལ་ཆེའི་ལས་དོན་རྣམས་ཀྱི་ཐོག་འཆར་འགོད་དང༌། ཐག་གཅོད། ལག་བསྟར་བྱ་རྒྱུ་བཅས་ཀྱི་དབང་ལུང་མེད་པ་སོང་ཙང༌། སྒྲིག་འཛུགས་བསྐྱར་བཅོས་དགོས་པའི་བསམ་ཚུལ་བྱུང་བ་རེད། བཀུར་འོས་སྤྱི་འཐུས་མཆོག་ནས་ཆོས་རིག་ལས་ཁུངས་རྩ་ཆེན་པོ་ཡིན་པ་དང་ནུས་པ་ཆེན་པོ་ཡོད་གསུངས་པ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ས་གནས་འཐུས་ཚོགས་ཚུགས་མ་ཐུབ་པའི་ས་གནས་ཁག་ལ་ག་རེ་གནང་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། དེ་ལ་འཛིན་སྐྱོང་གི་ངོས་ནས་གང་ཡང་བྱེད་ཐབས་མི་འདུག འཛིན་སྐྱོང་གིས་སྤྱི་འཐུས་ལྷན་ཚོགས་ལ་གསོལ་འདེབས་ཞུ་རྒྱུ་ཙམ་རེད། གང་ཡིན་ཞེ་ན། ས་གནས་འཐུས་ཚོགས་གསར་འཛུགས་བྱ་རྒྱུ་དང་ཕྱིར་བསྡུ་བྱ་རྒྱུ་ལ་སོགས་པ་འཛིན་སྐྱོང་གིས་བྱེད་ཐུབ་པ་ཞིག་མ་རེད། ས་གནས་འཐུས་ཚོགས་ཡོད་པ་རྣམས་ལ་འཛིན་ཆས་བཟོ་རྒྱུ་དང་ཚོགས་ཁང་གསར་རྒྱག་སོགས་གང་དགོས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་འཛིན་སྐྱོང་གི་ལས་འགན་རེད། ས་གནས་འཐུས་ཚོགས་ཀྱི་ཚོགས་འདུ་ཚོགས་མི་ཐུབ་པའི་དཀའ་ངལ་དེ་འཛིན་སྐྱོང་གིས་སེལ་མི་ཐུབ་པ་ཡིན་ཙང༌། གྲོས་ཚོགས་ཀྱིས་ཐུགས་འགན་བཞེས་རོགས་གནང་ཞུ་རྒྱུ་ཡིན།
ས་གནས་འགོ་འཛིན་ལས་ཁུངས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་ག་འདྲ་བྱེད་ཀྱི་རེད་ཅེས་བཀའ་འདྲི་གནང་བའི་ཐད། ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་བྱས་ཟིན་པ་རེད། སྔ་ལོ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཡོངས་རྫོགས་བསྐྱར་བཅོས་བྱེད་པའི་སྐབས་ལ་ས་གནས་འགོ་འཛིན་གྱི་ལས་ཁུངས་ཁག་གི་སྒྲིག་འཛུགས་ཀྱང་བསྐྱར་བཅོས་བྱས་ཟིན་པ་རེད། བོད་མིའི་སྡོད་སྒར་ཁག་ཆེ་འབྲིང་ཆུང་གསུམ་ལ་བགོས་ནས་གནས་སྡོད་བོད་མིའི་མི་འབོར་མང་ཉུང་ལ་གཞིགས་པའི་ས་གནས་འགོ་འཛིན་ཡང་ས་གནས་ཆེ་ཁག་ལ་ཟུང་དྲུང་གི་གནས་རིམ་དང༌། ས་གནས་འབྲིང་ལ་དྲུང་གཞོན་གྱི་གནས་རིམ། ས་གནས་ཆུང་བར་དྲུང་གཞོན་ལས་རོགས་ཀྱི་གནས་རིམ། དེ་ལས་ཀྱང་ཆུང་བར་སྡེ་ཚན་འགན་འཛིན་གྱི་གནས་རིམ་གྱི་ས་མིག་གཏོད་ཡོད། གཞིས་འགོའི་ལས་ཁུངས་སོ་སོའི་ནང་གཞུང་ཞབས་ལས་བྱེད་ཀྱི་ས་མིག་ཇི་དགོས་ཀྱང་གཏན་འབེབས་བྱས་ཟིན་ནས་ལག་ལེན་བསྟར་འགོ་ཚུགས་པའི་སྐབས་ཡིན་ཞེས་ཞུ་རྒྱུ་ཡིན།
ས་གནས་འགོ་འཛིན་ས་གནས་ནས་འོས་འདེམས་ཐུབ་པའི་འབད་བརྩོན་ཞུས་ནས་ད་ལྟའི་ཆར་ས་གནས་ཁག་བཞིའི་འགོ་འཛིན་མང་ཚོགས་ནས་འོས་འདེམས་གནང་ཡོད། འོས་འདེམས་ཐུབ་པ་ཙམ་མ་ཡིན་པར་ཁོང་རྣམ་པ་ཚོའི་ཕྱག་ལས་ཀྱང་ཚགས་ཚུད་པོ་ཡོང་གི་འདུག་པས། མ་འོངས་པར་ས་གནས་ཁག་ཚང་མར་ས་གནས་འགོ་འཛིན་ས་གནས་རང་ནས་འོས་འདེམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེའི་ཐད་ལ་གྲོས་ཚོགས་ནས་མཐུན་འགྱུར་རོགས་སྐྱོར་གནང་རོགས། གང་ཡིན་ཟེར་ན་གྲོས་ཚོགས་ནི་མི་མང་དང་འབྲེལ་བ་ཆེ་བ་ཡོད་དུས། མང་གཙོའི་ལམ་སྲོལ་ཡར་རྒྱས་གཏང་རྒྱུའི་ལས་དོན་དེ་རིགས་གྲོས་ཚོགས་ནས་རོགས་རམ་ཆེ་བ་གནང་ཐུབ་ཀྱི་རེད། དེ་མིན་དྲི་བ་གཞན་ལན་ཞུ་རྒྱུ་ལུས་པ་དེ་འདྲ་བྱུང་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
ངས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་མ་ཞུས་གོང་ལ། དེ་སྔ་སློབ་ཕྲུག་གི་གྲངས་ཚད་མ་ལོངས་པའི་རྐྱེན་གྱིས་སློབ་གྲྭ་སྒོ་བརྒྱབ་རྒྱུའི་ལམ་སྲོལ་ཞིག་ཡོད་པ་དེ། ད་ལྟའི་ཆར་སྒོ་བརྒྱབ་རྒྱུུ་མིན་པའི་སྲིད་བྱུས་བཟུང་བ་དེ་ཡག་པོ་བྱུང་འདུག་བསམ་གྱི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དེ་རིང་གནས་དོན་དེའི་ཐད་ལ་གྲོས་ཚོགས་ནང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་བཀའ་འདྲི་མ་ཞུས་གོང་ལ་འབྲེལ་ཡོད་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་མཆོག་ལ་ངོ་བཅར་གྱིས་ངག་ཐོག་ནས་བཀའ་འདྲི་ཞུས་མྱོང་ཡོད། གནས་དོན་དེ་ནི་ཌལ་ཧོར་བོད་གཞུང་སློབ་གྲྭའི་སྐོར་ཡིན། གྲོས་ཚོགས་ཀྱི་ར་བ་འདི་དང་དེ་མིན་བོད་པའི་སྤྱི་ཚོགས་ནང་དུ་སློབ་གྲྭ་དེ་ནས་ཐོན་པའི་སློབ་ཕྲུག་མང་པོས་ཕྱག་ལས་གནང་བཞིན་ཡོད་པ་ལས་སློབ་གྲྭ་དེ་བོད་གཞུང་གི་སློབ་གྲྭ་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་སློབ་གྲྭ་དེའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་འདུག་པས། སློབ་ཕྲུག་གྲངས་ཚད་མ་ལོངས་ནའང་སློབ་གྲྭ་སྒོ་བརྒྱབ་རྒྱུ་མིན་པའི་སྲིད་བྱུས་དེ་ཌལ་ཧོར་སློབ་གྲྭར་ལག་བསྟར་ཐུབ་ཀྱི་རེད་དམ། རྩ་བའི་སློབ་གྲྭ་འདི་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཁོངས་སློབ་གྲྭ་ཞིག་རེད། ཡིན་ནའང་སློབ་གྲྭ་དེ་ལ་བུ་དང་བོུའི་ཉལ་ཁང༌། རྩེད་ཐང་ལ་སོགས་པའི་མཐུན་རྐྱེན་ཆ་ཚང་ཡོད་ལ། སློབ་སྦྱོང་བྱེད་སའི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་ཡོད་པ་ཞིག་རེད། བྱས་ཙང་མ་འོངས་པར་སློབ་གྲྭ་དེའི་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་རེད་དམ།

བཀའ་ལན།
ངས་གོང་དུ་དྲིས་ལན་གྱི་ནང་དུ་ཞུས་པའི་སློབ་ཕྲུག་གི་གྲངས་ཚད་མ་ལོངས་ནའང་སློབ་གྲྭ་སྒོ་བརྒྱབ་མི་དགོས་པའི་སྲིད་བྱུས་འཛིན་པ་ཡིན་ཞུས་པ་དེ་གཞིས་ཆགས་ཁག་གི་ནང་ལ་ཡོད་པའི་ཉིན་མོའི་སློབ་གྲྭ་ཁག་ལ་བསམས་ནས་ཞུས་པ་ཞིག་རེད། ཤེས་རིག་ལས་ཁུངས་ཀྱིས་གཏན་འཇགས་སློབ་གྲྭ་ལས་ཉིན་མོའི་སློབ་གྲྭ་ཁག་གལ་ཆེ་བར་བརྩི་བ་ཡིན། གཏན་འཇགས་སློབ་གྲྭ་ཁག་གི་སློབ་ཕྲུག་ཕ་མ་དང་ཁ་བྲལ་ནས་སྡོད་དགོས་ཀྱི་ཡོད་པ་རེད། འཛིན་རིམ་དགུ་པ་བཅུ་པའི་སློབ་ཕྲུག་ན་སོ་གང་ཙམ་སོན་ཟིན་པ་རྣམས་ཕ་མ་དང་ཁ་བྲལ་ནས་བསྡད་ནའང་དེ་ཙམ་གྱི་གནད་འགག་མེད་ཀྱང༌། འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་གྱི་ཕྲུ་གུ་ལུས་སེམས་འཚར་ལོངས་བྱེད་བཞིན་པ་དེ་དག་ལ་ཕ་མའི་བྱམས་བརྩེ་མ་ཐོབ་པར་ཉལ་ཁང་ནང་དུ་སྡོད་དགོས་བྱུང་ན་མིའི་ལུས་སེམས་ཀྱི་འཚར་ལོངས་ལ་གནོད་སྐྱོན་ཡོང་བ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ཞལ་འཆམས་ནས་གསུངས་ཀྱི་ཡོད་པ་རེད། བྱས་ཙང་ང་ཚོས་གང་ཐུབ་ཀྱིས་ཕྲུ་གུ་ཕ་མའི་མཉམ་དུ་གནས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།
དམིགས་བསལ་ཌལ་ཧོར་སློབ་གྲྭ་ལྟ་བུར་ཆ་མཚོན་ན་དམའ་རིམ་འཛིན་གྲྭ་རྣམས་སྒོ་ཐེབས་པ་རེད་མ་གཏོགས་སྒོ་བརྒྱབས་པ་མ་རེད། གང་ལགས་ཟེར་ན་སློབ་ཕྲུག་གསར་པ་གཏོང་མཁན་རག་གི་མེད་པ་རེད། ངས་མང་པོ་ཞུ་མི་དགོས་པར་སྤྱི་འཐུས་རྣམ་པ་ཚོས་མཁྱེན་གསལ་ལྟར་བཙན་བྱོལ་བོད་མིའི་ཕྲུ་གུའི་བརྒྱ་ཆ་ ༥ ལས་མ་ཉུང་བ་ཞིག་རྒྱ་གར་གྱི་སློབ་གྲྭ་གཞན་ཁག་གི་ནང་དུ་གཏོང་གི་ཡོད་པ་རེད། དེ་ཚོས་རྐྱེན་པས་གཏན་འཇགས་སློབ་གྲྭ་དང་གཞིས་ཆགས་སློབ་གྲྭ་ཁག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། ཕ་མ་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་པའི་རང་དབང་ཡིན་སྟབས་གཞུང་གི་ངོས་ནས་བཏང་ཆོག་གི་མ་རེད་ཅེས་བཀའ་བཏང་ཐབས་ཡོད་པ་མ་རེད། གྲོས་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ་མ་འོངས་པར་ལོ་ ༡༥ ལྷག་ཙམ་གྱི་ནང་དུ་བོད་པའི་གཏན་འཇགས་སློབ་གྲྭ་ཁག་རེ་ཟུང་མ་གཏོགས་གནས་ཐུབ་ཐབས་ཡོད་པ་མ་རེད། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཕྲུ་གུ་ལོ་ ༥ མན་ཆད་སྦྲུམ་མ་ཡན་ཆད་བར་གྱི་ཐོ་གཞུང་བླངས་ནས་མ་འོངས་པའི་སློབ་གྲྭའི་འཛིན་སྐྱོང་བྱེད་ཕྱོགས་འཆར་འགོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། མ་འོངས་པའི་སློབ་ཕྲུག་གི་གྲངས་ཚད་མ་ཤེས་པར་སློབ་གྲྭ་མང་པོ་བརྒྱབ་པ་ཡིན་ན། སློབ་གྲྭ་འཛུལ་མཁན་མེད་པའི་རྐྱེན་གྱིས་འཕྲོ་བརླག་འགྲོ་གི་རེད་བསམ་པ་རེད། ཐོ་གཞུང་དེ་ཚོར་བལྟས་པ་ཡིན་ན་མ་འོངས་པར་གཏན་འཇགས་སློབ་གྲྭ་ཁ་ཤས་སྒོ་བརྒྱབ་དགོས་པ་ཆགས་ཀྱི་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ཡིན་ནའང་ཌལ་ཧོར་སློབ་གྲྭ་དེ་ནི་གོང་དུ་བཀུར་འོས་སྤྱི་འཐུས་མཆོག་ནས་གསུངས་པ་བཞིན་ས་ཆའི་གནས་བབས་དང་མཐུན་རྐྱེན་ཡག་པོ་ཚང་ཡོད་ཙང༌། མ་འོངས་པར་གཞི་རིམ་སློབ་གྲྭ་ཡོངས་རྫོགས་སྒོ་ཐེབས་པའི་གནས་སྟངས་བྱུང་ན་མ་གཏོགས་སྒོ་དང་པོ་བརྒྱབ་རྒྱུའི་གྲས་སུ་མེད། བཙན་བྱོལ་བོད་གཞུང་དང་རྒྱ་གར་གཞུང་གཉིས་ཀའི་དགོངས་པ་མཐུན་པར་གཏན་འཇགས་སློབ་གྲྭ་ཁག་ཁ་ཤས་ཤིག་རྒྱུན་རིང་པོའི་བར་ཉར་རྒྱུ་བྱས་པ་དེའི་ནང་དུ་ཌལ་ཧོར་སློབ་གྲྭ་དེ་ཡང་ཚུད་ཡོད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
སྤྱིར་བཏང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་དེ་ཚོ་ཟབ་པ་དང༌། རྒྱ་ཆེ་བ། ཁ་གསལ་བ་ཤ་སྟག་རེད་འདུག་ཀྱང༌། གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་བསྐྱར་དུ་ཞུས་ན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ལས་ཁུངས་ཀྱི་བཟོ་འདྲ་རེད་ཅེས་གསུངས་པ་དང༌། དེའི་སྒྲུབ་བྱེད་དུ་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ནི་བླ་ཆེན་ཁག་གདན་འདྲེན་ཞུ་རྒྱུ་དང༌། ཞལ་འདེབས་བསྡུ་རྒྱུ། ཞབས་བརྟན་གྲ་སྒྲིག་བྱ་རྒྱུ་ལས་ཆོས་ལུགས་ཐོག་ལ་བཏང་འཛིན་བྱེད་པར་ནུས་པ་དང་དབང་ཚད་དེ་ཙམ་མེད་པ་ལྟ་བུ་གསུངས་སོང༌། ཡིན་ནའང་ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་བཅས་པས་བརྩི་ས་གོང་ན་མེད་པ་དེ་ཆོས་རིག་ལས་ཁུངས་ཡིན་པས་གནས་ཚུལ་ཆུང་ཙག་ཅིག་བྱུང་བ་ཡིན་ནའང་ཆོས་རིག་ལས་ཁུངས་ལ་ཞུ་གི་ཡིན་ཞེས་བཤད་དུས་ཞེད་སྣང་དང༌། འཚེར་སྣང༌། བརྩི་བཀུར་བྱེད་ས་ཞིག་ལ་བརྩི་གི་ཡོད་པ་རེད། ཞབས་བརྟན་ཁང་གི་བཟོ་འདྲ་པོ་ཞིག་ལ་ངོས་འཛིན་གནང་བ་དེ་ཏན་ཏན་ཐལ་དྲགས་པ་རེད་བསམ་གྱི་འདུག ཡིན་ནའང་དེ་ལ་ཏན་ཏན་རྒྱུ་མཚན་ཆེན་པོ་ཞིག་འདུག་བསམ་གྱི་འདུག སྒྲིག་འཛུགས་བསྐྱར་བཅོས་ཀྱི་དམིགས་ཡུལ་ཧ་ཅང་ཚད་མཐོ་པོ་ཡོད་པ་ཡིན་ཙང༌། ད་ལྟའི་གནས་སྟངས་འདི་བཞིན་ལྟོས་ས་ལྟོས་འཇོག་བྱས་ན་ཞབས་བརྟན་ལས་ཁུངས་ལྟ་བུ་ཞིག་ཆགས་པ་ཡིན་གྱི་རེད་བསམ་གྱི་འདུག ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་དེ་བསྐྱར་བཅོས་བྱས་ཟིན་པའི་རྗེས་གནས་སྟངས་ག་འདྲ་ཆགས་ཀྱི་རེད་དམ། སྒྲིག་འཛུགས་བསྐྱར་བཅོས་ཟིན་རྗེས་ཆོས་རིག་ལས་ཁུངས་དེ་ད་ལྟ་ནང་བཞིན་བོད་གཞུང་གི་བློན་ཆེན་ལས་ཁུངས་གཙོ་བོའི་གྲས་སུ་ཡོད་པའི་གནས་སྟངས་རང་འཇགས་གནས་ཀྱི་རེད་དམ་མ་རེད། ཡང་ན་གཞུང་འབྲེལ་ལམ་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཟུར་དུ་གསར་པ་བཟོ་རྒྱུ་ཡིན་ནམ། ཁུངས་ལུང་ཡོད་མེད་ལ་མ་ལྟོས་པར་སྲང་ལམ་བར་གྱི་སྐད་ཆ་ཚོ་གཅིག་གོ་ཡོང་དུས་དྭོགས་འདྲི་མ་ཞུས་ཀ་མེད་རེད་འདུག གཞན་དེ་མིན་གྱི་དྲིས་ལན་ཡོངས་སུ་རྫོགས་པ་ཁ་གསལ་པོ་དང་གཏིང་ཟབ་པོ་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

བཀའ་ལན།
ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ལས་ཁུངས་ལྟ་བུ་ཞིག་རེད་ཅེས་ཞུས་པའི་ཚིག་དེ་མ་འགྲིག་པ་འདྲ། གལ་སྲིད་ཚིག་དེ་ཐལ་ཆ་ཕྱིན་ཡོད་ན་ཕྱིར་འཐེན་ཞུ་རྒྱུ་ཡིན། ལྷག་པར་དུ་ཆོས་ལུགས་ཡོངས་སུ་རྫོགས་པས་ཆོས་རིག་ལས་ཁུངས་རྩ་ཆེན་པོ་རྩིས་ཀྱི་ཡོད་གསུངས་པ་བཀྲིན་ཆེ།
ལས་རིམ་འདི་འགྲོ་བཞིན་པ་ཡིན་ཙང་སྒྲིག་འཛུགས་བསྐྱར་བཅོས་ཟིན་པའི་སྐབས་སུ་གནས་སྟངས་ག་འདྲ་ཞིག་ཡོང་མིན་ད་ལྟ་གསལ་པོ་ཞིག་དང་ཐག་ཆོད་པོ་ཞིག་ཞུ་ཐུབ་ཀྱི་མི་འདུག ད་ལྟའི་འཆར་གཞི་དེ་ཆོས་ལུགས་དང་ཆོས་བརྒྱུད་ཀྱི་ཚོགས་ཆེན་ནས་བཀའ་འཁྲོལ་ཞུ་རྒྱུ་དང༌། དེ་ནས་བཀའ་འཁྲོལ་ཐོབ་ན་གྲོས་ཚོགས་ཀྱི་ནང་དུ་འཁྱེར་ཡོང་རྒྱུ་ཡིན་པས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་མ་མཁྱེན་པ་ཡོང་གི་མ་རེད། ད་ལྟ་ངས་འཆར་སྣང་ཙམ་ཞིག་ཞུས་པ་ཡིན་ན། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་དབུས་ཀྱི་ལས་ཁུངས། བཙན་བྱོལ་བོད་གཞུང་གི་བློན་ཆེན་ལས་ཁུངས་ཤིག་ཡིན་པ་གང་ཞིག བློན་ཆེན་ལས་ཁུངས་གཞན་དང་མི་འདྲ་བར་དེའི་ནང་དུ་ཆོས་ལུགས་ཆོས་བརྒྱུད་རྣམ་པའི་བླ་ཆེན་ཁག་གི་སྐུ་ཚབ་དང༌། ཆོས་བརྒྱུད་སོ་སོའི་སྐུ་ཚབ་མཚོན་ནུས་པའི་མཁས་དབང་དུས་ནས་དུས་སུ་གདན་འདྲེན་ཞུས་ནས་ཚོགས་མི་བཅུ་བཞི་བཅོ་ལྔ་ཙམ་ལས་གྲུབ་པའི་ལྷན་ཚོགས་ཤིག་དང༌། དེས་སྤྱི་ཡོངས་ཀྱི་དགོན་སྡེ་ཁག་གི་ཁྲིམས་དང་སྒྲིག་ལམ་ག་འདྲ་ཞིག་དགོས་མིན་དང༌། སྒྲིག་ལམ་འགལ་བ་ཡིན་ན་བཏང་འཛིན་ག་འདྲ་གནང་དགོས་ཀྱི་ཡོད་མེད། ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་རིམ་སྲིད་བྱུས་ག་འདྲ་ཞིག་དགོས་མིན། དེ་ལག་ལེན་བསྟར་ཕྱོགས་གདན་ས་ཁག་གིས་གཙོས་པའི་བཤད་སྒྲུབ་ཀྱི་སྡེ་ཚང་མའི་ནང་དུ་བསླབ་པ་སློབ་གཉེར་གྱི་སྡེ་ཡོད་པ་དེ་དག་བཙན་བྱོལ་གཞུང་གི་ངོས་ནས་རྒྱལ་སྤྱིའི་གནས་ཚད་ལྡན་པའི་སློབ་ཚན་སྒྲིག་སྟངས། རྒྱུགས་སྤྲོད་གཏོང་ཕྱོགས། ལག་འཁྱེར་གནང་ཕྱོགས། ལྷག་པར་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་དགོས་བྱུང་ན་དེའི་སྐོར་རྒྱབ་གཉེར་དང༌། སློབ་སྟོན། དགོངས་འཆར་སོགས་འབུལ་ཐུབ་པའི་ལྷན་ཚོགས་ཤིག་འཛུགས་རྒྱུའི་རེ་བ་ཡིན། བར་ལམ་སྤྱི་ཚོགས་ཀྱི་ནང་ཆོས་དོན་ལྷན་ཚོགས་དེ་བཙུགས་པ་ཡིན་ན་གྲོས་ཚོགས་ཀྱི་ནང་ཆོས་ལུགས་སྤྱི་འཐུས་མེད་པ་ཆགས་ཀྱི་རེད་ཅེས་འགྲེལ་བཤད་ལོག་པ་ཞིག་བརྒྱབ་ཀྱི་ཡོད་ས་རེད། དེ་ནི་བསམ་ཡུལ་ལས་འདས་པའི་ལོག་བཤད་ཆེན་པོ་ཞིག་རེད། སྤྱིར་བཏང་ལོག་བཤད་དེ་རིགས་ལ་དབུ་འཁོར་མཁན་ཡོད་མདོག་ཁ་པོ་མ་རེད་ཀྱང༌། དྲི་བ་མང་པོའི་ཕེབས་སྟངས་ལ་གཞིགས་ན་གསལ་བཤད་ཅིག་དགོས་པ་མཐོང་སོང༌། ཆོས་དོན་ལྷན་ཚོགས་དང་གྲོས་ཚོགས་གཉིས་འབྲེལ་བ་གང་ཡང་ཡོད་པ་མ་རེད། གྲོས་ཚོགས་ནི་བཅའ་ཁྲིམས་ཀྱི་ནང་དུ་གསལ་བ་ཞིག་ཡིན་དུས་བཅའ་ཁྲིམས་ལ་འགྱུར་བ་མ་འགྲོ་བར་དུ་དེའི་གྲུབ་ཆ་ལ་འགྱུར་བ་འགྲོ་ཐབས་མེད་པ་རེད། བཅའ་ཁྲིམས་ཀྱི་ནང་ལ་ཆ་རྐྱེན་གསལ་པོ་མེད་པ་ཡིན་ནའང་གྲོས་ཚོགས་ཀྱི་ལམ་སྟོན་འོག་ནས་ཆོས་དོན་ལྷན་ཚོགས་ཤིག་བཙུགས་མི་ཆོག་པ་དང༌། བཙུགས་ན་དགོས་པ་མེད་པ་ཞིག་རྩ་བ་ནས་མ་རེད། ད་ལྟ་ང་ཚོའི་བསམ་བློའི་ནང་དུ་ལྷན་ཚོགས་ཀྱི་ངོ་བོ་རྒྱལ་སྤྱིའི་ནང་དུ་ཁྲིམས་མཐུན་གྱི་ངོས་འཛིན་ཡོད་པ་ཞིག་དགོས་ཀྱི་རེད་བསམ་གྱི་ཡོད།

སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ནས།
ངའི་འཕྲོས་དོན་དྲི་བ་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡ ཟབ་སྦྱོང་དང་མཐུན་རྐྱེན་མཁོ་སྒྲུབ་ཐོག་ལ་ཞུ་རྒྱུ་ཡིན། གོང་ལ་འཕྲོས་དོན་དྲི་བའི་བཀའ་ལན་ཞིག་གི་ནང་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་མཐུན་རྐྱེན་མཁོ་སྒྲུབ་ཀྱི་ནང་དུ་ཚོགས་ཁང་གསར་རྒྱག་དང་འཛིན་ཆས་ཉོ་རྒྱུ་བཅས་ཡོད་ཅེས་གསུངས་སོང༌། ང་ཚོ་ཚང་མས་ས་གནས་འཐུས་ཚོགས་དེ་གལ་ཆེན་པོ་ཞིག་བརྩི་གི་ཡོད་ཀྱང་ད་བར་དུ་ཚོགས་ཁང་མེད་པའི་རྐྱེན་གྱིས་ས་གནས་འཐུས་ཚོགས་ལུགས་མཐུན་གྱིས་ཚོགས་མ་ཐུབ་པ་དང༌། དེས་ས་གནས་འཐུས་ཚོགས་ཀྱི་མཚན་མཐོང་ལའང་གནོད་གཞི་ཞིག་ཆགས་ཀྱི་འདུག དེ་དག་ལ་ཚོགས་ཁང་དུས་གཅིག་ཏུ་བརྒྱབ་རྒྱུ་ཁག་པོ་རེད་ཀྱང༌། བཀའ་ཤག་ནས་གནད་འགག་དང་དགོས་མཁོ་ལ་གཞིགས་ཏེ་རིམ་པའི་ཐོག་ནས་ཚོགས་ཁང་གསར་རྒྱག་ལ་སོགས་པའི་མཐུན་རྐྱེན་གང་དང་གང་གནང་རྒྱུའི་འཆར་གཞི་ཡོད་དམ།

བཀའ་ལན།
ས་གནས་འཐུས་མི་ཚོགས་འདུའི་ཚོགས་ཁང་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་བཀའ་ཤག་གིས་ཐོག་མ་ནས་ངོས་ལེན་བྱེད་ཀྱི་ཡོད། ས་གནས་ཡོངས་རྫོགས་ལ་ས་གནས་འཐུས་མིའི་ཚོགས་ཁང་དགོས་ཀྱི་རེད་ཅེས་སྔོན་མ་གྲོས་ཚོགས་ནས་ལམ་སྟོན་གནང་ཡོད་པ་མ་ཟད་ད་ལྟའི་བཀའ་ཤག་གིས་ཀྱང་བཀོད་ཁྱབ་ནན་པོ་ཞུས་ཡོད། གཅིག་བསྡུས་འཆར་གཞི་གསུམ་པ་བསྡུ་བའི་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་གི་འཆར་གཞི་བཞི་ལྔ་ཙམ་མ་གཏོགས་འབྱོར་མི་འདུག དེའི་ནང་ནས་གཅིག་ཕྱིར་སློག་བྱས་པ་རེད། གང་ཡིན་ཟེར་ན་ད་ཡོད་ཚོགས་ཁང་དེ་ཉམས་གསོ་དང་རྒྱ་བསྐྱེད་བྱས་ན་མ་འགྲིག་པ་མེད་པའི་མཐོང་ཚུལ་བྱུང་བ་རེད། འོན་ཀྱང་རྗེས་སུ་ཚོགས་ཁང་དེ་ལས་དོན་གཞན་གྱི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་ཙང་དེ་ས་གནས་འཐུས་མི་ཚོགས་འདུའི་ཚོགས་ཁང་ཚད་ལྡན་ཡོང་གི་མི་འདུག་ཅེས་གསུངས་པ་ལྟར་ཡང་བསྐྱར་འཆར་གཞིའི་ནང་དུ་བཅུག་ཡོད། ས་གནས་ཁག་ནས་ས་གནས་འཐུས་མི་ཚོགས་འདུའི་ཚོགས་ཁང་གསར་རྒྱག་གི་འཆར་གཞི་ཚད་དང་ལྡན་པ་དེ་འདྲ་འབྱོར་ན་གཅིག་བསྡུས་འཆར་གཞིའི་ནང་ངེས་པར་དུ་བཅུག་གི་ཡིན།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
དགོངས་སེལ་དང་སྦྲགས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། གོང་གསལ་བཀའ་ལན་ནང་སློབ་ཕྲུག་གཅིག་ཀྱང་མེད་པའི་སློབ་གྲྭ་སྒོ་བརྒྱབ་ཅེས་བཀའ་གནང་སོང་བར། སློབ་ཕྲུག་གཅིག་ཀྱང་མེད་པའི་སློབ་གྲྭ་དེ་ག་འདྲ་ཞིག་ཡིན་ནམ། ལྡོག་ཏུ་མེད་པའི་དཀའ་ངལ་འཕྲད་པའི་སློབ་གྲྭ་ག་ཚོད་ཡོད་དམ། གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཟིན་པ་དེ་ཕྱག་ལེན་ལ་བསྟར་རྒྱུ་འགོ་ཚུགས་ཟིན་པ་ཡིན་གསུངས་ཙང༌། གཞི་རིམ་འཛིན་རིམ་བཅིུས་བར་སློབ་ཡོན་མི་དགོས་པ་དེ་ག་དུས་འགོ་ཚུགས་པ་ཡིན་ནམ། དེ་ནས་ད་ལྟ་བཀའ་མོལ་འགྲོ་བཞིན་པའི་ཆོས་རིག་ལས་ཁུངས་ཀྱི་ཐོག་ལ་ཞུས་ན། ཆོས་རིག་ལས་ཁུངས་དེ་ཞབས་བརྟན་ཁང་དང་འགྲུལ་པ་སྣེ་ལེན་བྱེད་མཁན་ལྟ་བུ་ཞིག་ཆགས་ཀྱི་ཡོད་ཙང་བློན་ཆེན་ལས་ཁུངས་ནས་ཕྱིར་བཏོན་བྱས་ནས་ཆོས་ཚོགས་ཀྱི་ངོ་བོ་ཞིག་ལ་བཟོ་རྒྱུ་ཡིན་ཞེས་མང་གཙོའི་དུས་ཆེན་གྱི་གསུང་བཤད་ནང་དུ་གསུངས་འདུག་པས་དེ་ག་འདྲ་རེད་དམ་ཞེས་དགོན་སྡེ་ཁག་ནས་སྐད་ཆ་འདྲི་སྐབས་དེ་སྐོར་ཤེས་མ་བྱུང་ཞེས་བཤད་དགོས་པའི་གནས་སྟངས་ཆགས་སོང༌། དེ་རིང་བཀའ་བློན་ཁྲི་པ་མཆོག་ནས་ཆོས་རིག་ལས་ཁུངས་དེ་བཞིན་བློན་ཆེན་ལས་ཁུངས་ཀྱི་ཁོངས་གཏོགས་རང་འཇགས་གནས་པ་ཙམ་མ་ཡིན་པར་བློན་ཆེན་ལྷན་ཁང་ནང་ནས་གལ་གནད་ཆེ་ཤོས་དང་རྒྱལ་སྤྱིའི་ནང་འགན་དབང་ལྡན་པ་ཡིན་གསུངས་པ་དེ་དགའ་བསུ་དང་ཆེ་བསྟོད་འོས་པ་ཞིག་རེད་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ལ་ཆབ་སྲིད་ཀྱི་ཀླད་པ་མེད་སྟབས་སྐད་ཆ་ག་རེ་ཡིན་ནའང་ཁ་ཐུག་ཞུ་མཁན་ཞིག་ཡིན། ད་ལྟ་བར་དུ་ཆོས་རིག་ལས་ཁུངས་ནང་དུ་ལས་ཀ་བྱེད་མཁན་འཇོན་ཐང་ཡོད་མེད་དང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ལ་མཁྱེན་ཆུབ་ཡོད་མེད་ཀྱིས་ལས་ཀ་ཚགས་ཚུད་མིན་ཡོང་གི་ཡོད་པ་ལས་ངོ་བོའི་ཆ་ནས་ཆ་མི་ཚང་བ་ཞིག་རེད་བསམ་གྱི་མེད། གལ་སྲིད་ཕྱག་ལས་གནང་ན་གནང་རྒྱུ་ཡོད་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་བོད་ནས་གསར་དུ་འབྱོར་བའི་གྲྭ་བཙུན་སློབ་གཉེར་བྱེད་མཁན་རྣམས་ལ་སློབ་ཡོན་གནང་གི་ཡོད་པ་དེ་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག

བཀའ་ལན།
སློབ་ཕྲུག་གཅིག་ཀྱང་མེད་པའི་སློབ་གྲྭ་ཡོད་ཅེས་ངས་རྩ་བ་ནས་ཞུ་རྒྱུ་མ་བྱུང༌། བཟློག་ཏུ་མེད་པའི་རྐྱེན་ག་རེ་རེད་དམ་ཞེས་བཀའ་འདྲི་གནང་བར། བཟློག་ཏུ་མེད་པའི་རྐྱེན་གཅིག་དེ་རེད་ཞུས་པ་ཡིན་མ་གཏོགས་སློབ་ཕྲུག་གཅིག་ཀྱང་མེད་ནའང་སློབ་གྲྭ་སྒོ་མ་བརྒྱབས་པར་བཞག་ཡོད་ཅེས་ཞུ་རྒྱུ་མ་བྱུང༌།
གཞི་རིམ་སློབ་སྦྱོང་རིན་མེད་དུ་སྤྲོད་རྒྱུའི་ལས་དོན་འགོ་ཚུགས་ཟིན་པ་ཡིན་ཞེས་ངས་འཕྲོས་དོན་དྲི་བ་སྔ་མའི་ལན་དུ་ཞུས་ཟིན་པ་ཡིན། དེས་མ་འཐུས་ན་ད་ལྟ་ཡང་བསྐྱར་བསྐྱར་ལྡབ་ཀྱི་ཚུལ་དུ་འགོ་ཚུགས་ཟིན་པ་ཡིན། འགོ་ཚུགས་ཟིན་པ་ཡིན། འགོ་ཚུགས་ཟིན་པ་ཡིན་ཞེས་ཞུས་ཆོག་པ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས།
བཀའ་ལན་གྱི་ནང་དུ་ཆོས་ཀྱི་སྒྲིག་འཛུགས་རབ་བཙུན་སྔགས་གསུམ་ཁག་ཡར་རྒྱས་གཏོང་བའི་ཕྱིར་ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་གནང་གི་ཡིན་ཞེས་གསུངས་འདུག སྤྱིར་ྋགོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་བོད་གཞུང་གི་ལམ་སྟོན་འོག རབ་བཙུན་སྔགས་གསུམ་གྱི་སྡེ་ཚན་ཁག་སོ་སོའི་འགན་ཁུར་བས་ཁུར་བཞེས་པར་བརྟེན་ཡར་རྒྱས་འགྲོ་བཞིན་པ་རེད་ཀྱང༌། ངས་རྒྱུན་དུ་མཐོང་བའི་དཀའ་ངལ་གཅིག་ནི་ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་བོད་ནས་ལོ་ལྟར་བཙུན་མ་མང་པོ་ཞིག་ཕེབས་ཀྱི་ཡོད་པ་རེད། དེ་དག་ལས་ལོ་གཞོན་པ་དེ་ཚོ་རབ་བཙུན་སྔགས་གསུམ་གྱི་སྒྲིག་འཛུགས་དེ་ཚོའི་ནང་དུ་ཚུད་ཀྱི་ཡོད་ཀྱང༌། ཆུང་དུས་རང་ཉིད་ཀྱི་གྲོང་གསེབ་ནང་དུ་བཙུན་མ་བྱས་ནས་བསྡད་པ་ལས་བཙུན་མའི་སྒྲིག་འཛུགས་ནང་ཞུགས་མྱོང་མེད་པ། ཡང་བཙུན་མའི་སྒྲིག་འཛུགས་ཀྱི་ནང་དུ་བསྡད་མྱོང་ཡོད་ནའང་བཙན་བྱོལ་ལ་སླེབས་སྐབས་ལོ་ནའི་བབས་དང་ཤེས་ཡོན་གྱི་གནས་ཚད་མ་འདེང་བའི་རྐྱེན་གྱིས་སྒྲིག་འཛུགས་ཁག་གི་ནང་དུ་མི་ཚུད་མཁན་གང་ལ་གང་འཚམས་ཤིག་རྡ་རམ་ས་ལས་དབུས་པའི་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། དཔེར་ན་རྡ་རམ་ས་ལ་རང་ལ་དེ་རིགས་ཀྱི་བཙུན་མ་བརྒྱ་སྐོར་ཞིག་ཡོད་པ་འདྲ། སྤྱིར་བཏང་བཙུན་མའི་ལས་གཞིའི་ཐོག་ནས་སྒོར་ ༧༠༠ ཙམ་ཞིག་གི་ཐོག་ལ་ཆོས་དོན་ལས་ཁུངས་ནས་སྒོར་ ༨༠༠ ཙམ་ཞིག་གནང་གི་ཡོད་པ་འདྲ། དེ་ནི་ཧ་ཅང་གི་བཀྲིན་ཆེན་པོ་རེད། ཡིན་ནའང་བཙུན་མ་བྱེད་པའི་དམིགས་ཡུལ་དེ་འཚོ་དོད་སྒོར་ ༩༠༠ ཙམ་ཞིག་དང་ཆར་ཆུ་མི་འཚོག་པའི་ཁང་པ་བཞའ་ཚན་ཅན་ཞིག་གི་ནང་དུ་མི་ཚེ་བསྐྱལ་རྒྱུའི་དོན་དུ་མ་རེད། གཞི་རྩའི་དམིགས་ཡུལ་གཙོ་བོ་དེ་ནང་པའི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱ་རྒྱུའི་གོ་སྐབས་འཐོབ་རྒྱུ་དང་འཚོལ་རྒྱུ་དེ་ཡིན་པས་དེ་འདྲའི་གོ་སྐབས་མི་འཐོབ་མཁན་དེ་ཚོར་གོ་སྐབས་འཐོབ་པ་བྱ་རྒྱུ་ནི་གཞུང་དང་སྤྱི་ཚོགས་ཀྱི་ལས་འགན་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲའི་དཀའ་ངལ་ཡོད་པའི་བཙུན་མ་རྣམས་འཚོ་གོས་དང་བསླབ་པ་སློབ་གཉེར་གྱི་མཐུན་རྐྱེན་སྦྱར་རྒྱུའི་ཐད་གཅིག་སྡུད་ཀྱི་ཡར་རྒྱས་འཆར་གཞིའི་ནང་ཡོད་དམ། མེད་ན་དེའི་རྒྱུ་མཚན་གང་ཡིན་དང༌། ཡོད་ན་ད་ལྟའི་ཆར་གནས་སྟངས་ཇི་ཆགས་སྐོར་ལ་གཅིག་གསུང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
གཅིག་བསྡུས་འཆར་གཞི་གསུམ་པའི་ནང་ཁ་ཐོར་དུ་གནས་པའི་བཙུན་མ་གཞི་རིམ་སློབ་སྦྱོང་གི་གནས་ཚད་མེད་པ་རྣམས་ཀྱི་ཆེད་དུ་འཆར་གཞི་གང་ཡང་བསྒྲིགས་མེད། གལ་སྲིད་དེ་འདྲའི་དགོས་གལ་ཡོད་པ་ཡིན་ན་དགོངས་སེལ་ཞུ་རྒྱུ་ཡིན། གཅིག་བསྡུས་འཆར་གཞི་གསུམ་པ་ཞེས་པ་ཐེངས་གཅིག་བཟོས་ཟིན་རྗེས་སྒོ་བརྒྱབ་རྒྱུ་མ་རེད། དེ་མུ་མཐུད་ནས་འགྲོ་རྒྱུ་རེད། གཅིག་བསྡུས་འཆར་གཞི་གསུམ་པ་དེ་ས་གནས་སོ་སོའི་གནས་བབ་ལ་གཞིགས་པའི་ཐོག་ནས་ས་གནས་འགོ་འཛིན་སོ་སོས་འཆར་གཞི་ཕུལ་བ་ཁག་བསྡུ་རུབ་བྱས་པ་ཞིག་རེད། དབུས་ནས་ས་གནས་ཀྱི་གནས་སྟངས་ཞིབ་ཚགས་པོ་ཤེས་ཀྱི་མེད་པ་རེད། མ་འོངས་པར་རྡ་རམ་ས་ལ་ལྟ་བུར་ཆ་བཞག་ན་རྡ་ས་ས་གནས་འགོ་འཛིན་ནས་ས་གནས་འཐུས་མི་ཚོགས་འདུའི་བརྒྱུད་ནས་དེ་འདྲའི་གནས་ཚུལ་རྒྱབ་གཉེར་བྱུང་ན། ང་ཚོས་འཆར་གཞི་བཟོ་གི་ཡིན།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ནས།
ངས་དེ་རིང་སྐར་རྟགས་ཅན་གྱི་དྲི་བ་ཁག་དང་འབྲེལ་བའི་ཐོག་ནས་བཀའ་འདྲི་ཞུ་རྒྱུ་ཁག་ཅིག་ཡོད་པ་ལས། དང་པོ་བཟློག་ཏུ་མེད་པའི་རྒྱུ་མཚན་གང་ཡིན་ཐོག་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་འགྲེལ་བཤད་བསྐྱོན་པ་ལྟར་ན་སློབ་གྲྭ་ཁག་སྒོ་ཐེབས་པ་རེད་མ་གཏོགས་སྒོ་བརྒྱབས་པ་མ་རེད་ཅེས་གསུངས་སོང༌། གྲོས་ཚོགས་སྔོན་མར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་ལ་བཀའ་འདྲི་ཞུས་པ་ཡིན། སྐབས་དེར་ཤེས་རིག་བཀའ་བློན་མཆོག་ནས་སློབ་གྲྭ་ཚུགས་པར་ངེས་པར་དུ་འཛིན་གྲྭ་རེར་ཕྲུ་གུ་བཅོ་ལྔ་དགོས་པས་ཕྲུ་གུ་གཅིག་མ་ལོན་ནའང་སློབ་གྲྭ་སྒོ་བརྒྱབ་དགོས་ཀྱི་ཡོད་རེད་ཅེས་བཀའ་ནན་པོ་བྱས་ནས་གནང་སོང༌། དེ་དུས་ངས་གལ་སྲིད་སྔོན་འགྲོའི་འཛིན་གྲྭའི་ནང་ཕྲུ་གུ་བཅོ་ལྔ་ལས་མང་བ་ཡོད་པ་དང་འཛིན་གྲྭ་དང་པོའི་ནང་དུ་ཕྲུ་གུ་བཅུ་བཞི་མ་གཏོགས་མེད་ན་སྒོ་བརྒྱབ་ཀྱི་རེད་དམ་ཞེས་སྐད་ཆ་འདྲི་དུས་སྒོ་བརྒྱབ་ཀྱི་རེད་ཅེས་བཀའ་གནང་སོང༌། དེ་སྒོ་བརྒྱབ་པ་རེད་མ་གཏོགས་སྒོ་ཐེབས་པ་མ་རེད། དེ་སྒོ་ཐེབས་པ་རེད་ཅེས་གསུངས་དོན་གང་ཡིན་ནམ། གཉིས་པ་ཆོས་སྡེ་ཁག་གི་སྒྲིག་འཛུགས་ཡར་རྒྱས་གཏོང་ཕྱོགས་ཐད་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་ལས་འཕྲོས་པའི་ཐོག་ནས་དྲི་བ་ཞུ་དགོས་པ་ཁ་ཤས་ཆགས་སོང༌། ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་བྱས་ནས་སྔ་རྗེས་ཆོས་ཚོགས་སྐབས་བཀའ་འཁྲོལ་ཞུས་ཟིན་རྗེས་གྲོས་ཚོགས་ཀྱི་ནང་དུ་བསྣམས་ཕེབས་ཀྱི་ཡིན་ཞེས་དང༌། དེའི་རྒྱུ་མཚན་ངས་འདིར་ཞུ་མི་དགོས་པར་ཧ་ཅང་གི་གསལ་པོ་གསུངས་སོང༌། ད་ལྟའི་ཆོས་རིག་ལས་ཁུངས་དེས་ལས་དོན་འཆར་གཞི་འགོད་རྒྱུ་དང་ལག་བསྟར་བྱ་རྒྱུར་དབང་ཚད་དང་ནུས་པ་གང་ཡང་མེད་པར་སྐུ་མགྲོན་ལ་སྣེ་ལེན་ཞུ་རྒྱུ་ལ་སོགས་པའི་གྲུབ་འབྲས་ཐོན་རྒྱུ་མེད་པའི་ལས་དོན་རྐྱང་བྱེད་མཁན་གྱི་བཟོ་འདྲ་ཞིག་ཆགས་ཀྱི་ཡོད་ཚུལ་གསུངས་སོང༌། ཡང་དོན་ཚན་གཞན་ཞིག་ལ་བློན་ཆེན་ལས་ཁུངས་ཀྱི་འོག་ལ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་ཡོད་པའི་ཆོས་དོན་ཚོགས་པ་ཞིག་འཛུགས་རྒྱུ་ཡིན་པ་དང༌། དེས་འཛམ་བུ་གླིང་ནང་ལ་དྲིལ་བསྒྲགས་དང་ཐག་གཅོད་བྱ་རྒྱུར་ཞེ་དྲགས་ཀྱི་ནན་པོ་ཡོང་གི་ཡོད་རེད་ཅེས་གསུངས་སོང༌། ད་ལྟའི་ཆོས་རིག་ལས་ཁུངས་ཀྱིས་ལས་དོན་དེ་དག་བྱེད་མི་ཐུབ་པ་རེད་དམ། དེའི་ཐོག་ལ་བཀའ་འདྲི་ཞུ་འདོད་བྱུང༌། དོན་ཚན་གཞན་ཞིག་ལ་ཆོས་དོན་ལྷན་ཚོགས་དེའི་འཛིན་སྐྱོང་དང་གྲོས་ཚོགས་གང་དང་ཡང་མ་འབྲེལ་བའི་ཐོག་ནས་རང་དབང་གིས་ཐག་གཅོད་བྱེད་ཆོག་ཅིག་ཡིན་པ་དང༌། དེའང་འཆར་སྣང་ཙམ་ཞིག་ཡིན་ཞེས་གསུངས་སོང༌། འཆར་སྣང་ནི་རྨི་ལམ་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། གྲོས་ཚོགས་ཀྱི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐུས་མི་ཆ་ཚང་བ་དེ་ཕར་བཞག་ནས་ཆོས་དོན་ལྷན་ཚོགས་ནས་ཆོས་དང་འབྲེལ་བའི་ལས་དོན་མཐའ་དག་ཐག་གཅོད་བྱ་རྒྱུའི་འཆར་སྣང་ཞིག་ཤར་གནང་འདུག དེ་འདྲའི་གྲོས་ཚོགས་ལ་དྲི་བ་ལན་འདེབས་མི་དགོས་པ་དང་འགན་ཁུར་གནང་མི་དགོས་པའི་གནས་སྟངས་དེས་མ་འོངས་པར་ག་འདྲ་ཡོང་གི་རེད་དམ། ལྷན་ཚོགས་དེས་ཆོས་སྡེ་ཁག་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་གསུངས་སོང་བར་དེས་ཆོས་ལུགས་ཀྱི་ལས་ཀ་གསུང་རབ་དཔར་སྐྲུན་བྱེད་པ། དགོན་པ་གསར་རྒྱག གྲྭ་བཙུན་བསྡུ་རུབ་བཅས་ཀྱི་ཆེད་དུ་རོགས་རམ་གནང་གི་རེད་དམ་ཞེས་བཀའ་འདྲི་ཞུ་འདོད་བྱུང༌། ཡང་ད་ལྟའི་ཆོས་དོན་ལས་ཁུངས་དེ་དང་མ་འོངས་པའི་ཆོས་དོན་ལྷན་ཚོགས་བར་གྱི་ཁྱད་པར་དུ་ལག་འཁྱེར་སྤྲོད་ཕྱོགས་དང་རྒྱུགས་སྤྲོད་གཏོང་ཕྱོགས་ལ་སོགས་པར་ཕན་ཐོགས་ཡོད་ཚུལ་གསུངས་སོང་བར། ལས་དོན་དེ་ཚོ་ད་ལྟའི་ཆོས་རིག་ལས་ཁུངས་ནས་བྱེད་ཐུབ་ཀྱི་མེད་པ་རེད་དམ། ཁྲིམས་དང་སྒྲིག་གཞི་ག་རེའི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་དམ། ཡང་དོན་ཚན་གཞན་ཞིག་ལ་ཆོས་དོན་ལྷན་ཚོགས་ཚུགས་པ་ཡིན་ན་ཆོས་ལུགས་སྤྱི་འཐུས་མེད་པ་ཆགས་ཀྱི་རེད་ཅེས་པ་དེ་ནི་བསམ་ཡུལ་ལ་མེད་པའི་ལོག་བཤད་ཆེན་པོ་ཞིག་རེད་ཅེས་དང༌། དེ་ནི་བསམ་མ་མྱོང་བའི་ལོག་བཤད་རེད་ཅེས་གསུངས་སོང༌། གྲོས་ཚོགས་འདིའི་ནང་དུ་ཆོས་ལུགས་སྤྱི་འཐུས་དགོས་མི་འདུག་ཟེར་མཁན་མང་པོ་བྱུང་ཡོད་པ་རེད། ཐག་གཅོད་བྱེད་གྲབས་བྱེད་སྐབས་མི་གཅིག་གི་མང་ཉུང་ཤོར་བ་རེད་ཅེས་པའི་སྐད་ཆ་ཞིག་ཡོད་རེད། ཆོལ་ཁ་སོ་སོའི་འཐུས་མི་དེ་དག་ཆོལ་ཁ་དེའི་སྐུ་ཚབ་བྱས་ནས་ཡོང་གི་ཡོད་པ་བཞིན། ཆོས་ལུགས་སྤྱི་འཐུས་དེ་རྣམས་གཙོ་བོ་ཆོས་ལུགས་དེའི་སྐུ་ཚབ་བྱས་ནས་སླེབས་ཀྱི་ཡོད་པ་རེད། འདིའི་ནང་ལ་ཆོས་ལུགས་དང་འབྲེལ་བ་རྩ་བ་ནས་མེད་པའི་དོན་དག་རྐྱང་རྐྱང་འདིའི་ནང་དུ་སླེབས་ཀྱི་ཡོད་ན། ཆོས་ལུགས་སྤྱི་འཐུས་འདིའི་ནང་ལ་སླེབས་པའི་དགོས་པ་མ་མཁྱེན་པ་རེད། རྩ་བའི་ཆོས་ལུགས་དང་ཆོལ་ཁ་སུའི་སྤྱི་འཐུས་ཡིན་ཡང་ཚོགས་ཁང་འདིའི་ནང་ལ་སླེབས་ཟིན་པའི་རྗེས་ལ་སྤྱི་པའི་དོན་དུ་ལས་ཀ་བྱེད་དགོས་ཀྱི་ཡོད། ཡིན་ཡང་ཆོས་ལུགས་དང་ཆོལ་ཁ་ཞེས་པ་དེ་བཅའ་ཁྲིམས་ནང་དུ་གསལ་བའི་ཚིག་གཅིག་ཡིན་དུས་ཆོས་ལུགས་དང་འབྲེལ་བ་མེད་ན་དེའི་མིང་འཁུར་ནས་རྒྱུ་མཚན་མེད་པ་ཆགས་པ་རེད། རྩ་བའི་དེ་འཆར་སྣང་ཙམ་ཡིན་གསུངས་ཙང་ངས་གལ་ཆེན་པོ་ཞིག་མཐོང་མ་སོང་ཡང་ཕུགས་རྒྱང་རིང་པོའི་ཐོག་ནས་གཟིགས་པ་ཡིན་ན། མ་འོངས་པར་དེ་ལག་ལེན་དུ་བསྟར་ཆེད་ཆོས་ལུགས་སྤྱི་འཐུས་ཀྱི་དགོས་པ་དང་རྒྱུ་མཚན་ཆགས་ཀྱི་ཡོད་དམ་ཞེས་ཞུ་འདོད་བྱུང་སོང༌།

བཀའ་ལན།
འཕྲོས་དོན་དྲི་བ་ངོ་མ་གང་ཡིན་ངས་ཤེས་མ་སོང༌། གྲོས་ཚོགས་ཚོགས་དུས་སྔོན་མར་སློབ་ཕྲུག་གྲངས་ཚད་མ་ལོངས་པ་ཡིན་ན་སྒོ་བརྒྱབ་རྒྱུ་རེད་ཅེས་ཞུས་པ་དེ་བདེན་པ་རེད་མ་གཏོགས་དོན་མེད་དུ་བཤད་པ་མ་རེད། ད་ལྟ་ངས་དྲིས་ལན་གྱི་ནང་དུ་སློབ་ཕྲུག་གྲངས་འབོར་མ་ལོན་པའི་སློབ་གྲྭའམ་འཛིན་གྲྭ་སྒོ་བརྒྱབ་དགོས་པའི་ལམ་ལུགས་དེ་སྔ་ཡོད་པ་དེ་བསྐྱར་བཅོས་བྱས་པ་ཡིན། ད་ཆ་བཟློག་ཏུ་མེད་པའི་རྒྱུ་མཚན་ཡོད་ན་མ་གཏོགས་སྔ་མ་བཞིན་སློབ་ཕྲུག་གྲངས་ཚད་མ་ལོངས་པ་ཙམ་གྱིས་སློབ་གྲྭ་སྒོ་བརྒྱབ་རྒྱུ་མིན་པའི་ཐག་གཅོད་གསར་པ་བྱས་པ་ཡིན་ཞེས་ཞུས་པ་ཡིན། ལམ་སྲོལ་རྙིང་པ་དེ་གྲོས་ཚོགས་ཀྱིས་མཁྱེན་པའི་ལམ་སྲོལ་ཞིག་རེད། དེ་ཤེས་རིག་ལས་ཁུངས་ནས་བཟོས་པ་ཞིག་མ་རེད། དབུས་བོད་སློབ་འཛིན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་ཤེས་རིག་གི་ལམ་སྲོལ་ལྟར་སྔ་མོ་ནས་ཡོད་པའི་སྒྲིག་གཞི་ཞིག་རེད། ད་ལྟ་སློབ་ཕྲུག་གི་གྲངས་འབོར་མ་ཚང་ནའང་སློབ་གྲྭ་སྒོ་བརྒྱབ་མི་དགོས་པའི་ཐག་གཅོད་བྱས་པ་དེའང་ལས་སླ་པོའི་ཐག་གཅོད་ཅིག་མ་རེད། སློབ་ཕྲུག་གི་གྲངས་ཚད་མ་ལོངས་ནའང་སློབ་གྲྭ་མུ་མཐུད་ནས་སྒོ་ཕྱེ་བ་ཡིན་ན་མཐུན་རྐྱེན་རང་ཁུངས་ནས་སྦྱོར་དགོས་ཀྱི་ཡོད་པ་ལས་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་གཙོས་པའི་ནམ་རྒྱུན་མཐུན་རྐྱེན་སྤྲོད་མཁན་ཁག་ལ་ཞུ་ས་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་ཚོའི་སྒྲིག་གཞི་ལྟར་ན་སློབ་ཕྲུག་གྲངས་ཚད་མ་ལོངས་ན་སློབ་གྲྭ་སྒོ་བརྒྱབ་དགོས་ཀྱི་ཡོད་པ་རེད། སྔོན་མ་གྲོས་ཚོགས་ལ་ཞུས་པ་དང་ད་ལྟ་གྲོས་ཚོགས་ལ་ཞུས་པ་གཉིས་ཀ་དངོས་ཡོད་ཀྱི་གནས་ཚུལ་རང་ཞུས་པ་ཞིག་ཡིན་མ་གཏོགས་དངོས་བདེན་མིན་པའི་གནས་ཚུལ་གང་ཡང་ཞུས་མེད་ཅེས་ཞུ་རྒྱུ་ཡིན།
ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་བའི་བཀུར་འོས་སྤྱི་འཐུས་མཆོག་ནས་གསུང་བཤད་གནང་བ་མང་ཆེ་བ་སྤྱི་འཐུས་ཁོང་རང་གི་འཆར་སྣང་རེད་མ་གཏོགས། བཀའ་ཤག་གམ་བཀའ་བློན་ཁྲི་པའི་བསམ་ཚུལ། ཡང་ན་དྲིས་ལན་ནང་བཀོད་པའི་གནས་ཚུལ་གང་དང་ཡང་འབྲེལ་བ་མི་འདུག་ཞུ་རྒྱུ་ཡིན། དེ་སྔ་ཕན་ཆད་ཆོས་རིག་ལས་ཁུངས་ཀྱི་ལས་དོན་གྲུབ་འབྲས་ཐོན་མེད་ཅེས་ནམ་ཡང་ཞུ་རྒྱུ་མ་བྱུང༌། བཙན་བྱོལ་བོད་གཞུང་བཙུགས་པ་དང་ཆོས་དོན་ལས་ཁུངས་བཙུགས་པ་དུས་མཉམ་རེད། ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༤ པའི་ནང་མ་སུ་རིར་དགའ་ལྡན་ཕོ་བྲང་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས་ལས་ཁུངས་ལྔ་ལ་དབྱེ་བའི་དང་པོ་དེ་རེད། དེ་ནས་བཟུང་སྟེ་ད་ལྟའི་བར་ཆོས་རིག་དང་འབྲེལ་བའི་ལས་དོན་ཚང་མ་ལས་ཁུངས་འདི་ནས་ཡར་རླངས་ཤོར་མེད་པ་མར་ཐིགས་ཤོར་མེད་པ་གནང་ཡོད་པ་རེད། ཆོས་དོན་ལས་ཁུངས་ནས་རབ་བྱུང་དང་བཙུན་མ་རྣམས་ལ་སློབ་ཡོན་མཐུན་རྐྱེན་ཕུལ་ཐུབ་པ་དེའང་ཕན་ཐོགས་ཆེན་པོ་འདུག་ཅེས་ད་ལྟ་བཀུར་འོས་སྤྱི་འཐུས་ཤིག་གིས་བཀའ་གནང་སོང༌། དེ་ཚོ་རང་འཁྲི་ཐེག་པ་ཁུར་ལེན་གྱིས་མུ་མཐུད་དེ་དཀའ་ངལ་རྒྱག་པའི་འབྲས་བུ་ཞིག་རེད་མ་གཏོགས་རང་བྱུང་གི་གནམ་ནས་བབས་པ་ཞིག་མ་རེད། ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ཀྱི་སྐོར་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་སྙན་གསན་ཞུས་ཟིན་པ་ཞིག་དང༌། དེ་ནས་ཆོས་ཚོགས་རིམ་པའི་ནང་སྙན་གསན་ཞུས། བཀའ་འཁྲོལ་ཐོབ་བསྡད་པ་ཞིག་རེད། དེ་འདྲའི་ཆོས་དོན་ལྷན་ཚོགས་ཤིག་ཚུགས་པ་ཡིན་ན། དེས་གྲོས་ཚོགས་ལ་འགན་འཁྱེར་མི་དགོས་པ་ཞིག་ཆགས་ཀྱི་རེད་གསུངས་པ་དེ་ནི་རྟོག་བཏགས་ཀྱི་བཀའ་མོལ་རེད། དེ་བཀའ་ཤག་གི་བསམ་ཚུལ་མིན་ལ། གྲོས་ཚོགས་ཀྱི་དགོངས་ཚུལ་ཡང་ཡིན་གྱི་མ་རེད། ཆོས་ཚོགས་རིམ་པའི་དགོངས་ཚུལ་ཡང་ག་ལ་ཡིན། སྒྲིག་འཛུགས་ག་འདྲ་ཞིག་ཡིན་ནའང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཆ་རྐྱེན་གྱི་འོག་ནས་བཟོ་དགོས་པ་ཞིག་མ་གཏོགས་ཆ་རྐྱེན་ལས་བརྒལ་བའི་སྒྲིག་འཛུགས་ཟུར་པ་ཞིག་བཟོ་རྒྱུ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ནམ་ཡང་བསམ་བློར་འཁོར་མི་སྲིད་པ་ཞིག་རེད།
ད་ལྟ་ཆོས་རིག་ལས་ཁུངས་ཀྱིས་གོང་ཞུས་ལས་ཀ་དེ་ཚོ་ག་རེ་བྱས་ནས་བྱེད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་བཀའ་གནང་སོང༌། ད་ལྟའི་ཆོས་རིག་ལས་ཁུངས་ལ་དབང་ཚད་དང་བཀའ་ལུང་ཡོད་པ་མ་རེད། ཆོས་བརྒྱུད་གང་རུང་ཞིག་གི་བླ་མ་རྫུན་མ་ཞིག་ཐོན་པ་ཡིན་ན། དེ་རྫུན་མ་རེད་ཅེས་བཤད་རྒྱུའི་དབང་ཚད་ཆོས་རིག་ལས་ཁུངས་ལ་ཡོད་པ་མ་རེད། ཆོས་རིག་ལས་ཁུངས་ནི་བཀའ་བློན་གྱིས་དབུ་ཁྲིད་པའི་དྲུང་ཆེ་དང་ལས་བྱེད་ལས་གྲུབ་པའི་ལས་ཁུངས་ཤིག་རེད། དེ་ཤེས་ཡོན་གྱི་གནས་ཚད་དང་ཆོས་ཀྱི་ཉམས་ལེན་དང་འབྲེལ་བའི་ལས་དོན་ཐོག་ཐག་གཅོད་དང་ལམ་སྟོན་བྱ་རྒྱུའི་དབང་ཚད་དང་ནུས་པ་ཡོང་ཤེས་ཀྱི་མ་རེད། དེ་འདྲ་སོང་ཙང་ཆོས་དང་འབྲེལ་བའི་ལས་དོན་ཐག་གཅོད་བྱ་རྒྱུའི་དབང་ཚད་དེ་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་དང་མཁན་བླ་རྣམ་པར་ཡོད་པ་རེད། ཆོས་དང་འབྲེལ་བའི་སློབ་ཚན་གཏན་འབེབས་དང༌། རྒྱུགས་སྤྲོད་གཏོང་ལེན་སོགས་ལས་ཁུངས་ཤིག་གིས་བྱེད་ཐུབ་ཐབས་མེད། འཛམ་གླིང་རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་ཤེས་ཡོན་ཡིན་ན་ཤེས་ཡོན་གྱི་ལྷན་ཚོགས་དགོས་ཀྱི་ཡོད། ཆོས་ལུགས་ཡིན་ན་ཆོས་ལུགས་ཀྱི་དབང་ཚད་ལྡན་པའི་ཚོགས་པ་ཞིག་དགོས་ཀྱི་ཡོད་པ་རེད།
ཆོས་ཚོགས་དང་ཆོས་དོན་ལྷན་ཚོགས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་ཙང༌། ཆོས་རིག་ལས་ཁུངས་ཆོས་དོན་ལྷན་ཚོགས་ཤིག་ཏུ་བསྒྱུར་གྱི་ཡིན་ཞུས་སྐབས་ཆོས་རིག་ལས་ཁུངས་ཆོས་ཚོགས་སུ་བསྒྱུར་གྱི་འདུག་གསུངས་པ་ཡིན་ན་མི་མང་པོ་མགོ་སྐོར་ཐེབས་ཀྱི་རེད། ཆོས་ཚོགས་ཟེར་ན་དེང་སང་ནུས་ཕྱོགས་ས་ཁུལ་ཁག་ཏུ་ཆོས་ལ་འདུན་པ་ཡོད་པའི་ཁྱིམ་པ་ཕོ་མོ་རྣམས་ཚོགས་སའི་གནས་ཤིག་ལའང་ཟེར་གྱི་ཡོད་པ་རེད། འདིར་ཆོས་དོན་ལྷན་ཚོགས་ཞེས་པ་དེ་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དབང་ཚད་ཡོད་པའི་སྐུ་ཚབ་ལྷན་ཚོགས་ཤིག་དང༌། དེས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་གཡུང་དྲུང་བོན་དང་བཅས་པའི་ཆོས་དང་བོན་གྱི་གནད་དོན་དང་འབྲེལ་བའི་ལས་དོན་རྣམས་ཀྱི་ཐོག་བཀའ་ཤག་དང་གྲོས་ཚོགས་ལ་ལམ་སྟོན་དང་རྒྱབ་གཉེར་གནང་ཐུབ་མཁན་ཞིག་ཡོང་བའི་འཆར་སྣང་ཞིག་ཞུས་པ་རེད་མ་གཏོགས་གྲོས་ཚོགས་ལ་འགན་ཁུར་མི་དགོས་མཁན་ཞིག་བཟོ་རྒྱུ་ཡིན་ཞེས་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་ཞུས་མེད། དེ་འདྲ་བཟོ་རྒྱུ་རེད་གསུངས་པ་དེ་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཟེར་བའི་དཔེ་ལྟར་བྱུང་བ་རེད། དེ་འདྲ་གསུང་གིན་བཞུགས་པ་ཡིན་ན་སྤྱི་ཚོགས་ཀྱི་ནང་དུ་གོ་བ་ལོག་སྒྲུབ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་རེད།
ལྷན་ཚོགས་དེ་འདྲ་ཞིག་བཙུགས་པ་ཡིན་ན་གྲོས་ཚོགས་ཀྱི་ནང་དུ་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་རྣམས་ཀྱི་དགོས་པ་ག་རེ་ཡོད་རེད་ཅེས་བཀའ་གནང་སོང༌། དེའི་ལན་ངས་ཞུ་ཐུབ་ཀྱི་མི་འདུག ང་ཚོའི་བསམ་པར་གྲོས་ཚོགས་སུ་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ཆོས་ལུགས་དེའི་ཁོངས་སུུ་གཏོགས་པའི་མང་ཚོགས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་པ་མ་གཏོགས། ཆོས་ལུགས་དང་གྲུབ་མཐའ་དེའི་སྐུ་ཚབ་མཚོན་གྱི་ཡོད་པ་རེད་བསམ་གྱི་མེད། གྲོས་ཚོགས་ཀྱི་ནང་དུ་ཆོས་དང་གྲུབ་མཐའི་བགྲོ་གླེང་དང་ཐག་གཅོད་གང་ཡང་བྱེད་ཀྱི་ཡོད་པ་མ་རེད། བོད་མིའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཡོངས་སུ་རྫོགས་པའི་མི་འཐུས་ཚོགས་པ་དེ་ལ་སྤྱི་འཐུས་ལྷན་ཚོགས་ཟེར་གྱི་ཡོད་རེད། སྒྲོམ་གཞི་དང་ལས་དོན་གཏན་ནས་མི་མཚུངས་པའི་སྒྲིག་འཛུགས་གཞན་ཞིག་གི་ནང་དུ་ཆོས་ལུགས་ཆོས་བརྒྱུད་ཀྱི་སྐུ་ཚབ་སླེབས་པ་དེས་གྲོས་ཚོགས་ཀྱི་ཆོས་བརྒྱུད་སྤྱི་འཐུས་རྣམ་པའི་མཚན་མཐོང་ཆུང་དུ་འགྲོ་རྒྱུའམ་སྐུ་དབང་ཆུང་དུ་འགྲོ་རྒྱུའི་ཐུགས་དྭོགས་གནང་བ་དེ་དོན་མེད་ཀྱི་ཐུགས་དྭོགས་ཤིག་རེད་བསམ་གྱི་འདུག
ལར་ནས་ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ག་འདྲ་ཞིག་བྱས་པ་ཡིན་ནའང་དེའི་བརྒྱུད་ལམ་གྲོས་ཚོགས་དེ་རང་ཡིན་པས་ད་ལྟ་ནས་ཐུགས་འཚབ་གནང་དགོས་ཀྱི་ཨེ་ཡོད། ཞིབ་ཕྲའི་འཆར་གཞི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དབུ་ཁྲིད་རྣམ་པའི་བཀའ་འཁྲོལ་བྱུང་མཚམས་གྲོས་ཚོགས་འདིའི་ནང་དུ་འཁྱེར་ཡོང་གི་རེད། དེ་དུས་བཀག་དགོས་པའམ་བཟོ་བཅོས་གནང་དགོས་པ་གང་ཡོད་གནང་ཆོག་གི་རེད། ད་ལྟ་ནས་ཐུགས་འཚབ་དེ་ཙམ་གནང་ན་བོད་པའི་གཏམ་དཔེར་རོ་མ་མཐོང་གོང་ནས་ངུས་ཞེས་པ་ལྟར་ཆགས་ཀྱི་རེད།

སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲིས་ལན་གསལ་པོ་ཞིག་ཡོང་བའི་ཕྱིར་བཀའ་འདྲི་ཚིག་གཅིག་ཞུས་ན་བསམ་བྱུང༌། བཀའ་ལན་དང་པོའི་ནང་གསེས་ཀ་པའི་ནང་དུ་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་བོད་ཕྲུག་ཡོངས་ལ་གཞི་རིམ་གྱི་ཤེས་ཡོན་རིན་མེད་དུ་སྤྲོད་ཐབས་བྱ་རྒྱུ་ཞེས་དང༌། དེ་ནས་འཕྲོསདོན་གྱི་བཀའ་ལན་ནང་དུ་འཛིན་རིམ་བཅིུས་བར་དུ་ཤེས་ཡོན་སློབ་སྦྱོང་རིན་མེད་དུ་གནང་རྒྱུ་དང༌། མཐོ་རིམ་སློབ་གྲྭར་གང་ཐུབ་ཀྱིས་སློབ་ཡོན་སོགས་ཀྱི་རོགས་རམ་གནང་གི་ཡིན་ཞེས་གསུངས་སོང༌། དེ་ནི་བོད་མི་རིགས་ཀྱི་ན་གཞོན་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་ཀྱི་རླབས་ཆེན་གྱི་ཕྱག་ལས་ཤིག་རེད་ལ། མ་འོངས་པར་བོད་ཕྲུག་རྣམས་སློབ་སྦྱོང་མཐའ་མི་འཁྱོལ་བའི་གནས་ཚུལ་མི་ཡོང་བ་བཅས་ཀྱི་ཐོག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གནད་དོན་གསལ་པོ་བཟོ་ཆེད་འཕྲོས་དོན་བཀའ་འདྲི་ཞུ་རྒྱུར། འདིའི་ནང་གསལ་བའི་བོད་ཕྲུག་ཡོངས་རྫོགས་ཞེས་པ་འདི་རྣམས་སྡེ་ཚན་གསུམ་གྱི་ནང་དུ་ཚུད་ཡོད། བོད་ཕྲུག་ཁྱིམ་སྡེ་དང༌། བོད་སློབ་འཛིན་ཚོགས། ཤེས་རིག་ཁྱབ་ཁོངས་བཅས་གསུམ་གྱི་ནང་དུ་ཚུད་ཀྱི་ཡོད་པ་དང༌། ཁོངས་འདི་གསུམ་གྱི་ནང་སློབ་ཡོན་རིན་མེད་ཐོབ་མཁན་དང་མི་ཐོབ་མཁན་བཅས་རིགས་གཉིས་ཡོད་པས་བསྐྱར་དུ་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སྡེ་ཚན་འདི་གསུམ་གྱི་ནང་ལ་སློབ་ཡོན་རིན་མེད་མི་ཐོབ་མཁན་དེ་ཚོའང་ད་ནས་བཟུང་སློབ་ཡོན་རིན་མེད་དུ་ཐོབ་ཀྱི་རེད་དམ། མཛད་བྱུས་འདི་གོང་དུ་ཞུས་པའི་སྡེ་ཚན་གསུམ་ག་ལ་ཁྱབ་ཀྱི་ཡོད་དམ། ཡང་ན་སྡེ་ཚན་གཞན་ཞིག་གསར་དུ་བཟོ་གནང་རྒྱུ་ཡིན་ནམ། འདིའི་ཐོག་ལ་གསལ་པོ་ཞིག་གསུང་རོགས། གཉིས་པ་ལ་གཞིས་གྲོང་སོ་སོའི་ནང་དུ་ཡོད་པའི་ཉིན་སློབ་རྣམས་སློབ་ཕྲུག་གྲངས་ཚད་མ་ལོངས་ནས་སྒོ་བརྒྱབ་པའི་སྲིད་བྱུས་ལ་འགྱུར་བ་བཏང་ནས་སླད་སྒོ་བརྒྱབ་མ་དགོས་པའི་སྲིད་བྱུས་ཤིག་ཕྱག་ལེན་དུ་བསྟར་བཞིན་པ་ཡིན་ཞེས་གསུངས་འདུག་ན། འཕྲོས་དོན་དྲི་བ་ཞུ་རྒྱུར། ད་བར་སྒོ་བརྒྱབས་ཟིན་པའི་སློབ་གྲྭ་ཁག་སྒོ་ཕྱེ་རྒྱུ་ཡིན་ནམ། དེ་སྔོན་སློབ་གྲྭ་སྒོ་བརྒྱབ་དགོས་པའི་རྐྱེན་རྩ་གཅིག་དཔལ་ལྡན་བཀའ་བློན་ཁྲི་མཆོག་ནས་གསུངས་པ་བཞིན་ཕྲུ་གུའི་སྐྱེ་ཚད་དམའ་དྲགས་པ་དེ་ཡིན་སྲིད་ཀྱང༌། ང་རང་གི་མཐོང་ཚུལ་བྱས་ན་ཉམ་ཐག་གི་བུ་ཕྲུག་རྣམས་ལ་བོད་ཁྱིམ་ཁག་ལ་སློབ་ཡོན་རིན་མེད་དུ་ཐོབ་པ་དང༌། འབྱོར་ལྡན་རྣམས་ནས་སློབ་ཡོན་རང་ངོས་བཏང་ནས་རྒྱ་གར་སློབ་གྲྭ་ཁག བོད་ཁྱིམ་སློབ་གྲྭ་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བཏང་བ། ལྷག་པར་དུ་ཕ་མ་སུད་འཚོང་ལ་འགྲོ་དགོས་སྟབས་ཕྲུ་གུ་གཞག་ས་མེད་པར་བརྟེན་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་དགོས་ཐུག་པ་བཅས་ལ་བརྟེན་ད་བར་གཞིས་ཆགས་ཁག་གི་སློབ་གྲྭ་རྣམས་རིམ་བཞིན་སྒོ་བརྒྱབ་དགོས་པའི་རྐྱེན་རྩ་གཙོ་བོ་དེ་ཡིན་པས་དེའི་ཐད་དགོངས་བཞེས་ག་རེ་གནང་གི་ཡོད་དམ། གཞིས་ཆགས་ཁག་ཏུ་སློབ་ཕྲུག་ཉལ་ཁང་སོགས་མཐུན་རྐྱེན་སྦྱོར་གནང་རྒྱུའི་དགོངས་བཞེས་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ད་ཡོད་སློབ་གྲྭ་རྣམས་ལ་བཟློག་ཏུ་མེད་པའི་རྒྱུ་མཚན་ཡོད་ན་མ་གཏོགས་སྒོ་མི་བརྒྱབ་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡིན་ཞེས་པ་དེའི་ནང་དུ་སློབ་གྲྭ་སྒོ་བརྒྱབས་ཟྀན་པ་རྣམས་བསྐྱར་དུ་སྒོ་ཕྱེ་རྒྱུའི་སྐོར་དེ་ཚུད་མེད། གལ་སྲིད་སྒོ་བརྒྱབས་ཟིན་པ་དེ་དག་བསྐྱར་དུ་སྒོ་ཕྱེ་རྒྱུའི་མཐུན་རྐྱེན་འཛོམས་པ་ཡིན་ན་ད་ལྟའི་སྲིད་བྱུས་དེའི་འོག་ནས་འགྲོ་ལམ་ཡོད་པ་ཞིག་རེད། དེ་ལག་བསྟར་ག་འདྲ་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་ཐད། དེ་སྔོན་ཡིན་ན་སློབ་ཕྲུག་བཅོ་ལྔ་མ་ལོངས་ན་སློབ་གྲྭ་སྒོ་ཐེབས་ཀྱི་ཡོད་ཀྱང༌། ད་ལྟ་སློབ་ཕྲུག་བཅུ་བཞི་དང༌། བཅུ། ལྔ་མ་གཏོགས་མེད་ཀྱང༌། སྒོ་མ་བརྒྱབས་པར་འཛིན་སྐྱོང་བྱེད་དགོས་བཀོད་ཁྱབ་ཞུས་པ་ཡིན། འོན་ཀྱང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་སྒྲིག་གཞི་འགྱུར་བ་མ་ཕྱིན་བར་དུ་ཁོང་ཚོའི་ས་ནས་སློབ་གྲངས་མ་ལོངས་པ་རྣམས་ལ་མཐུན་རྐྱེན་འཐོབ་ཀྱི་མ་རེད། དེའི་འགྲོ་གྲོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱིས་འགན་ཁུར་ནས་རང་མེད་གཞན་འཚོལ་ཐབས་ཤེས་བྱེད་རྒྱུ་རེད་ཅེས་ཞུ་རྒྱུ་ཡིན།
ཕ་མ་མང་པོ་ཞིག་གིས་སོ་སོའི་ཕྲུ་གུ་གཏན་འཇགས་སློབ་གྲྭ་ཁག་ལ་གཏོང་གི་འདུག་ཅེས་གསུངས་པ་དེར་འཛིན་སྐྱོང་གིས་བཀག་ཤེས་ཐབས་ཡོད་པ་མ་རེད། གལ་སྲིད་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་གཏན་འཇགས་སློབ་གྲྭ་ཁག་ཏུ་མུ་མཐུད་ནས་བཏང་བ་ཡིན་ན་གཞིས་ཆགས་ཁག་གི་ཉིན་སློབ་སྒོ་བརྒྱབ་དགོས་པའི་དཀའ་ངལ་དེ་མུ་མཐུད་ནས་འཕྲད་ཀྱི་རེད།
ཡང་བོད་སློབ་འཛིན་ཚོགས་དང༌། བོད་ཁྱིམ་གྱི་སློབ་གྲྭ ཤེས་རིག་ཁྱབ་ཁོངས་བཅས་སྡེ་ཚན་གསུམ་ཀར་ད་ལྟའི་སྲིད་བྱུས་དེས་ཁྱབ་ཀྱི་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ཤེས་རིག་སློབ་གྲྭ་ཁག་ནི་ཤེས་རིག་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ལ་འགྲོ་བཞིན་པ་ཡིན་སྟབས་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་བཤད་མི་དགོས་པ་རེད། ཤེས་རིག་ལས་ཁུངས་ནས་བོད་ཁྱིམ་འགན་འཛིན་རྣམ་པའི་ལྷན་དུ་བཀའ་མོལ་ཞུ་བཞིན་པ་རེད། དེའི་སྐོར་ཐག་གཅོད་ཇི་བྱུང་རིམ་པས་མཁྱེན་གྱི་རེད། བོད་སློབ་འཛིན་ཚོགས་ཀྱི་གནས་སྟངས་ཐ་དད་ཡིན་སྟབས་ད་ལྟ་གླེང་སློང་མི་དགོས་པར་རྗེས་སུ་གནས་ཚུལ་ཐག་གཅོད་བྱུང་སྐབས་ཚང་མས་མཁྱེན་གྱི་རེད།
གཞིས་ཆགས་ཁག་ལ་ཕ་མ་སུད་ཚོང་ལ་འགྲོ་སྐབས་ཕྲུ་གུ་གཞག་སའི་ཉལ་ཁང་བརྒྱབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ཉལ་ཁང་བརྒྱབ་རྒྱུའི་སྲིད་བྱུས་མེད། ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་ནང་ཕྲུ་གུ་ཕ་མའི་མཉམ་དུ་སྡོད་དགོས་གལ་ཆེན་པོ་བརྩིས་ཀྱི་ཡོད་ཙང༌། ད་ལྟ་ཉལ་ཁང་ཡོད་པ་དེ་ཚོར་ཡང་མཐུན་འགྱུར་གང་ཡང་བྱེད་ཀྱི་ཡོད་པ་མ་རེད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་ཕ་མ་ཕྲུ་གུའི་འབྲེལ་བ་དེ་ཧ་ཅང་རྩ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་ཙང༌། དགུན་ཁ་ཟླ་བ་ཁ་ཤས་རིང་ཕྲུ་གུ་གཞག་སའི་གྲྭ་སྒྲིག་འདྲ་དགོས་ཀྱི་ཡོད་ན་དེའི་ཐོག་བསམ་བློ་གཏང་ཆོག་གི་རེད་ཀྱང༌། གཏན་འཇགས་ཉལ་ཁང་ Hostel བརྒྱབ་རྒྱུའི་འཆར་གཞི་གང་ཡང་མེད།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣