ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་བར་མཐའ་མའི་ལན་འདེབས།

བཙན་བྱོལ་བོད་གཞུང་གི་ལོ་འཁོར་ལས་བསྡོམས་ལ་བགྲོ་གླེང་གནང་བ་ལས་བྱུང་བའི་དགོངས་འཆར་ཁག་གི་ལན་འདེབས་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་བགྲོ་གླེང་ནང་ཆ་ཤས་བཞེས་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་འདིར་ཡར་ལངས་ནས་གསལ་བཤད་ཞུ་མཁན་འདི་ནང་སྲིད་བཀའ་བློན་དང་བཀའ་བློན་ཁྲི་པ་གཅིག་ལྕོགས་རེད། ལན་འདེབས་ཞུ་བའི་སྐབས་ལ་འོས་ཆོས་ཚང་མིན་དང་ཐོབ་ཐང་ཡོད་མིན་ཤེས་ཀྱི་མི་འདུག བྱས་ཙང་ནང་སྲིད་ལས་ཁུངས་དང་འབྲེལ་བའི་གནད་དོན་དེ་ཚོ་རེ་རེ་བཞིན་གསལ་བཤད་མ་ཞུས་པའི་སྔོན་ལ་བཀའ་བློན་ཁྲི་པའི་མིང་གནས་རྗེས་འབྲེལ་གྱི་ཐོག་ནས་དེ་རིང་བགྲོ་གླེང་སྐབས་ཡོང་བཞིན་པའི་སྤྱི་ཡོངས་ཀྱི་གནས་ཚུལ་ཁ་ཤས་ཀྱི་ཐོག་ནས་བྱུང་བའི་ཚོར་སྣང་དེ་ཞུ་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུ་ཡིན། དེ་མ་ཞུས་པ་ཡིན་ན་ང་ཚོའི་གྲོས་ཚོགས་ལམ་སྲོལ་ཅན་གྱི་མང་གཙོའི་འཕེལ་རིམ་ནང་གནས་ཚུལ་ཁ་ཤས་སྣང་མེད་དུ་འཇོག་པ་ཡིན་ན་གནོད་སྐྱོན་ཡོང་བའི་ཉེན་ཁ་འདུག དེར་བརྟེན་དོན་ཚན་བཞི་ཅན་ཞིག་སྔོན་ལ་ཞུ་རྒྱུ་ཡིན། དོན་ཚན་བཞི་པོ་དེ་དག་བཀའ་ཤག་དང་བཀའ་བློན་བཞི་པོའི་སེམས་ནང་ལ་གལ་ཆེན་པོ་ཞིག་རེད་བསམས་ནས་ཞུ་གི་ཡོད།

དོན་ཚན་དང་པོ།
བཀུར་འོས་སྤྱི་འཐུས་ཤིག་གིས་ཚིག་ཐག་ཆོད་པོའི་ཐོག་ནས་ད་ལྟའི་བཀའ་ཤག་ལ་ཡིད་ཆེས་མེད་ཅེས་བཀའ་གནང་སོང༌། ཁོང་གིས་འདས་པའི་ལོ་བཞི་ཙམ་རིང་ཁྱེད་རྣམ་པས་ལས་ཀ་འདི་བྱས་སོང་སྙམ་པ་ཞིག་མཐོང་མ་སོང་ལ། མ་འོངས་པར་ཡང་བྱས་རྗེས་དེ་འདྲ་ཞིག་བཞག་གི་རེད་བསམ་པའི་ཡིད་ཆེས་ཀྱང་མེད་ཅེས་བཀའ་གནང་འདུག བཀའ་གནང་བ་དེ་བདེན་པ་མ་རེད་ཅེས་ཞུ་རྒྱུ་མེད། ང་རང་གི་ངོས་ནས་ཀྱང་འདས་པའི་ལོ་གསུམ་ལྷག་གི་རིང་ལས་ཀ་འདི་གྲུབ་སོང༌། གྲུབ་འབྲས་འདི་ཐོན་སོང་བསམ་པ་ཞིག་གཅིག་ཀྱང་མེད་ལ། ཡོང་རྒྱུའི་ལོ་གཅིག་དང་ཕྱེད་ཀའི་ནང་དུའང་གཏང་རྒྱུ་ཡོད། བྱེད་རྒྱུ་ཡོད་བསམ་པ་གཅིག་ཀྱང་མེད། བྱས་ཙང་ཁོང་གིས་བདེན་པའི་གནས་སྟངས་ཤིག་གསུངས་པ་རེད། ཡིན་ནའང་དེ་འདྲའི་འཇོན་ཐང་མེད་པའི་བཀའ་ཤག་གཅིག་ལོ་གསུམ་དང་ཕྱེད་ཀའི་རིང་གྲོས་ཚོགས་ཀྱིས་བཞག་གནང་བ་རེད་མ་གཏོགས། ང་ཚོས་བཞག་རོགས་གནང་ཞེས་ཞུ་བ་ཕུལ་ནས་བསྡད་པ་ཞིག་མ་རེད། གཅིག་བྱས་ན་དང་པོ་མི་མང་གི་ནོར་འཁྲུལ་ཡིན་གྱི་རེད། འོས་ཤོག་བླུག་པའི་སྐབས་ལ་བསམ་བློ་ཡག་པོ་མ་བཏང་བར་གང་བྱུང་མང་བྱུང་བྱས་ནས་བླུགས་སྐབས་ནོར་འཁྲུལ་ཅན་གྱི་མི་ཞིག་ནོར་འཁྲུལ་ཅན་གྱི་ས་ཆ་ཞིག་ལ་བཞག་པ་དེ་ང་ཚོར་མང་གཙོའི་ཉམས་མྱོང་མེད་པའམ། མང་གཙོའི་འཕེལ་རིམ་གྱི་ནང་དུ་གློ་བུར་བའི་བྱུང་རྐྱེན་ཞིག་གིས་ལས་འགན་སྒྲུབ་མི་ཐུབ་མཁན་གྱི་བཀའ་བློན་ཁྲི་པ་ཞིག་སླེབས། དེས་བཀའ་ཤག་བཙུགས་དགོས་པ་བྱུང་བ་ཞིག་རེད། ལས་འགན་འཁུར་མི་ཐུབ་མཁན་གྱི་མི་དེས་ལས་འགན་འཁུར་ཐུབ་ཀྱི་མི་འདུག་ཅེས་བོད་མི་ཡོངས་རྫོགས་ལ་མ་གོ་མ་ཐོས་མེད་པར་ཚོགས་གཙོའི་ལས་འགན་ནས་དགོངས་པ་ཞུ་བའི་སྐབས་བཟོད་གསོལ་དང་སྦྲགས་ཞུས་ཡོད། མ་འོངས་པར་འཇོན་ས་མ་རེད། བྱས་ཙང་གཞུང་འབྲེལ་གྱི་ལས་དོན་ག་འདྲ་ཞིག་ལའང་འགན་འཁྱེར་གྱི་མིན་ཞེས་གསལ་པོ་བྱས་ནས་ཞུས་པ་ཡིན་ཡང༌། མ་གསན་པར་འོས་ཤོག་བླུགས་པ་རེད། སྐབས་དེར་མི་མང་གིས་ནོར་འཁྲུལ་ཤོར་བ་ཡིན་ཡང་གྲོས་ཚོགས་ཀྱིས་ནོར་འཁྲུལ་མ་ཤོར་བར་བཏང་འཛིན་གནང་དགོས་ཀྱི་རེད། གང་ཡིན་ཞེ་ན། བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་བཞི་དང༌། དོན་ཚན་ཉི་ཤུ་རྩ་དགུ་པའི་ནང་གསེས་གསུམ་པ་བཅས་ཀྱི་ནང་དོན་སྙིང་པོ་བཀའ་ཤག་དེ་གྲོས་ཚོགས་ཀྱི་ཡིད་ཆེས་ཡོད་པའི་དབར་གནས་རྒྱུ་དང༌། ཡིད་ཆེས་མེད་པའི་ཉིན་མོ་ནས་བཀའ་ཤག་འཕོ་འགྱུར་འགྲོ་རྒྱུ་ཡིན་པ་རེད། དེ་འདྲ་ཡིན་དུས་གྲོས་ཚོགས་ཀྱི་ནང་དུ་བཀའ་མོལ་དེ་འདྲ་ཞིག་སླེབས་སྐབས་གྲོས་ཚོགས་ཀྱིས་ངེས་པར་དུ་ཐག་གཅོད་ཅིག་གནང་དགོས་ཀྱི་རེད། གྲོས་ཚོགས་ཀྱི་ཡིད་ཆེས་མེད་པའི་བཀའ་ཤག་ཅིག་བཏང་འཛིན་མེད་པར་གློད་བཞག་ན་མི་མང་གིས་ཡིད་ཆེས་ཆེན་པོའི་ངང་ནས་འོས་འདེམས་གནང་བའི་མི་མང་འཐུས་མི་ཚོས་ལས་འགན་གལ་ཆེ་ཞིག་མ་གྲུབ་པ་རེད། དེ་འདྲ་སོང་ཙང་ད་ལྟ་འདིར་ལན་འདེབས་ཞུ་བའི་སྐབས་ལའང་འཛིན་སྐྱོང་གི་འོས་ཆོས་དང་ཐོབ་ཐང་ཡོད་པའི་བཀའ་ཤག་ཅིག་ཡིན་ནམ། གྲོས་ཚོགས་ཀྱི་ཡིད་ཆེས་བརླགས་ཟིན་པའི་འཛིན་སྐྱོང་གི་འོས་ཆོས་དང་ཐོབ་ཐང་བྲལ་བའི་བཀའ་ཤག་ཅིག་གིས་ལན་འདེབས་ཞུ་བ་ཡིན་ངས་ཧ་གོ་གི་མི་འདུག ཡིན་ནའང་ལན་འདེབས་མ་ཞུས་ཀ་མེད་ཡིན་དུས་ཞུ་ཆོག་པ་ཞུ་རྒྱུ་ཡིན། གང་ལྟར་གནད་དོན་འདི་གྲོས་ཚོགས་ཀྱིས་བཏང་འཛིན་དང་ཐག་གཅོད་གནང་དགོས་པ་ཞིག་ཡིན་པ་ངས་ཞུ་མི་དགོས་པར་གྲོས་ཚོགས་རང་ནས་རང་འགུལ་གྱིས་གནང་དགོས་པ་ཞིག་རེད།

དོན་ཚན་གཉིས་པ།
བཀུར་འོས་སྤྱི་འཐུས་ཤིག་གིས་དྲི་བ་དྲིས་དང་མ་འདྲི་གང་ཡང་མི་འདུག ལན་གཅིག་རྒྱག་ཡོང་གི་འདུག ལན་ཞེས་པའི་ཚིག་དེ་ལ་ཁྱད་ཚིག་གཅིག་སྦྱར་གནང་སོང་ཡང་དེ་ངས་གསལ་པོ་ཞིག་གོ་མ་བྱུང༌། དེ་འདྲ་ཡིན་ཙང་ཕྱག་རོགས་སྤྱི་འཐུས་གཞན་ཚོས་དེ་འདྲ་གསུང་གི་འདུག་ལ། ངས་ཀྱང་ད་རེས་དྲི་བ་གཅིག་ཀྱང་བཏང་མེད་ཅེས་གསུངས་སོང༌། དྲི་བ་གནང་བའི་སྐབས་ལ་ལན་བརྒྱབས་པ་དེ་མ་འགྲིགས་པ་ཡིན་ན་ང་ཚོས་ལན་མ་བརྒྱབ་པར་ཁ་རོག་བསྡད་དགོས་ཀྱི་རེད་དམ། ང་ཚོས་ལན་ཕུལ་བ་དེས་སྤྱི་འཐུས་རྣམ་པ་ཚོའི་དྲི་བ་གནང་རྒྱུའི་ཐུགས་ཤུགས་བཅག་གི་ཡོད་ན། ང་ཚོས་ག་འདྲ་བྱེད་དགོས་རེད་དམ། ང་ཚོའི་བསམ་པར་དྲི་བར་ལན་འདེབས་ཞུ་རྒྱུ་དེ་བཅའ་ཁྲིམས་ཀྱིས་དངོས་སུ་བསྟན་པའི་བཀའ་ཤག་གི་ལས་འགན་ཞིག་ཡིན་བསམ་གྱི་ཡོད། མ་འོངས་པར་དྲི་བར་ལན་འདེབས་བྱེད་ན་འགྲིག་གི་མི་འདུག དེས་ང་ཚོའི་དྲི་བ་འདྲི་རྒྱུའི་སེམས་ཤུགས་བཅག་གི་འདུག་དགོངས་ཀྱི་ཡོད་ན། དེ་ཡང་གྲོས་ཚོགས་ཀྱི་ནང་ལ་གསལ་པོ་བཟོ་དགོས་པའི་གནས་སྟངས་ཤིག་རེད། ང་ཚོས་ད་ལྟ་ཕན་ཆད་ལ་གྲོས་ཚོགས་ནས་བཀའ་འདྲི་གནང་བ་དེ་ཚོ་གནད་འགག་ཧ་ཅང་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ནས་གང་ཐུབ་ཀྱིས་ལན་འདེབས་ཞུ་རྒྱུ་དང༌། ཐད་ཀར་ལན་འདེབས་ཞུ་མ་ཐུབ་ན་ཡིག་ཆར་བལྟས་ནས་ལན་འདེབས་འབུལ་ཆོག་ཅེས་གང་གཟབ་གཟབ་བྱེད་ཀྱི་ཡོད་ཁུལ་ཡིན། དེ་རིང་གྲོས་ཚོགས་ཀྱི་ནང་བཀའ་མོལ་དེ་འདྲ་ཞིག་གསུངས་དུས་ད་ག་འདྲ་བྱེད་དགོས་ཡོད་དམ་བསམ་པའི་ཐེ་ཚོམ་ངང་གནས་དགོས་པ་ཆགས་ཀྱི་འདུག

དོན་ཚན་གསུམ་པ།
བཀུར་འོས་སྤྱི་འཐུས་ཤིག་གིས་བཀའ་བློན་ཁྲི་པ་ལ་རེ་འདུན་ཞིག་ཞུ་རྒྱུ་ཡོད། ཤེས་རིག་སྲིད་བྱུས་འདི་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པ་རེད་ཅེས་ནོ་སྦེལ་གཟེངས་རྟགས་ཀྱི་དུས་དྲན་སྐབས་བཀའ་ཤག་གི་གཏམ་བཤད་ནང་དུ་བྲིས་འདུག དེ་ནི་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་རེད་ཅེས་བཀའ་གནང་སོང༌། སྐབས་དེར་ང་ཚོ་ཧ་ཅང་གིས་འདྲོགས་སོང༌། གང་ཡིན་ཟེར་ན་གྲོས་ཚོགས་ཀྱི་ལས་དོན་ཐོག་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་བཀའ་ཤག་གི་གཞུང་འབྲེལ་གཏམ་བཤད་ཅིག་གི་ནང་བཀོད་པ་ཡིན་ན། གྲོས་ཚོགས་རྩེད་མོ་རྩེད་པའམ་དབུ་སྐོར་ཞུས་པ་ཞིག་ཆགས་ཀྱི་རེད། དེ་ནི་གྲོས་ཚོགས་ཀྱི་དམིགས་བསལ་སྐུ་དབང་ལ་གནོད་སྐྱོན་འགྲོ་བའི་གནས་ཚུལ་ཞིག་རེད། གྲོས་ཚོགས་ཀྱི་ནང་དུ་སྤྱི་མོས་སམ་མང་མོས་གང་གིས་ཐག་གཅོད་བྱས་མིན་བཀའ་ཤག་གིས་རྩ་བ་ནས་ཐག་གཅོད་བྱེད་ཤེས་ཀྱི་མ་རེད། སྤྱི་འཐུས་བྱེ་བྲག་པ་ཚོས་ཀྱང་ཐག་གཅོད་མཁྱེན་གྱི་མ་རེད་བསམ་གྱི་འདུག དེ་ནི་ཚོགས་དུས་དེ་བཏང་འཛིན་གནང་མཁན་གྱི་ཚོགས་གཙོའི་དམིགས་བསལ་འགན་དབང་ཞིག་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་བཅའ་ཁྲིམས་གཞིར་བཟུང་ཚོགས་གཙོས་གང་ཐག་གཅོད་གནང་བ་དང༌། གྲོས་ཚོགས་ཀྱི་ཡིག་ཆའི་ནང་གང་འཁོད་ཡོད་པ་དེ་རྩ་འཛིན་བྱེད་དགོས་ཀྱི་རེད། དེར་བརྟེན་ང་ཚོའི་གཏམ་བཤད་ཀྱི་ནང་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་རེད་ཅེས་པ་དེ་ང་ཚོས་རང་དགར་སོ་སོའི་རྣམ་རྟོག་གིས་བཟོས་པ་ཞིག་མིན་པར་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༢༨ པའི་གཤམ་མཆན་འཁོད་པ་ཕྱི་ཟླ་ ༩ པའི་ཚེས་ ༢༧ ཉིན་གསོལ་རས་གནང་བ་དེ་ལ་ཆ་བཞག་ནས་ཞུས་པ་ཡིན། གལ་ཏེ་དེ་ནོར་འཁྲུལ་ཤོར་ཡོད་ན་དབང་ལྡན་འགན་འཛིན་ནས་ཤོར་བ་རེད། ནོར་འཁྲུལ་ཤོར་མེད་ན་བཀའ་ཤག་གིས་ཀྱང་ནོར་མེད་ཅེས་ཞུ་རྒྱུ་ཡིན།

དོན་ཚན་བཞི་པ།
བཀུར་འོས་སྤྱི་འཐུས་ཤིག་གིས་ཉེ་ཆར་བཀའ་བློན་ཚོའི་ལས་ཁུངས་བསྐྱར་སྒྲིག་བྱས་པ་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་མཁྱེན་འདོད་ཡོད་པ་ཡིན་ཙང་གྲོས་ཚོགས་སུ་གསལ་བཤད་དགོས་ཀྱི་འདུག་ཅེས་བཀའ་ཕེབས་སོང༌། འདི་ཞུ་མི་དགོས་པ་ཞེས་ཞུ་རྒྱུ་ཡིན། བཀའ་ཤག་ནང་བཀའ་བློན་ཚོའི་ལས་ཁུར་བཀོད་བསྒྲིགས་ཞུ་རྒྱུའི་ཐད་གྲོས་ཚོགས་ལ་བཀའ་འདྲི་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་མེད། ཕྱོགས་གཞན་ཞིག་ནས་བཀུར་འོས་སྤྱི་འཐུས་རྣམ་པས་གནས་ཚུལ་མ་མཁྱེན་པ་རྩ་བ་ནས་ཡོད་མ་རེད། གང་ཡིན་ཟེར་ན་ལས་ཁུངས་བརྗེ་པོ་རྒྱག་པའི་སྐབས་ལ་བཀའ་བློན་གསར་རྙིང་གཉིས་ཀ་ལས་ཁུངས་སོ་སོའི་ནང་བཅར་ནས་ལས་ཁུངས་དེའི་ཁ་ལོ་པ་དང་ཡིག་སྐྱེལ་ཡན་ཆད་ཀྱི་ལས་བྱེད་ཡོངས་རྫོགས་ཚོགས་འདུ་ཚོགས་ཏེ། ལས་ཁུར་བརྗེ་པོ་རྒྱག་དགོས་པའི་རྒྱུ་མཚན་དང༌། དམིགས་ཡུལ། ཕན་ཐོགས་ག་རེ་ཡོད་མེད་བཅས་གསལ་པོ་ཞུས་ཡོད། དེ་གསང་བ་ཞིག་གང་ཡང་མ་ཡིན་པར་ཀུན་ཁྱབ་ཡོངས་གྲགས་ཤིག་རེད། སྐབས་དེར་རླུང་འཕྲིན་ཁང་ཁ་ཤས་ངའི་སར་བཅར་འདྲི་གནང་བར་ཕེབས་སོང་བར་གནས་ཚུལ་དེ་དག་ཁོང་ཚོར་གསལ་པོ་བྱས་ནས་ཞུས་པ་ཡིན། རླུང་འཕྲིན་ནང་དུ་ཕྱིན་ཚར་བའི་གནས་ཚུལ་ཞིག་བཀུར་འོས་སྤྱི་འཐུས་རྣམ་པས་མ་མཁྱེན་པ་ཡོད་མ་རེད། ཡིན་ཡང་གྲོས་ཚོགས་ནང་གསལ་བཤད་ཞུས་པ་ཡིན་ན་མ་འོངས་པར་བཀའ་བློན་ཁྲི་པ་སུ་ཞིག་གིས་རང་གི་བཀའ་ཤག་གི་བཀའ་བློན་ཚོའི་ལས་ཁུར་བསྐྱར་བཅོས་བྱེད་རིམ་བཞིན་གྲོས་ཚོགས་ལ་གསལ་བཤད་ཕུལ་དགོས་པའི་སྲོལ་ཞིག་ཆགས་ཀྱི་རེད། ལྷག་པར་དུ་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་དགུ་པའི་ནང་གསེས་གཉིས་པའི་དགོངས་དོན་བཀའ་བློན་ཚོར་ལས་ཁུངས་ཆ་བགོས་བྱེད་ཕྱོགས་དེ་བཀའ་བློན་ཁྲི་པས་འཆར་འགོད་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་གསན་ཆོག་མཆན་ཞུ་རྒྱུ་ལས་སྤྱི་འཐུས་ལྷན་ཚོགས་ལ་ཞུ་དགོས་པ་གསལ་གྱི་མེད། འགན་དབང་དེ་ནི་བཀའ་ཁྲིའི་དབྱིན་སྐད་ནང་ Prerogative ཞེས་གང་ཟག་བྱེ་བྲག་པའི་ཟུར་བཅད་ཀྱི་དབང་ཆ་ཞིག་རེད། བྱས་ཙང་དེའི་སྐོར་གྲོས་ཚོགས་སུ་གསལ་བཤད་ཞུ་མ་དགོས་པ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན།
དེ་དང་ཆབས་ཅིག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོར་རེ་སྐུལ་ལམ། ཐུགས་དྲན་གསོ་བའི་ཕྱིར་དོན་ཚན་གཉིས་ཞུ་རྒྱུ་ཡོད། དང་པོ། བགྲོ་གླེང་གནང་བའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ཉེར་དྲུག་པའི་ནང་གསེས་བཅུ་གསུམ་པ་དང༌། དོན་ཚན་ལྔ་བཅུ་ང་བཞིའི་ནང་གསེས་བཅུ་གསུམ་གཉིས་པོ་བཀུར་འོས་སྤྱི་འཐུས་རྣམ་པས་ཐུགས་སྣང་ངེས་པར་དུ་གནང་རོགས་གནང་ཞེས་གཞེན་བསྐུལ་ཞུ་འདོད་བྱུང༌། དོན་ཚན་དེ་གཉིས་ནང་མཛའ་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་གི་སྐོར་གྲོས་ཚོགས་སུ་གླེང་སློང་གནང་ཕྱོགས་སྐོར་ཁ་གསལ་པོ་འཁོད་ཡོད།
གཉིས་པ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ལས་བསྡོམས་སྙིང་བསྡུས་དེ་ཡིག་ཐོག་ཏུ་མ་བཀྲམས་པའི་ཐོག་ཀློག་པའི་སྐབས་ཆོས་ཀློག་པ་ནང་བཞིན་མགྱོགས་པོ་ཀློག་པ་ཡིན་ཙང་འཛིན་ཐུབ་ཀྱི་མི་འདུག དྲི་བ་གཏོང་ཁག་པོ་འདུག་ཅེས་བཀའ་གནང་སོང༌། སྤྱིར་བཏང་དེའི་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བཤད་གནང་གྲུབ་སོང༌། ཡིན་ནའང་ངས་རེ་བསྐུལ་ཞུ་རྒྱུ་ཞིག་ལ་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དེ་ཡིག་ཆ་གྲོས་ཚོགས་ཀྱི་གསོལ་ལྕོག་ཐོག་ཏུ་འབུལ་རྒྱུའི་ལས་རིམ་གྱི་འོག་ནས་བྱེད་ཀྱི་ཡོད་པ་རེད། ཡིག་ཆ་གསོལ་ལྕོག་ཐོག་ལ་འབུལ་རྒྱུའི་ལས་རིམ་གྱི་ནང་དུ་ཡིག་ཆ་འདྲ་བཤུས་འབུལ་རྒྱུའི་ལམ་སྲོལ་ཡོད་པ་མ་རེད། འདིའི་སྐོར་སྤྱི་འཐུས་རྣམ་པ་གསུམ་གྱིས་གསུངས་པ་ཡིན་ཙང་གསལ་བཤད་ཅིག་ཞུས་ན་བསམས་བྱུང༌། དེ་དང་འབྲེལ་བའི་གནད་དོན་གཞན་ཞིག་ཞུ་རྒྱུ་ལ། རྒྱུ་མཚན་གང་ལ་བརྟེན་ནས་སྐབས་བཅུ་གཅིག་པ་དང༌། བཅུ་གཉིས་པའི་གྲོས་ཚོགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྔོན་རྩིས་སྐབས་ལ་ཕུལ་རྒྱུའི་ལམ་སྲོལ་བཟོས་གནང་བ་ཡིན་དྲན་གྱི་མི་འདུག ལས་བསྡོམས་སྙིང་བསྡུས་དེ་ཕྱི་ཟླ་ ༩ པའི་ཚོགས་དུས་ནང་འབུལ་ཐུབ་པ་ཡིན་ན་དུས་ཚོད་དང་འཚམས་ཤིང་སྔོན་རྩིས་ཚོགས་དུས་སྐབས་ལ་ལས་དོན་ཕྲན་བུའི་ཉུང་དུ་འགྲོ་བའི་དགེ་མཚན་ཡོད་རེད་བསམ་གྱི་འདུག འདས་པའི་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་ལོ་དེའི་ཕྱི་ཟླ་ ༩ པའི་ནང་སྙན་གསན་ཞུ་ཐུབ་པ་ཡིན་ན་ཡག་པོ་མི་ཡོང་ངམ་བསམ་གྱི་འདུག ལོ་གཅིག་གི་རྗེས་ལ་ལོ་སྔོན་མའི་ལས་བསྡོམས་ཞུ་དུས་སྐབས་རེ་ལོ་རྗེས་མའི་ལས་དོན་མང་པོ་ལས་བསྡོམས་སྙིང་བསྡུས་ནང་ཚུད་བསྡད་པའི་ནོར་འཁྲུལ་གང་འཚམས་ཡོང་གི་འདུག སྔོན་འགྲོའི་སྙན་གསན་ཞུ་རྒྱུ་དེ་ཙམ་ཡིན།
དེ་ནས་ནང་སྲིད་ལས་ཁུངས་དང་འབྲེལ་བའི་གསལ་བཤད་ཞུ་དགོས་ཁག་ཞུ་རྒྱུ་ཡིན། གསལ་བཤད་དེ་ཚོ་མ་ཞུས་གོང་དགོངས་སེལ་དང་རེ་འདུན་ཞུ་རྒྱུའི་གནས་ཚུལ་ཞིག་ཡོད། དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་རིང་ཕྱི་ནས་སྐུ་མགྲོན་ཕེབས་མཁན་མང་བའི་ཁར། གསུང་ཆོས་དང་སྟབས་འཁེལ་བ། དེ་བཞིན་ཞུ་ལན་དེ་ཡང་ལམ་སེང་འབུལ་དགོས་པ་ཡིན་དུས་དེ་རིང་གྲས་ཚོགས་ནང་བཀའ་བསྡུར་བྱུང་བའི་གནད་དོན་དེ་ཚོ་བཀའ་ཤག་ནང་ཞིབ་ཚགས་པོས་གྲོས་བསྡུར་བྱས་ནས་ཞུ་ལན་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་མ་བྱུང་བས་ཤ་ཟིན་སྤུ་ཟིན་ཞིག་མ་གཏོགས་བྱུང་མ་སོང༌། བྱས་ཙང་གསལ་བཤད་ཞུ་བའི་སྐབས་གལ་སྲིད་ང་ཚོས་ཆད་པ་དང་ནོར་བ་དེ་འདྲ་བྱུང་སོང་ན་ད་ལྟ་གྲོས་ཚོགས་ཉིན་མ་གང་འཚམས་ལྷག་ཡོད་པས་བསྐྱར་དུ་བཀའ་འདྲི་གནང་བ་ཡིན་ན་གསལ་བཤད་ཞུས་ཆོག་པ་ཞུ་རྒྱུ་ཡིན།

ནང་སྲིད་དང་འབྲེལ་བའི་དོན་གནད་ཁག
དང་པོ་སོ་ནམ་ཞིང་ལས་སྐོར།
ཀ སྐྱེ་ལྡན་དང་རང་བཞིན་གྱི་སོ་ནམ་སློབ་སྟོན་པ་གཞིས་ཆགས་ཁག་སོ་སོར་བཏང་བ་དེ་ཚོ་ད་ལྟའི་ཆར་ལས་དོན་ལག་བསྟར་གྱི་གནས་སྟངས་ག་འདྲ་ཞིག་ལ་སླེབས་ཡོད་དམ་ཞེས་བཀའ་གནང་བའི་ཐད། གནས་སྟངས་འདི་ཙམ་ཞིག་ལ་སླེབས་ཡོད་ཅེས་ཞུ་རྒྱུ་མེད། ཐོག་མ་ཉིད་ནས་སྐྱེ་ལྡན་དང་རང་བཞིན་གྱི་སོ་ནམ་དེ་དེང་རབས་གོང་མའི་སོ་ནམ་གྱི་ལམ་སྲོལ་ཞིག་རེད། ཡིན་ནའང་མི་མང་གི་ཐུགས་འདོད་ཡོད་ན་མ་གཏོགས་བོད་གཞུང་གི་ངོས་ནས་ལམ་སྲོལ་དེའི་ནང་འགྲོ་དགོས་ཞེས་བཙན་བཀའ་ནམ་ཡང་གཏོང་གི་མིན་ཞེས་གྲོས་ཚོགས་སྔོན་མའི་ནང་ལ་ཞུས་པ་བཞིན་ང་ཚོས་གཞིས་མི་སུ་ཞིག་ལའང་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་བྱེད་དགོས་ཞེས་ཞུ་རྒྱུ་མ་བྱུང༌། ཡིན་ཡང་སོ་ནམ་གཞིས་ཆགས་ཡོངས་སུ་རྫོགས་པའི་ནང་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་དཔེ་མཚོན་བསྟན་རྒྱུ་དང༌། ལམ་སྟོན་དང་སྦྱོང་བརྡར་སྤྲོད་རྒྱུ་རྣམས་འགོ་བཙུགས་ཟིན་པ་ཡིན། གཞིས་ཆགས་ཁག་མང་པོའི་ནང་ལག་ལེན་བསྟར་མཁན་མི་མང་པོ་བྱུང་འདུག་ལ། ལག་ལེན་བསྟར་མཁན་དེ་ཚོས་ཉེན་ཁ་མེད་པ་དང་ཁེ་བཟང་ཡོད་པའི་མཁྱེན་རྟོགས་དང་ཉམས་མྱོང་བཟང་པོ་བྱུང་འདུག འོན་ཀྱང་དེ་ལ་འགལ་རྐྱེན་མེད་པ་རྩ་བ་ནས་མ་རེད། ཕྱོགས་གཅིག་ནས་རྫས་ལུས་དང་འབུ་དུག་ཚོང་མཁན་གྱི་ཚོང་པ་དེ་ཚོ་རྒྱལ་སྤྱིའི་ནང་རྒྱལ་ཁབ་མང་པོའི་མཉམ་འབྲེལ་ཅན་ བྱབྱMultinational Corporationབྱབྱ རེད། དེ་ཚོའི་གནོན་ཤུགས་དང་ཁྱབ་བསྒྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་རེད། དེ་འདྲ་སོང་ཙང་བཙན་བྱོལ་བོད་མི་རྣམས་གནོན་ཤུགས་དེའི་འོག་མི་འགྲོ་བར་བསྡད་རྒྱུ་ཁག་པོ་རེད་ལ། དེ་ལ་ང་ཚོས་ཁ་གཏད་བཅའ་རྒྱུའང་ཁག་པོ་རེད། གཞིས་ཆགས་ཀྱི་མི་ཡོངས་རྫོགས་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་ཐོག་བསྐྱོད་པ་ཡིན་ན་མཉམ་འབྲེལ་ཁག་གི་ཡོང་འབབ་ལའང་གནོད་སྐྱོན་ཐེབས་ཀྱི་ཡོད་ས་རེད། ད་བར་སོན་ལུད་འབུ་དུག་བཅས་མཉམ་འབྲེལ་ནས་སྡེབ་ཉོས་ཀྱིས་མི་མང་ལ་བཀྲམས་པ་སོགས་ཚོང་ལས་གང་འཚམས་ཤིག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་དེ་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁའ་ལ་གསལ་ཞེས་པའི་དཔེ་ལྟར་རིམ་པས་མི་རྣམས་ཀྱིས་དེ་ཉེན་ཁ་མེད་པ་དང༌། ཁེ་སྤོགས་ཡོད་པ་ཤེས་ནས་ལག་བསྟར་བྱེད་ཀྱི་རེད་བསམ་གྱི་འདུག དེའི་སྐབས་གཞིས་མི་ཚང་མར་ལུད། སོན། ལམ་སྟོན་བཅས་སྤྲད་ཆོག་ཡོང་བའི་ཕྱིར། ལུས་དང་སོན་གསོག་འཇོག་གི་ལས་གཞི། སོ་ནམ་སློབ་སྟོན་པའི་སྦྱོང་བརྡར་བཅས་གཞིས་ཆགས་ཚང་མའི་ནང་སྤེལ་བཞིན་པ་ཡིན། སོ་ནམ་གཞིས་ཆགས་གཅིག་མིག་དཔེར་འོས་པའི་སོ་ནམ་གཞིས་ཆགས་སུ་བསྒྱུར་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་པ་ཡིན། དེའི་འགེངས་ཤོག་བསྡུས་ཏེ་ཞིབ་འཇུག་གིས་ཀོ་ལི་གྷལ་དོན་ལྡན་གླིང་དང་པོ་ཐོན་འདུག བྱས་ཙང་ཁ་སང་འདི་ནས་ལས་བྱེད་ཆེད་གཏོང་གིས་གོ་བསྡུར་ཞུས་པར་གཞིས་ཆགས་མི་མང་གིས་དཔེ་མཚོན་གཞིས་ཆགས་སུ་བསྒྱུར་རྒྱུའི་ཁས་ལེན་བྱས་འདུག དེ་ལག་ལེན་དུ་བསྟར་བ་ཡིན་ན། གཞིས་ཆགས་ཀྱི་ས་ཁྱོན་གྱི་བརྒྱ་ཆ་བརྒྱ་རྫས་ལུད་དང་འབུ་དུག་སྤངས་པའི་སྐྱེ་ལྡན་གྱི་སོ་ནམ་ཐོག་རིམ་པས་འགྲོ་དགོས་ཀྱི་ཡོད་པ་རེད། དེའི་ཆེད་དུ་ཐབས་ཤེས་ཆ་ཚང་གཞུང་ནས་རོགས་སྐྱོར་ཞུ་རྒྱུ་ཡིན་ཞིང༌། གཞིས་ཆགས་གཞན་ལ་མིག་དཔེ་བསྟན་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག

ཁ ཡང་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་ཐོག་འགྲོ་མཁན་ཚོར་གྱོང་གུན་སོང་བ་ཡིན་ན་གཞུང་ནས་གུན་གསབ་གནང་གི་ཡོད་པའི་སྐོར་གོ་ཐོས་བྱུང་བ་དེ་བདེན་པ་རེད་དམ་ཞེས་བཀའ་གནང་སོང༌། དེ་བདེན་པ་མ་རེད་ཅེས་ཞུ་རྒྱུ་ཡིན། རྫས་ལུད་ཅན་ནས་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་ཕྱོགས་སུ་འགྲོ་བའི་སྐབས་གྱོང་གུན་ཆགས་ཀྱི་མ་རེད། དེ་ཁེ་བཟང་མ་གཏོགས་གྱོང་གུན་ཆགས་ཀྱི་མེད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཐོན་སྐྱེད་ཀྱི་ཆ་ནས་གལ་སྲིད་དེ་སྔོན་དོ་པོ་བཅུ་ཐོན་སར་ད་ཆ་དོ་པོ་དགུ་མ་གཏོགས་མ་ཐོན་པ་ཡོང་སྲིད་ནའང་རྫས་ལུད་དང་འབུ་དུག་སོགས་ཀྱི་འགྲོ་སོང་གང་ཡང་མེད་སྟབས། གྱོང་གུན་ཕོག་གཞི་ཡོད་མ་རེད། གལ་སྲིད་གྱོང་གུན་བྱུང་བ་ཡིན་ན་སྤྱིར་སྟངས་སྟོན་ཉེས་བྱུང་བའི་སྐབས་གཞུང་ནས་གུན་གསབ་སྤྲོད་ཀྱི་ཡོད་པ་བཞིན་སྐབས་དེ་དུས་བསམ་བློ་གཏོང་དགོས་རྒྱུ་ཞིག་རེད། ད་ལྟ་ང་ཚོས་མི་སུ་ལའང་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་ཞིང་ལས་ཐོག་འགྲོ་དགོས་ཀྱི་རེད། དེའི་དབང་གིས་གྱོང་གུན་བྱུང་ན་གཞུང་ནས་གུན་གསབ་སྤྲད་ཀྱི་ཡིན་ཟེར་བ་དེ་འདྲའི་བསམ་ཚུལ་མེད་ལ་ད་བར་དྲིལ་བསྒྲགས་ཞུ་རྒྱུ་ཡང་མ་བྱུང༌།

གཉིས་པ་ཨིཛ་རལ་དུ་སོ་ནམ་སྦྱོང་བརྡར་གཏོང་ཕྱོགས་སྐོར།
ཀ ཨིཛ་རལ་དུ་སོ་ནམ་སྦྱོང་བརྡར་དང་ལས་ཀ་བྱེད་དུ་འགྲོ་མཁན་དེ་ཚོ་ལོ་གཅིག་ཆད་ཡོད་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ལོ་གཅིག་ཆད་པའི་གནས་ཚུལ་བྱུང་མི་འདུག ༡༩༩༨ ནས་འགོ་བཙུགས་ཏེ་ད་ལྟ་ ༢༠༠༥ བར་དུ་ལོ་རེ་བཞིན་མི་གྲངས་མང་ཉུང་གི་ཁྱད་པར་ཕྲན་བུ་ཡོད་པ་མ་གཏོགས་འགྲོ་མ་ཐུབ་པ་ལོ་གཅིག་ཀྱང་བྱུང་མི་འདུག་ཅེས་ཞུ་རྒྱུ་དང༌།
ཁ ཡང་ས་གནས་ཁ་ཤས་ལ་དམིགས་བསལ་སྤྲད་ཀྱི་ཡོད་རེད་དམ་གསུངས་སོང་སྟེ། དེ་ཁ་སང་དྲི་བ་དྲིས་ལན་གྱི་སྐབས་སུ་ཞུས་ཟིན་པ་སོང་ཙང་ངས་བསྐྱར་ལྡབ་ཞུ་དགོས་པ་མི་འདུག དམིགས་བསལ་གཏོང་གི་ཡོད་པ་མ་རེད།

གསུམ་པ་ཟས་སྐྱོབ་སྐོར།
ཡང་དེ་སྔ་ཀྲུ་ཀྲིང་ལ་ཟས་སྐྱོབ་ཅིག་ཐོབ་ཀྱི་ཡོད་པ་འདྲ། དེ་བར་སྐབས་ཤིག་ནས་ཆད་པ་རེད། དེའི་ཆད་དགོས་དོན་གང་ཡིན་དང༌། མ་འོངས་པར་དེ་ཡང་བསྐྱར་ཡོང་གི་རེད་དམ་ཞེས་བཀའ་གནང་སོང༌། ནང་སྲིད་ལས་ཁུངས་ཀྱི་ཡིག་ཆའི་ནང་ཀྲུ་ཀྲིང་ལ་གྲོ་ཆག་དང་སྣུམ་ལ་སོགས་པའི་ཟས་སྐྱོབ་ཀྱི་རོགས་སྐྱོར་ཐོབ་པའི་གནས་ཚུལ་གསལ་གྱི་མི་འདུག གལ་སྲིད་ཐོབ་ཡོད་པ་ཡིན་ནའང་ཐད་ཀར་ཐོབ་ཡོད་པ་ཡིན་ན་མ་གཏོགས་ནང་སྲིད་བརྒྱུད་ཐོབ་པ་བྱུང་མི་འདུག ཡིན་ནའང་སྔ་ལོ་ ༢༠༠༤ ལོ་ལ་བྱང་ཤར་ས་ཁུལ་ལ་ཟས་སྐྱོབ་གནང་མཁན་གྱི་རོགས་ཚོགས་དེ་ལ་ཀྲུང་ཀྲིང་ལ་སྐྱོབ་གསོ་གཏང་ཐུབ་ན་ཡག་པོ་འདུག་ཅེས་ནང་སྲིད་ལས་ཁུངས་ཀྱིས་འབོད་བསྐུལ་ཞུས་འདུག སྐབས་དེར་ཁོང་ཚོས་ཀྲུ་ཀྲིང་དུ་གཏང་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་བསམ་བློ་གཏོང་གི་ཡིན་ཞེས་གསུངས་འདུག

བཞི་པ་མཉམ་འབྲེལ་སྐོར།
ཀ སྤྱི་འཐུས་མཉམ་འབྲེལ་དེབ་སྐྱེལ་བྱ་རྒྱུའི་སྐོར་དེ་གང་དུ་སླེབས་ཡོད་རེད་ཅེས་བཀའ་གནང་སོང༌། སྤྱི་མཐུན་མཉམ་འབྲེལ་དེབ་སྐྱེལ་བྱ་རྒྱུར་དུས་ཚོད་ཧ་ཅང་རིང་པོ་འགོར་སོང༌། དེ་འདྲའི་འགོར་གཞི་བྱུང་བ་དེ་ཐོག་མར་ཡིག་ཆ་བཟོས་པའི་སྐབས་ནོར་འཁྲུལ་རེ་ཟུང་བྱུང་བའི་དབང་གིས་རེད་འདུག དེ་ལ་དགོངས་སེལ་ཞུ་རྒྱུ་ཡིན། དེའི་དབང་གིས་ཕན་ཚུན་འདྲི་རྩད་མང་པོ་ཞིག་བྱས་དགོས་བྱུང་བ་རེད། ད་ལྟའི་གནས་སྐབས་སུ་འདྲི་བརྩད་ཞིབ་འཇུག་ཟིན་ཏེ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་རྒྱབ་གཉེར་ཐོབ་ཟིན་པ་དང་རྒྱ་གར་ནང་སྲིད་ལས་ཁུངས་ནས་རྒྱབ་གཉེར་ཐོབ་ལ་ཉེ་བ་ཞིག་རེད་འདུག ཡིན་ནའང་རྒྱ་གར་ནང་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ལག་ཏུ་སོན་ཟིན་ནས་མ་གཏོགས་སྔོན་ནས་ཚོད་དཔག་བྱེད་མི་ཐུབ་པ་ཡིན་སྟབས། ངས་དུས་ཚོད་འདི་འདྲ་ཞིག་ལ་དེབ་སྐྱེལ་བྱེད་ཐུབ་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག རིང་པོར་མི་ཐོག་པར་དེབ་སྐྱེལ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ཁ ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་མཉམ་འབྲེལ་དྲུང་ཆེ་གསར་པའི་ཆེད་དུ་སློབ་སྦྱོང་དུ་ཚུད་པ་ལ་ B.Com. གྱི་ཆ་རྐྱེན་བཞག་འདུག དེ་ལ་བརྟེན་ནས་གཞིས་ཆགས་ཁ་ཤས་ནས་མི་འགྲོ་གཏོང་རྒྱུ་མེད་པ་ཆགས་འདུག་ཅེས་གསུངས་སོང་བ་དེ་དངོས་གནས་རེད། མཉམ་འབྲེལ་གྱི་སྦྱོང་བརྡར་དུ་འགྲོ་བ་ལ་ B.Com. མེད་དུ་མི་རུང་བ་ཞིག་རེད་འདུག B.Com. མེད་མཁན་ཞིག་མཉམ་འབྲེལ་སྦྱོང་བརྡར་ལ་ཕྱིན་པ་ཡིན་ན་ཚོང་དང་རྩིས་ཀྱི་གོ་རྟོགས་ཀྱི་རྒྱབ་ལྗོངས་གཞི་ནས་བཟོ་དགོས་པ་ཡིན་དུས་དཀའ་ལས་ཁག་པོ་ཆགས་ཀྱི་འདུག དེ་འདྲ་ཡིན་སྟབས་ང་ཚོས་ཆ་རྐྱེན་དེ་བཟོས་པ་རེད། ནང་སྲིད་ལས་ཁུངས་ཀྱིས་སྦྱོང་བརྡར་སྤྲོད་ཡུལ་གྱི་མི་དེ་སྦྱོང་བརྡར་འགྲོ་མྱོང་ཟེར་བ་ཙམ་མ་ཡིན་པར་དངོས་སུ་ཕན་ཐོགས་པ་ཞིག་བྱུང་ན་བསམས་ནས་ཆ་རྐྱེན་དེ་བཞག་འདུག དེ་ལ་བརྟེན་ནས་ས་གནས་ཁ་ཤས་ནས་མི་འགྲོ་དམིགས་འཛུགས་བྱས་མ་ཐུབ་པ་བྱུང་ཡོད་པ་ཡིན་ནའང་སྦྱོང་བརྡར་ཐོན་པའི་མི་ཞིག་ས་གནས་དེ་ཚོའི་ནང་ལས་དོན་བཀོད་བསྒྲིགས་བྱེད་རྒྱུར་དཀའ་ངལ་ཡོང་གི་མ་རེད་བསམ་གྱི་འདུག
ག བཀུར་འོས་སྤྱི་འཐུས་གཅིག་གིས་མཉམ་འབྲེལ་འགན་འཛིན་ཟུར་པ་ཞིག་གི་སྐོར་དོན་ཚན་ལྔ་ཅན་གྱི་སྙན་ཞུ་ཞིག་འབྱོར་ཡོད་རེད། དེའི་རྗེས་གང་བྱུང་ཡོད་མེད་གོ་རྒྱུ་ཚོར་རྒྱུ་མི་འདུག ལན་གང་ཡང་འབྱོར་མ་སོང་ཞེས་བཀའ་གནང་སོང༌། རྒྱུན་ལས་ཀྱི་བཀའ་རྩད་ལ་ལན་མ་ཕུལ་བ་ཞིག་མཐོང་མ་སོང༌། གལ་སྲིད་ལུས་ཡོད་པ་ཡིན་ན་དགོངས་དག་ཞུ་བ་དང་ཆབས་ཅིག་རྗེས་སུ་འབུལ་ཆོག་པ་ཞུ་རྒྱུ་ཡིན། དོན་ཚན་ལྔ་ཡོད་པ་དེའི་ནང་མང་ཆེ་བ་རྩིས་དང་འབྲེལ་བ་ཆགས་པ་སོང་ཙང་དམིགས་བསལ་རྩིས་ཞིབ་གནང་འདུག དེའི་རྗེས་རྩིས་ཞིབ་སྙན་ཐོའི་ནང་དོན་ཚན་སོ་སོའི་ཐོག་ནོར་འཁྲུལ་འགལ་འཛོལ་གང་ཡོད་གསལ་སྟོན་བྱས་འདུག དེ་དག་ནང་སྲིད་ལས་ཁུངས་ནས་ཡིག་ཆུང་དང་སྦྲགས་ནས་མཉམ་ལས་འགན་འཛིན་ལྷན་ཚོགས་ལ་ཐག་གཅོད་གནང་དགོས་བཀོད་མངགས་ཞུས་པ་ལྟར་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་འདུག སྐབས་དེར་འབྲེལ་ཡོད་འགན་འཛིན་གཞུང་ཞབས་ནས་རྩ་དགོངས་ཞུས་པ་ཡིན་ཙང་གཞུང་ངོས་ནས་མཇུག་འདེད་བྱེད་རྒྱུ་གང་ཡང་ལྷག་ཡོད་མ་རེད། ཡིན་ནའང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་རྩིས་ཞིབ་སྙན་ཐོའི་དོན་ཚན་ཁག་ནས་ལུགས་མཐུན་བཀའ་འཁྲོལ་མ་ཞུས་པ་སོགས་སྒྲིག་མཐུན་མ་བྱུང་ཡང་དངོས་སུ་དངུལ་གྲོན་རྣམས་བཟོ་གྲྭའི་ལས་དོན་ཆེད་དུ་བཏང་སྟེ་གྱོང་གུན་མ་ཆགས་པ་དེ་ཚོ་སྒྲིག་མཐུན་མ་བྱུང་བར་དགོངས་སེལ་ཞུས་ཏེ་འགྲིག་པ་དང༌། གྱོང་གུན་ཕོག་པ་དེ་ཚོ་གསབ་དགོས་པའི་ཐག་གཅོད་གནང་འདུག ཐག་གཅོད་ཇི་གནང་ལྟར་དངུལ་གང་འཚམས་བསབས་ཟིན་པ་དང་ཕྲན་བུ་ད་དུང་རིམ་བསབ་བྱེད་རྒྱུར་བསྡད་འདུག་པ་ནང་སྲིད་ནས་མུ་མཐུད་འགན་ཁུར་གྱིས་དངུལ་ཆ་ཚང་བསབ་ཐུབ་པ་ཞུ་རྒྱུ་ཡིན།
ང རྒྱ་གར་ནང་ཡོད་པའི་མཉམ་འབྲེལ་ཁག་སོ་སོ་ནས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཉམ་དྲུང་བདམས་ཟིན་པ་ག་ཚོད་ཡོད་ཅེས་བཀའ་འདྲི་གནང་བའི་ཐད། མཉམ་འབྲེལ་ཚོགས་གཙོ་འོས་འདེམས་ཟིན་པ་བརྒྱད་བྱུང་འདུག དྲུང་ཆེ་རང་ཁུངས་ནས་བསྐོ་གཞག་ཟིན་པ་བརྒྱད་བྱུང་འདུག དེའི་འཕྲོས་ལ་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀ་རིམ་པས་སྒྲིག་གཞི་གཞིར་བཟུང་གིས་འདེམས་བསྐོ་བྱ་རྒྱུའི་མཐུན་འགྱུར་དང་འབོད་བསྐུལ་ཞུ་བཞིན་པ་ཡིན། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ཚོགས་གཙོ་འོས་འདེམས་དང་དྲུང་ཆེ་བསྐོ་གཞག་ཟིན་པ་དང༌། སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་གཙོ་འོས་འདེམས་ཟིན་པ་དང༌། དྲུང་ཆེ་བསྐོ་གཞག་གནང་རྒྱུ་བསྡད་འདུག མོན་གྷོ་འདོད་རྒུ་གླིང་གི་ཚོགས་གཙོ་འོས་འདེམས་ཟིན་པ་དང༌། དྲུང་ཆེ་བསྐོ་གཞག་གནང་རྒྱུ་རེད། ཀོལ་གྷར་དོན་ལྡན་གླིང་གི་ཚོགས་གཙོ་འོས་འདེམས་གནང་རྒྱུ་དང༌། དྲུང་ཆེ་བསྐོ་གཞག་ཟིན་འདུག བན་རྡ་ར་ནོར་རྒྱས་གླིང་ཚོགས་གཙོ་འོས་འདེམས་དང་དྲུང་ཆེ་བསྐོ་གཞག་ཟིན་འདུག ཨོ་རི་ས་ཕུན་ཚོགས་གླིང་གི་ཚོགས་གཙོ་འོས་འདེམས་ཞུས་མི་འདུག དྲུང་ཆེ་བསྐོ་གཞག་ཟིན་འདུག ལ་དྭགས་བསོད་ནམས་གླིང་ལ་ཚོགས་གཙོ་འོས་འདེམས་བྱས་མི་འདུག དྲུང་ཆེ་བསྐོ་གཞག་ཟིན་འདུག མེའོ་ཆོས་འཕེལ་གླིང་ལ་ཚོགས་གཙོ་འོས་འདེམས་བྱས་འདུག དྲུང་ཆེ་བསྐོ་གཞག་གནང་རྒྱུ་རེད་འདུག རྡ་ས་མཉམ་ལས་ལ་ཚོགས་གཙོ་འོས་འདེམས་གྲུབ་འདུག དྲུང་ཆེ་གཞུང་ཞབས་གནང་རྒྱུ་རེད། སྒང་ཏོག་ལ་ཚོགས་གཙོ་འོས་འདེམས་དང་དྲུང་ཆེ་བསྐོ་གཞག་གནང་ཚར་འདུག བལ་ཡུལ་བཀྲིས་དཔལ་འཁྱིལ་གླིང་ལ་ཚོགས་གཙོ་འོས་འདེམས་དང་དྲུང་ཆེ་བསྐོ་གཞག་གནང་གྲུབ་འདུག བལ་ཡུལ་འཇོ་ལ་འཁེལ་ལ་དྲུང་ཆེ་བསྐོ་གཞག་གནང་ཚར་བ་དང༌། ཚོགས་གཙོ་འོས་འདེམས་གནང་ཚར་མི་འདུག ད་ལྟ་དྲུང་ཆེ་བསྐོ་གཞག་གནང་བ་ཁ་ཤས་འཕྲལ་སེལ་རེད། མཉམ་འབྲེལ་རིག་པ་ཟླ་བ་དགུའི་རིང་སློབ་སྦྱོང་བྱ་རྒྱུའི་ཆེད་དུ་བཏང་བ་དེ་ཚོ་ཐོན་ཟིན་པ་རེད། ཁོང་ཚོ་རིང་མིན་ས་གནས་སོ་སོར་བཀོད་བསྒྲིགས་བྱེད་དགོས་ཀྱི་ཡོད་རེད། དེའི་སྐབས་སུ་ས་གནས་སོ་སོའི་འགན་འཛིན་ལྷན་ཚོགས་ཀྱིས་ད་ལྟ་སྦྱོང་བརྡར་ཐོན་པ་དེ་ཚོ་ནས་མཉམ་འབྲེལ་དྲུང་ཆེ་བསྐོས་ཐུབ་པ་ཡིན་ན། མཉམ་འབྲེལ་གྱི་ལས་དོན་ལ་ཕན་ཐོགས་ཡོང་མདོག་ཁ་པོ་རེད་ཞུ་རྒྱུ་ཡིན།

ལྔ་པ་ཉམ་ཐག་རོགས་སྐྱོར་སྐོར།
ཀ བཀུར་འོས་སྤྱི་འཐུས་ཤིག་གིས་ཌེ་ར་ཌུན་ཁུལ་དུ་ཉམ་ཐག་གི་འཚོ་སྣོན་འབྱོར་མ་སོང་ཞེས་བཀའ་གནང་སོང༌། རཱཇ་པུར་གྱི་ཉམ་ཐག་མང་ཆེ་བ་བུད་མེད་མཉམ་ལས་ཀྱི་སྒྲིག་ཁོངས་སུ་ཡོད་མཁན་རེད་འདུག དེ་འདྲ་ཡིན་ཙང་མཉམ་ལས་ལ་གནས་ཚུལ་བཀའ་འདྲི་ཞུས་འདུག ཁ་འཐོར་ཉམ་ཐག་དེ་ཚོ་བསྐྱར་དུ་སྙན་གསན་ཞུ་དགོས་པའི་ཡིག་ཆུང་ཞིག་བཏང་འདུག དེ་ལ་ལན་འབྱོར་མི་འདུག གང་ལྟར་སྒྲིག་ཁོངས་ཀྱི་ཉམ་ཐག་དང༌། ཁ་འཐོར་གྱི་ཉམ་ཐག་གང་ཡིན་པ་དེ་གཉིས་དབྱེ་འབྱེད་བྱེད་མ་ཐུབ་པའི་དབང་གིས་དུས་འགྱངས་གྱུར་འདུག དོན་གྲུབ་གླིང་གི་ཉམ་ཐག་དེ་ཚོ་གཅིག་མཚུངས་སུ་གསལ་བསྒྲགས་གནང་ཟིན་འདུག བདེ་སྐྱིད་གླིང་གི་ཉམ་ཐག་དེ་ཚོ་མང་ཆེ་བ་མ་སུ་རི་དང་ IM རོགས་ཚོགས་ནས་རོགས་རམ་འཐོབ་བཞིན་པ་རེད་འདུག རོགས་དངུལ་ག་ཚོད་ཡོད་མེད་ད་ལྟ་ཞིབ་འཇུག་འགྲོ་བཞིན་པ་རེད། དེ་འདྲའི་གནས་སྟངས་ཐོག་ནས་ཕྲན་བུའི་དུས་འགྱངས་ཕྱིན་པ་མ་གཏོགས་དོ་སྣང་མ་བྱས་པ་རེད་མི་འདུག
ཁ ཉམ་ཐག་ངོས་འཛིན་བྱེད་སྟངས་དྲང་པོ་མིན་པའི་གཟིགས་ཚུལ་ཡོད་པ་དང༌། དུས་ཚོད་འགོར་གཞི་ཡོད་པ་སོགས་ཀྱི་ཐད་བཀའ་གནང་མཁན་སྤྱི་འཐུས་མང་པོ་ཞིག་བྱུང་སོང༌། དུས་ཚོད་འགོར་བ་དངོས་བདེན་རེད། དེ་ལས་མྱུར་བ་ཞིག་བཟོ་རྒྱུའི་ཐབས་ལམ་ཡོད་མེད་ཤེས་ཀྱི་མི་འདུག ཉམ་ཐག་ཞིབ་འཇུག་བྱེད་སྟངས་ཚད་ལྡན་ཞིག་བྱུང་ཡོད་མེད་སྐོར་བཀའ་ཤག་ལ་བཀའ་འདྲི་མ་གནང་རོགས་གནང་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། བཀའ་ཤག་གིས་ཞིབ་འཇུག་བྱས་པའི་བརྒྱུད་ལམ་དེ་ལ་གྲོས་ཚོགས་ཀྱིས་ཚད་འཛིན་མ་གནང་བར་གྲོས་ཚོགས་ནས་བསྐྱར་ཞིབ་ཚོགས་ཆུང་བཙུགས་གནང་ཡོད་པ་རེད། བསྐྱར་ཞིབ་ཚོགས་ཆུང་ནས་འདི་ཉམ་ཐག་རེད། འདི་ཉམ་ཐག་མ་རེད་ཅེས་བཀའ་གང་གནང་བ་དེ་ལ་ང་ཚོས་དང་ལེན་ཞུས་པ་མ་གཏོགས་དྲི་བ་ཞུ་ནུས་ཀྱི་མེད། བཀའ་འདྲི་ཞུ་དགོས་འདུག་སྙམ་པའི་གནས་ཚུལ་རེ་ཟུང་ཡོང་གི་འདུག ཉེ་ཆར་ཐེངས་གཅིག་བཀའ་འདྲི་ཞུས་པ་ཡིན་ཏེ་དེའི་བཀའ་ལན་དུ་ བྱབྱའདི་ནས་གང་ཐག་བཅད་པ་དེ་ལས་བསྐྱར་འདྲི་ཞུ་དགོས་མེད་བྱབྱ ཅེས་ཕེབས་སོང་བས་དེ་ནས་ང་ཚོས་དྲི་བ་ཞུ་རྒྱུ་མཚམས་བཞག་པ་ཡིན། འདིའི་སྐོར་ཐུགས་འགན་ཆ་ཚང་སྤྱི་འཐུས་ལྷན་ཚོགས་ནས་བཞེས་ཀྱི་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན།
ག ཉམ་ཐག་ཕྱི་རྒྱལ་ལ་གཏོང་དགོས་ཀྱི་རེད་ཅེས་བཀའ་གནང་སོང༌། ཉམ་ཐག་ཕྱི་རྒྱལ་ལ་གཏོང་ཐུབ་པ་མི་འདུག་ཅེས་ཞུ་རྒྱུ་ཡིན། སྤྱིར་བཏང་ཕྱི་རྒྱལ་ལ་གཞིས་ཆགས་གཏོང་རྒྱུའི་སྲིད་བྱུས་ལ་འགྱུར་བ་བཏང་ནས་གལ་སྲིད་གཞིས་ཆགས་ལེན་མཁན་བྱུང་ན་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་པ་ཡིན། འོན་ཀྱང་ཉམ་ཐག་མང་ཆེ་བ་ཞིག་རྒས་འཁོགས་དང་ནད་པ་ལས་ཀ་བྱེད་མི་ཐུབ་མཁན་དེ་འདྲ་རེད། དེ་འདྲ་ཡིན་དུས་ཉམ་ཐག་ཕྱི་རྒྱལ་དུ་གཏང་རྒྱུ་ལག་ལེན་འཁེལ་གྱི་རེད་བསམ་གྱི་མེད།
ང ཉམ་ཐག་རོགས་སྐྱོར་ཞུ་ཕྱོགས་ཀྱི་སྐོར་འཚོ་སྣོན་ས་གནས་ནས་གནང་དགོས་པའི་བཀོད་ཁྱབ་གནང་འདུག དེ་ཧ་ཅང་རྫབ་ཆེན་རེད་ཅེས་སྤྱི་འཐུས་གཅིག་གིས་བཀའ་གནང་སོང༌། དེའི་ཐོག་ལ་སྙན་གསན་ཞུ་རྒྱུ་ཁ་ཤས་ཡོད། དང་པོ་གྲོས་ཚོགས་ཀྱིས་མཁྱེན་གསལ་ལྟར་བཀའ་ཤག་གི་ངོས་ནས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་དངུལ་ཡིན་ནའང་འདྲ། དྷརྨ་ཤཱ་ལའི་གཞུང་གི་ལས་ཁུངས་ཁག་གི་དངུལ་ཡིན་ནའང་འདྲ། སྐུ་ཚབ་དོན་གཅོད་ཁག་གི་དངུལ་ཡིན་ནའང་འདྲ། དེ་དག་ཐམས་ཅད་བཙན་བྱོལ་གཞུང་གི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་གཞུང་དངུལ་ཡིན་པ་དང༌། དབུས་དང་ས་གནས་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཐོག་ནས་འགྲོ་སོང་གཏོང་དགོས་པ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་མ་གཏོགས་དབུས་ཀྱི་དངུལ་དེ་དབུས་ལ་ཟུར་དུ་བདག་པ་ཞིག་དང༌། ས་གནས་ཀྱི་དངུལ་དེ་ས་གནས་ལ་ཟུར་དུ་བདག་པ། དེ་བཞིན་ས་གནས་ཀྱི་ལས་གཞིའི་ཐོག་ལ་དབུས་ནས་འགྲོ་སོང་གཏང་མི་ཆོག་པ་དང༌། དབུས་ཀྱི་ལས་གཞིའི་ཐོག་ལ་ས་གནས་ཀྱིས་འགྲོ་སོང་གཏང་མི་ཆོག་པ་དེ་འདྲ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། དེར་བརྟེན་གཞུང་གི་དངུལ་ཡོངས་རྫོགས་ཕྱོགས་བསྡོམས་མ་དངུལ་གཅིག་གི་ནང་གྲོས་ཚོགས་འདིས་ཐག་གཅོད་གནང་རྒྱུའི་ཁྱབ་ཁོངས་སུ་ཡོད་པའི་དངུལ་འབོར་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད། གཉིས་པ་ད་ཕན་ཉམ་ཐག་ཞིབ་འཇུག་ནང་ཐོན་པའི་ཉམ་ཐག་མང་ཆེ་བ་ཞིག་ས་གནས་ནས་སམ་རང་སྐྱོང་སྡེ་ཚན་ཁག ཡང་ན་སྦྱིན་བདག་བཅས་སུ་རུང་ནས་རོགས་སྐྱོར་ཡོད་བཞིན་པ་མང་པོ་འདུག དེ་འདྲ་ཡིན་དུས་ས་གནས་ནས་རོགས་སྐྱོར་འགྲོ་བཞིན་པ་དེ་ཚོ་དབུས་ནས་བསྐྱར་སྤྲོད་བྱ་དགོས་དང༌། རང་སྐྱོང་སྡེ་ཚན་ཁག་གིས་རོགས་རམ་གནང་བཞིན་པ་དེ་དག་ཀྱང་འགྱུར་བ་བཏང་དགོས་མ་མཐོང༌། ཉམ་ཐག་ལ་རོགས་སྐྱོར་དགོས་ཀྱི་ཡོད་རེད་མ་གཏོགས་རོགས་སྐྱོར་དེ་གང་ནས་ཡོང་གི་ཡོད་མེད་ཀྱི་གནས་ཚུལ་དེ་གལ་ཆེན་པོ་མ་རེད། གསུམ་པ་ནང་སྲིད་ལས་ཁུངས་ཀྱིས་ས་གནས་ཁག་ལ་བཀོད་ཁྱབ་གང་བཏང་ཡོད་ཅེ་ན། སྤྱི་འཐུས་ལྷན་ཚོགས་ནས་མི་གྲངས་འདི་ཙམ་ཞིག་ལ་ཉམ་ཐག་ཡིན་པར་ངོས་འཛིན་གནང་འདུག དེ་དག་ལ་རོགས་སྐྱོར་འདི་དང་དེ་འདྲ་བ་ཞིག་བྱེད་དགོས་ཀྱི་ཡོད་རེད། དེ་ད་ལྟ་ས་གནས་ནས་བྱེད་བཞིན་པ་རེད་དམ། བྱེད་བཞིན་པ་མ་ཡིན་ན་དེ་འདྲ་ཞིག་བྱེད་ཐུབ་ཀྱི་རེད་དམ། བྱེད་ཐུབ་ཀྱི་མེད་ན། ནང་སྲིད་ལ་སྙན་གསན་ཞུ་དགོས་ཞེས་ལམ་སྟོན་བྱས་ཡོད་མ་གཏོགས། ཉམ་ཐག་དེ་ཚོའི་རོགས་སྐྱོར་ས་གནས་ནས་གོ་སྒྲིག་བྱེད་དགོས་ཞེས་ཞུས་མེད། ཉམ་ཐག་རོགས་སྐྱོར་ཕར་བཞག་ནས་ས་གནས་འགོ་འཛིན་འགྲོ་སོང་གཏང་རྒྱུ་མེད་པ་མང་པོ་ཞིག་དབུས་ནས་འགྲོ་སོང་བཀའ་འཁྲོལ་ཞུས་ནས་འགྲོ་བསྡད་ཀྱི་ཡོད་རེད། ད་ལྟ་ས་གནས་ནས་ཉམ་ཐག་རོགས་སྐྱོར་བྱེད་བཞིན་པ་དེ་ཚོ་ཡང་ཆད་པའི་ཉིན་མོ་ནང་སྲིད་ནས་ཞུ་སྤྲོད་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད། དེར་བརྟེན་ནང་སྲིད་ལས་ཁུངས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཁག་ལ་ཉམ་ཐག་རོགས་སྐྱོར་ས་གནས་ནས་བྱེད་ཐུབ་ཀྱི་ཡོད་མེད་བཀའ་འདྲི་གནང་བ་དེ་ཚབས་ཆེ་བའི་འགལ་འཛོལ་གང་ཡང་མ་རེད་ཅེས་ཞུ་རྒྱུ་དང༌། ལྷག་པར་དུ་གསལ་པོ་བཟོ་དགོས་རྒྱུའི་དོན་གནས་གཅིག་ནི་བཀུར་འོས་སྤྱི་འཐུས་གཅིག་གིས་ས་གནས་འགོ་འཛིན་བཀུར་འོས་སྤྱི་འཐུས་ཀྱི་སྐུ་མདུན་དུ་བཅར་ནས་ཁྱེད་རང་ཚོས་གཅིག་གནང་རྒྱུ་ཡོད་ན་མ་གཏོགས་འགོ་འཛིན་རིམ་པས་བསགས་པའི་མ་དངུལ་དེ་ཉམ་ཐག་ལ་གཏོར་བཞག་ས་རེད། དེ་འདྲ་བྱས་ན་ང་ཚོ་འགན་བཟོད་ཐབས་མི་འདུག་ཅེས་འུ་ཐུག་ཐབས་ཟད་ཀྱི་སྙན་གསན་ཞུས་སོང་ཞེས་བཀའ་གནང་སོང༌། དེ་འཕྲལ་ང་ཚོས་འབྲེལ་ཡོད་ས་གནས་འགོ་འཛིན་ཟུར་པ་དང༌། ས་གནས་འགོ་འཛིན་ལས་ཐོག་པ་གཉིས་བཅས་གསུམ་ག་ལ་སྐད་ཆ་དྲིས་པ་ཡིན། ད་ལྟ་སྦེལ་ཀོབ་ལུགས་བསམ་གྱི་ས་གནས་འགོ་འཛིན་འཆི་མེད་རིག་འཛིན་གྱིས་དེ་འདྲ་ཚིག་གཅིག་ཀྱང་ཞུ་རྒྱུ་མ་བྱུང་ཞེས་ཐག་བཅད་ནས་ཞུས་ཀྱི་འདུག དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་གྱིས་དེ་འདྲ་ཚིག་གཅིག་ཀྱང་ཞུ་རྒྱུ་མ་བྱུང་ཞེས་ཐག་བཅད་ནས་ཞུས་སོང༌། ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་འཕྲིན་ལས་རྒྱ་མཚོས་བཀུར་འོས་སྤྱི་འཐུས་ས་གནས་འགོ་འཛིན་གྱི་ལས་ཁུངས་སུ་ཕེབས་ཏེ་ཉམ་ཐག་སྐོར་ལ་བཀའ་འདྲི་གནང་སོང་མ་གཏོགས་ཕར་བཅར་རྒྱུ་མ་བྱུང༌། བཀའ་འདྲི་གནང་བའི་སྐབས་ལ་ཉམ་ཐག་ངོས་འཛིན་གནང་བའི་ཐོ་གཞུང་འབྱོར་སོང༌། ས་གནས་ནས་ཐུབ་པ་རྣམས་ས་གནས་རང་ནས་རོགས་སྐྱོར་བྱེད་དགོས་རེད། མ་ཐུབ་པ་རྣམས་དབུས་ནས་ཞུ་དགོས་ཞེས་བཀའ་ཁྱབ་ཕེབས་སོང་ཞེས་ཞུས་པ་ཡིན་མ་གཏོགས་ས་གནས་ཀྱི་མ་དངུལ་ཡོངས་སུ་རྫོགས་པ་དེ་གཏོར་འགྲོ་ས་རེད་ཅེས་རྩ་བ་ནས་ཞུ་རྒྱུ་མ་བྱུང་ཞེས་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་ཀྱི་འདུག འདི་ཚོ་གྲོས་ཚོགས་སུ་མ་ཞུས་པ་ཡིན་ན་གཞུང་གི་སྲི་ཞུ་ལས་བྱེད་པ་རྣམས་ལ་གྲོས་ཚོགས་ཀྱི་ནང་དྲི་བར་ལན་འདེབས་ཞུ་རྒྱུ་དང་སོ་སོའི་གནས་སྟངས་གསལ་པོ་བཟོ་རྒྱུའི་ཐོབ་ཐང་དང་གོ་སྐབས་མེད་སྟབས། ཁོང་ཚོའི་ཐོག་ལ་གྲོས་ཚོགས་ནང་སྐྱོན་བརྗོད་བྱུང་བ་ཡིན་ན། དེའི་དག་སེལ་དེ་བཀའ་ཤག་ནས་ཞུ་དགོས་པ་ཞིག་རེད། གལ་སྲིད་ཁོང་ཚོས་དེ་འདྲ་ཞུས་མེད་ཅེས་ཞུས་པ་དེ་བདེན་པ་མིན་ན་ཞིབ་འཇུག་བྱེད་དགོས་པའི་གནས་སྟངས་ཤིག་རེད། སྤྱིར་བཏང་ས་གནས་ནས་གཏོང་བཞིན་པ་དང་བཏང་ཐུབ་པ་དེ་ཚོ་གཞུང་གི་དངུལ་ནས་འགྲོ་བ་ཞིག་ཡིན་ཙང་ཁྱད་པར་གང་ཡང་མཐོང་གི་མི་འདུག་ཅེས་ཞུ་རྒྱུ་གཅིག་དང༌། དྭང་ཟུར་ཉམ་ཐག་སྐོར་ལ་ཡང་དེ་དང་དེ་བཞིན་རེད། དེ་ཟུར་དུ་བསྐྱར་ཞུས་བྱེད་དགོས་དོན་མི་འདུག

ཅ ཉམ་ཐག་དང་འབྲེལ་བའི་ལས་གཞི།
ད་ལྟ་ང་ཚོས་ལག་ལེན་བསྟར་མ་ཐུབ་པར་ལུས་པ་ནི་ལས་འཕེར་དཔལ་འབྱོར་དབུལ་བའི་ཉམ་ཐག་ལ་སྐྱེད་ཆུང་བུ་ལོན་གཏོང་རྒྱུ་དེ་རེད། དེ་ད་ལྟ་འགོ་ཚུགས་ཐུབ་མ་སོང༌། དེ་ལ་དགོངས་སེལ་ཞུ་རྒྱུ་ཡིན། ཡིན་ནའང་རིང་མིན་འགོ་བཙུག་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན། རྩ་འཛིན་ལམ་སྟོན་གཏན་འབེབས་བྱས་ཟིན་པ་ཡིན། འགེངས་ཤོག་ཅིག་གཏན་འབེབས་བྱ་རྒྱུ་ལྷག་ཡོད། དེ་ཡང་གཏན་འབེབས་བྱེད་ལ་ཉེ་བ་ཡིན། ཕྱི་ཟླ་ ༤ པའི་ནང་ཙམ་ལ་ལས་འཆར་འགོ་འཛུགས་ཐུབ་པའི་རེ་བ་ཡོད།

དྲུག་པ་གཞིས་ཆགས་ཁག་གི་ལས་གཞིའི་སྐོར།
ཀ བཀུར་འོས་སྤྱི་འཐུས་གཅིག་གིས་རྡོ་ལན་ཇི་མི་མང་གི་སྡོད་ཁང་ཉམས་གསོའི་ཆེད་དུ་སྙན་ཞུ་ཕུལ་ནས་ལོ་མང་ཕྱིན་པ་རེད། ད་ཆ་ཡོད་ན་ཡོད་དང་མེད་ན་མེད་ཅེས་ཐག་གཅོད་དགོས་ཞེས་བཀའ་ནན་པོ་ཕེབས་སོང༌། གནས་ཚུལ་དེ་ལོ་ཧ་ཅང་མང་པོ་ཕྱིན་པ་ཞིག་རེད་མི་འདུག ༢༠༠༢ ཟླ་ ༡༡ ཚེས་ ༧ ཉིན་ལས་འཆར་སྒོར་འབུམ་ ༤༦ གསལ་བ་དེ་འབྱོར་འདུག ནང་སྲིད་ནས་ལས་འཆར་དེ་ངོས་ལེན་བྱས་ཏེ་རོགས་ཚོགས་བརྒྱད་ལ་རོགས་རམ་འབོད་བསྐུལ་ཞུས་འདུག ཁོང་ཚོའི་ནང་ནས་རོགས་ཚོགས་དྲུག་གིས་རོགས་རམ་བྱེད་ཐུབ་ས་མ་རེད་ཅེས་ལན་བཏང་འདུག ལས་འཆར་རོགས་ཚོགས་ལ་གཏང་རྒྱུར་དུས་ཚོད་ཕྲན་བུ་འགྱངས་འདུག་པ་དེ་ལ་དགོངས་སེལ་ཞུ་རྒྱུ་ཡིན། རོགས་ཚོགས་གཉིས་ཀྱིས་དངུལ་ཕྲན་བུ་རེ་སྤྲད་འདུག དེ་གཉིས་བསྡོམས་ད་ལྟའི་ཆར་འབུམ་ ༡༩ འདུག དེ་འདྲ་ཡིན་ཙང་ནང་སྲིད་ཀྱིས་རྡོ་ལན་ཇིའི་ས་གནས་འགོ་འཛིན་དང་མི་མང་ལ་འབུམ་ ༡༩ དེ་ད་ལྟ་བེད་སྤྱོད་གཏང་གི་ཡིན་ནམ། ཡང་ན་འབུམ་ ༤༦ ཚང་ཚང་བར་དུ་སྒུག་གི་ཡིན་བཀའ་འདྲི་ཞུ་རྒྱུ་ཡིན། འབུམ་ ༡༩ དེ་བེད་སྤྱོད་གཏང་གི་ཡིན་གསུངས་པ་ཡིན་ན་བེད་སྤྱོད་གཏོང་སྟངས་ག་འདྲ་བྱེད་མིན་ཐག་བཅད་དགོས་ཀྱི་ཡོད་རེད། སྔོན་རྩིས་ནང་འགྲོ་གྲོན་གཏོང་རྒྱུའི་བཀའ་འཁྲོལ་ཡང་ཞུས་ཡོད། འབུམ་ ༡༩ དེ་ལམ་སེང་ཟླ་བ་གཅིག་གཉིས་ནང་བེད་སྤྱོད་གཏང་ཐུབ་ཀྱི་རེད། གལ་སྲིད་དངུལ་ཆ་ཚང་མ་ཐོབ་བར་བསྒུག་རྒྱུར་བདམས་པ་ཡིན་ན་དུས་ཚོད་ཇི་ཙམ་གྱི་ནང་དངུལ་ཚང་བ་ཡོང་མིན་ད་ལྟ་ཞུ་ཐུབ་ཀྱི་མི་འདུག
ཁ བཀུར་འོས་སྤྱི་འཐུས་གཅིག་གིས་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་ལྔ་དང་དྲུག་ལ་རྐང་ལམ་བཟོ་རྒྱུའི་ལས་གཞི་གཅིག་སྡུད་འཆར་གཞིའི་ནང་ཚུད་མི་འདུག་གསུངས་པ་ཡིན་ནམ། བཅུག་དགོས་ཀྱི་འདུག་གསུངས་པ་ཡིན། གང་ལྟར་དེ་འདྲ་ཞིག་གསུངས་སོང༌། དེ་གཅིག་སྡུད་འཆར་གཞིའི་ནང་མ་ཚུད་པ་དེ་འདི་ནས་དུས་བཀག་བྱས་པའི་ཚེས་གྲངས་ནང་མ་འབྱོར་བ་ཡིན་ཙང་མ་ཚུད་པ་ཞིག་ལས་འཆར་གཞི་དེ་ངོས་ལེན་མ་བྱས་ནས་མ་ཚུད་པ་རེད་མི་འདུག
ག ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ཨོ་རི་ས་ལ་སྒོར་ཁྲི་གཉིས་ཡིན་ནམ་ཞིག་སྤྲད་ནས་མི་ཚོ་འགྲོ་སྟངས་མ་ཤེས་པ་བཟོས་འདུག་ཅེས་གསུངས་སོང༌། དེ་འདྲ་རེད་མི་འདུག ༡༩༩༩ ལོ་མཇུག་ལ་ཌ་ནི་ཌཱ་རོགས་ཚོགས་ཀྱིས་ཨོ་རི་ས་གཞིས་ཁོངས་ཀྱི་ཁྱིམ་ཚང་ཉམ་ཐག་གྲངས་སུམ་ཅུ་ལ་གཞིས་ཁང་ཉམས་གསོ་བྱེད་སླད་རོགས་སྐྱོར་ཧིན་སྒོར་ཉིས་ཁྲི་ཐམ་པ་རེ་གནང་འདུག དེ་ནི་གཞིས་ཁང་ཉམས་གསོའི་རོགས་སྐྱོར་ཞིག་རེད་མ་གཏོགས་དེས་ཉམས་གསོའི་འགྲོ་སོང་ཆ་ཚང་འདང་བའི་རྩིས་མ་རེད་ལ། དེའི་རྗེས་སུ་ད་དུང་རོགས་དངུལ་སྤྲོད་རྒྱུའི་འཆར་གཞི་ཡོད་ལུགས་རྩ་བ་ནས་ལབ་མི་འདུག
ང བཀུར་འོས་སྤྱི་འཐུས་གཅིག་གིས་བདེ་སྐྱིད་གླིང་གི་ཁྱིམ་ཚང་ ༡༡༦ གི་གཞིས་ཁང་གསར་བསྐྲུན་གྱི་ལས་འཆར་དེ་ཧ་ཅང་རྒྱུན་རིང་པོ་ཕྱིན་པ་རེད། ད་དེ་ཡོད་རེད་དམ་མ་རེད་ཅེས་གསུངས་སོང༌། དེ་ད་ལྟ་ཡོད་མེད་གཉིས་ཀ་ཞུ་ཐུབ་ཀྱི་མི་འདུག ས་ཆ་རྙོག་དྲ་ཡོད་པ་དེ་རྙོག་དྲ་སེལ་ཚར་འདུག རྒྱ་གར་གཞུང་གིས་དེར་གཞིས་ཆགས་ཆགས་ཆོག་པའི་བཀའ་འཁྲོལ་དེ་ ༢༠༠༣ ཟླ་ ༦ ཚེས་ ༢༧ ཉིན་ཐོབ་འདུག དེའི་རྗེས་ལ་གཞི་ནས་ས་ཆ་རྙོག་དྲ་ཡོད་པ་རྣམས་དག་སེལ་བྱེད་རྒྱུ་དང་གཞིས་ཁང་གི་ས་ཁྲ་བཀོད་དེ་ས་གནས་འབྲེལ་ཡོད་ལས་ཁུངས་ཁག་ནས་ཁྲིམས་མཐུན་བཀའ་འཁྲོལ་ཞུ་རྒྱུ་བཅས་ཀྱི་ལས་ཀ་འགྲོ་བཞིན་པ་རེད། ས་ཁྲ་བཀའ་འཁྲོལ་ཐོབ་པ་ཡིན་ན་ལམ་སེང་མི་མང་ལ་བཀའ་བསྡུར་ཞུས་ཏེ་ས་ཆ་གང་ཡོད་པ་དེ་མི་མང་ལ་བགོ་བཤའ་བརྒྱབས་ནས་དོ་བདག་སོ་སོས་དེའི་ཐོག་གང་ཐུབ་འཛུགས་སྐྲུན་བྱ་རྒྱུར་ཐག་གཅོད་བྱས་ན་ལེགས་པ་མིན་འགྲོ་བསམ་གྱི་ཡོད། འཆར་གཞི་དེ་རོགས་ཚོགས་མང་པོར་ཕྱིན་པ་ཞིག་རེད་མ་གཏོགས་ཐབས་ཤེས་མ་བྱས་པ་མ་རེད།
ཅ ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དྭང་ཟུར་གཞིས་ཁང་མེད་པའི་དཀའ་ངལ་བྱུང་སོང་ངམ་ཞེས་དང༌། དེ་ཚོའི་རིགས་ལ་གསལ་བཤད་བྱེད་ཀྱི་མི་འདུག་ཅེས་གསུངས་སོང་བའི་ཐད། དེ་འདྲའི་བདེ་སྡུག་ཞུ་མཁན་ས་གནས་གཅིག་ལས་བྱུང་མི་འདུག ད་ལྟའི་བར་དུ་ནང་སྲིད་ལས་ཁུངས་ཀྱི་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་བ་མ་གཏོགས་དྭང་ཟུར་ལ་དམིགས་བསལ་སྤྲོད་ཐབས་མི་འདུག
ཆ བཀུར་འོས་སྤྱི་འཐུས་ཤིག་གིས་ས་གནས་འཐུས་ཚོགས་ཁག་གི་ཚོགས་ཁང་མཐུན་འགྱུར་ཁ་ཤས་ལ་གནང་བ་དང༌། ཁ་ཤས་ལ་མ་གནང་བ་གང་ཡིན་ནམ་ཞེས་གསུངས་སོང༌། དེ་ནི་ས་གནས་སོ་སོ་ལ་ལམ་སྟོན་ཞུས་པ་ལྟར་ས་གནས་ཁ་ཤས་ནས་འཆར་གཞི་ཕུལ་འདུག དེའི་གྲས་ནས་གཅིག་ལ་རོགས་རམ་ཐོབ་ཟིན་པ་དང༌། དེ་མིན་རྡོ་ལན་ཇི། སིམ་ལ། ཏི་ཛུ་གསུམ་གྱི་ཚོགས་ཁང་གཅིག་བསྡུས་འཆར་གཞིའི་ནང་བཞག་འདུག་ཅེས་ཞུ་རྒྱུ་ཡིན།
ཇ བཀུར་འོས་སྤྱི་འཐུས་ཤིག་གིས་རཇི་པུར་གཞིས་ཆགས་གསར་པའི་ས་ཁང་སྐོར་ནང་སྲིད་ལས་ཁུངས་ནས་མཁྱེན་རྟོགས་ག་རེ་ཡོད་ཅེས་བཀའ་འདྲི་གནང་བའི་ཐད། རཇི་པུར་གཞིས་ཆགས་གསར་པའི་ས་བཀྲ་དེ་ཐོག་མར་ནང་སྲིད་ལས་ཁུངས་དང་འབྲེལ་བ་མེད་པ་ཞིག་རེད་འདུག ས་གནས་ཁ་འཐོར་མི་མང་དང་རོགས་ཚོགས་ཐད་ཀར་འབྲེལ་བ་བྱས་ཏེ་གཞིས་ཆགས་ཀྱི་འཆར་གཞི་བསྒྲིག་རྒྱུ་དང༌། ས་ཆ་ཉོ་རྒྱུ། ཁང་པ་ཨར་ལས་འགོ་འཛུགས་སོགས་གང་འཚམས་ཤིག་ཁོ་རང་ཚོས་ཐད་ཀར་གནང་འདུག་ཅིང༌། ནང་སྲིད་ནས་དེར་ཐེ་བྱུས་བྱས་མི་འདུག བར་སྐབས་ཤིག་ནས་ས་གནས་ཁ་འཐོར་མི་མང་ཚོས་ནང་སྲིད་ནས་བཏང་འཛིན་དང་མཉམ་རོགས་གནང་དགོས་ཞུས་འདུག བྱས་ཙང་ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༡༩ ཉིན་རོགས་ཚོགས་དང་ནང་སྲིད་ལས་ཁུངས་བར་མོས་མཐུན་ཆོད་གན་MoUཞིག་བཞག་འདུག དེའི་ནང་ནང་སྲིད་དང་རོགས་ཚོགས་མཉམ་རུབ་བྱ་རྒྱུ་དང༌། ལས་དོན་ལྟ་རྟོག་ཚོགས་ཆུང་ནང་ནང་སྲིད་ཀྱི་སྐུ་ཚབ་གཏང་རྒྱུ་སོགས་འཁོད་འདུག འོན་ཀྱང་དངོས་སུ་ཆོད་གན་གྱི་འབྲུ་དོན་ལག་ལེན་འཁེལ་བ་བྱུང་མི་འདུག སྐབས་བཅིུས་པའི་བཀའ་ཤག་གིས་ནང་སྲིད་ཀྱིས་བྱུས་གཏོགས་བྱས་པ་ཡིན་ན་ནང་སྲིད་ལ་དབང་ཚད་ཆ་ཚང་དགོས་པ་ཞིག་དང༌། དེ་མིན་ན་གཞིས་ཆགས་ཆ་ཚང་བརྒྱབས་ཚར་ནས་རྩིས་སྤྲད་དུས་བར་ནང་སྲིད་ལ་བྱུས་གཏོགས་མེད་པ་བྱས་ན་ཡག་གི་རེད་ཅེས་ཞུས་ཏེ་བྱུས་གཏོགས་གང་ཡང་བྱས་མེད། དེ་ནས་བཀའ་བློན་ཁྲི་པ་ཨ་རིར་འགྲོ་བའི་སྐབས་སི་ནེ་ཊར་པོས་གྱིས་མཚོན་པའི་རོགས་ཚོགས་ཀྱི་སྦྱིན་བདག་ངོ་མ་ཚོ་དང་གོ་བསྡུར་ཞུས་པ་ཡིན། སྐབས་དེ་དུས་སི་ནེ་ཊར་རྣམ་པ་ཚོ་དང༌། བཀའ་བློན་ཁྲི་པ། བོད་ཀྱི་ཐེབས་རྩའི་འགན་འཛིན། ཨ་རིའི་དོན་གཅོད་བཅས་འཛོམས་ནས་བཀའ་བསྡུར་ཞུས་པའི་སྐབས་བཀའ་བློན་ཁྲི་པས་རོགས་ཚོགས་དང་མི་མང་ཐད་ཀར་འབྲེལ་བ་གནང་ན་དགའ་བསུ་མ་གཏོགས་དགག་བྱ་གང་ཡང་མེད། གཞིས་ཆགས་ཀྱི་ལས་དོན་ཆ་ཚང་གནང་རོགས་གནང་ཞེས་ཞུས་པ་ཡིན། དེ་དུས་ཁོང་ཚོས་དེ་འགྲིག་གི་མི་འདུག ནང་སྲིད་ནས་འགན་ལེན་དགོས་པ་དང༌། ཨ་རི་གཞུང་ནས་རོགས་དངུལ་ཞུ་རྒྱུའི་ཆེད་རྒྱབ་གཉེར་ཞུ་དགོས་ཞེས་གསུང་གི་འདུག དེ་སྐབས་བཀའ་ཁྲིས་ནང་སྲིད་ལས་ཁུངས་ཀྱིས་འགན་ལེན་དགོས་ཀྱི་ཡོད་ན་ཆ་རྐྱེན་གསུམ་ཡོད། ཆ་རྐྱེན་དང་པོ། ནང་སྲིད་ལས་ཁུངས་ཀྱིས་འགན་ལེན་པ་དང་ཆབས་ཅིག་ཏུ་ས་ཆ་དབུས་ནང་སྲིད་ངལ་སེལ་ཚོགས་པའི་མིང་ཐོག་ཏུ་ཁྲིམས་མཐུན་མིང་བསྒྱུར་བྱས་ཏེ་ས་ཆའི་བདག་དབང་ཡོངས་རྫོགས་ནང་སྲིད་ལས་ཁུངས་ལ་སྤྲད་དགོས་པ་དང༌། ཆ་རྐྱེན་གཉིས་པ། དེ་སྔོན་མིང་ཐོ་གཏན་འབེབས་ཟིན་པ་རྣམས་སྨྲོས་མེད་ཀྱང་མི་འགྲོ་གསར་པ་བཅུག་དགོས་བྱུང་ན་ནང་སྲིད་ཀྱི་སྒྲིག་གཞི་དང་མཐུན་པར་འདེམས་དགོས་པ་མ་གཏོགས་རོགས་ཚོགས་ཀྱིས་ཐད་ཀར་ཐག་གཅོད་གནང་ཐབས་མེད་པ། ཆ་རྐྱེན་གསུམ་པ། འགྲོ་སོང་གི་རྩིས་ཡོངས་སུ་རྫོགས་པ་བོད་གཞུང་གི་སྒྲིག་གཞི་དང་མཐུན་པར་བྱེད་དགོས་པ་མ་ཟད། ཨ་རི་གཞུང་ནས་རོགས་རམ་ཐོབ་པ་ཡིན་ནའང་རོགས་དངུལ་དེ་ནས་རོགས་ཚོགས་ཀྱིས་དེ་སྔོན་བཏང་ཟིན་པའི་འགྲོ་སོང་རྣམས་ནང་སྲིད་ནས་ཕྱིར་སློག་ཞུས་ཐུབ་ཀྱི་མ་རེད།རོགས་དངུལ་གནང་མཁན་གྱིས་དང་པོ་ནས་དེ་སྔོན་བཏང་ཟིན་པའི་སློག་ཆ་དང༌། མ་འོངས་པར་ནང་སྲིད་བརྒྱུད་འགྲོ་གྲོན་གཏོང་རྒྱུའི་དངུལ་འབབ་དབྱེ་བ་ཕྱེ་སྟེ་གནང་ན་ཡག་པོ་འདུག དེ་མིན་ནང་སྲིད་བརྒྱུད་སྔོན་མའི་འགྲོ་སོང་ཕྱིར་སློག་ཞུ་རྒྱུ་འགྲིག་གི་མ་རེད་ཅེས་གསལ་པོ་ཞུས་པ་ཡིན། ལས་འཕྲོ་ནང་སྲིད་ལས་ཁུངས་ཀྱིས་རྩིས་ལེན་ཆོག་ཞུས་པ་ཡིན། ཆ་རྐྱེན་གསུམ་པོ་ལ་མོས་མཐུན་གནང་བ་ཡིན་ན། དེ་དུས་ཆ་རྐྱེན་གསུམ་གར་མོས་མཐུན་ཡོད་པ་འདྲ་པོ་ཞིག་གནང་སོང༌། ཡང་རྗེས་མ་མོས་མཐུན་མ་གནང་བར་ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༢༡ ཉིན་ཆོད་གན་སྔོན་མ་དེ་རྩིས་མེད་དུ་བཏང་ནས་བསྐྱར་དུ་ཆོད་གན་གསར་པ་ཞིག་བཞག་པ་རེད། དེའི་ནང་དུ་ཁང་པའི་འཛུགས་སྐྲུན་གྱི་ལས་དོན་ཡོངས་སུ་རྫོགས་པ་རོགས་ཚོགས་རང་ནས་གནང་རྒྱུ་དང༌། འཛུགས་སྐྲུན་ཟིན་པའི་རྗེས་ཁང་པའི་ནང་གཞིས་མི་སྤོས་པ་དང་མཉམ་དུ་གཞིས་ཆགས་ནང་སྲིད་ལ་རྩིས་སྤྲོད་བྱེད་རྒྱུ་གསལ་ཡོད། དེ་དོན་གཞིར་བཟུང་ད་ལྟ་ཁང་པ་འཛུགས་སྐྲུན་ཟིན་ནས་ནང་སྲིད་ལ་རྩིས་སྤྲད་ཚར་ཞིང༌། གཞིས་མི་ཡང་གང་འཚམས་ཤིག་སྤོས་གྲུབ་པ་རེད། ཟླ་བ་འདིའི་ཚེས་ ༢༩ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་གདན་ཞུས་ཀྱིས་གཞིས་ཆགས་ཀྱི་ས་ཁང་ཡོངས་རྫོགས་དད་འབུལ་Dedicateགནང་རྒྱུ་དང༌། སྐབས་དེར་ཨ་རི་ནས་རོགས་ཚོགས་སྦྱིན་བདག་རྣམས་ཀྱང་ཕེབས་རྒྱུ་ཡིན་འདུག ས་ཆ་མིང་བསྒྱུར་ག་འདྲ་བྱེད་མིན་ད་ལྟ་ཡང་ཐག་གཅོད་གསལ་པོ་བྱུང་མི་འདུག ས་ཆ་མིང་བསྒྱུར་བྱས་པ་ལ་ཨུཏ་རན་ཅལ་ Uttaranchal གཞུང་གི་བཀའ་འཁྲོལ་དགོས་པ་མ་ཟད། དེབ་སྐྱེལ་གྱི་གཞུང་ཁྲལ་འགྲོ་སོང་ཡོངས་རྫོགས་ནང་སྲིད་ལས་ཁུངས་ནས་གཏོང་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་གནས་ཚུལ་དེ་གནས་སྐབས་འཕྲོས་འཛར་ལྷག་རྒྱུ་མ་གཏོགས་ྋགོང་ས་མཆོག་ལ་གཞིས་ཆགས་དད་འབུལ་ཞུ་བའི་ཉིན་མོ་དེར་ཐག་གཙང་མ་ཆོད་ཀྱི་རེད་བསམ་གྱི་མི་འདུག རོགས་ཚོགས་སྐུ་ཚབ་ཀྱིས་གསུངས་གསལ་ལྟར་ན། ས་ཁང་ནང་གཞིས་མི་གཏན་སྡོད་བྱེད་མུས་མ་ཟད། ྋསྐྱབས་མགོན་རིན་པོ་ཆེ་དང༌། ཨུཏ་རན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྷན་རྒྱས་ཡོད་སར་ང་ཚོས་དད་འབུལ་Dedicateཞུ་རྒྱུ་རེད། Power of Attorney གྱི་ཡིག་ཆ་ཁྱེད་རང་ཚོ་ལ་ཡོད་རེད། དེ་འདྲ་ཡིན་ཙང་འགྲོ་སོང་ཆེན་པོ་བཏང་ནས་མིང་བསྒྱུར་བྱེད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད་ཅེས་གསུངས་ཀྱི་འདུག གལ་སྲིད་མིང་བསྒྱུར་བྱ་རྒྱུའི་མཐུན་རྐྱེན་འཛོམས་པ་དང༌། ཁོ་ཚོས་མོས་མཐུན་བྱུང་བ་ཡིན་ན་དེབ་སྐྱེལ་གྱི་འགྲོ་སོང་ནང་སྲིད་ལས་ཁུངས་ནས་ཐབས་ཤེས་མ་ཞུས་ཚད་བྲལ་རེད་ཅེས་ཞུ་རྒྱུ་ཡིན།
ཉ བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་སིམ་ལ་ཁ་ར་པ་ཐར་གྱི་མི་མང་སྡོད་ཁང་དེ་གོ་རྒྱུ་ཚོར་རྒྱུ་མེད་པ་རྒྱུན་རིང་པོ་ཕྱིན་སོང༌། ལོ་ལྟར་ཚར་གྲབས་ཡོད་ཟེར་གྱི་འདུག་ཀྱང་ཚར་རྒྱུ་མི་འདུག་གསུངས་སོང༌། དེ་བདེན་པ་རེད། ལས་གཞི་དེ་ཧ་ལས་པའི་དུས་འགྱངས་ཕྱིན་འདུག དེ་ཡང་ང་རང་ཚོའི་ནོར་འཁྲུལ་ཞིག་གི་ཐོག་ནས་དུས་འགྱངས་ཕྱིན་པ་རེད་མ་གཏོགས། གཞན་པ་སུ་ལའང་ཁག་དཀྲི་ས་མི་འདུག ལས་འཆར་དེ་ཕྱི་ལོ་ ༡༩༩༩ ལོར་ཕུལ་འདུག ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༤ ནང་ལ་ཨར་ལས་འགོ་བཙུགས་འདུག ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༩ ནང་ཨར་ལས་ཚང་མ་ཚར་འདུག ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༩།༡༠ ནང་ལ་མི་མང་དེའི་ནང་དུ་སྤོ་དགོས་ཀྱི་ཡོད་རེད། ༢༠༠༣ ཕྱི་ཟླ་ ༩ ནས་ ༢༠༠༥ ཕྱི་ཟླ་ ༣ བར་དུ་ལུས་དགོས་པ་དེ་གཞུང་ནས་བཀའ་འཁྲོལ་ཞུས་པའི་ཁང་པའི་ས་ཁྲ་དང་ཁང་པ་དངོས་སུ་བརྒྱབས་པ་གཉིས་མ་མཐུན་པ་བྱུང་བའི་དབང་གིས་མངའ་གཞུང་ནས་ཁང་པ་དེའི་ནང་ལ་ཆུ་དང་གློག་འཁྲིད་རྒྱུར་དགག་བྱ་མེད་པའི་ལག་འཁྱེར་མ་གནང་བ་མ་ཟད། བཀའ་འཁྲོལ་ཡོད་པའི་ས་ཁྲ་དང་མ་མཐུན་པའི་ཨར་ལས་བྱས་པའི་ཉེས་པ་སྒོར་མོ་འབུམ་བཞི་བཅུ་ལྷག་ཙམ་ཞིག་ཕོག་གི་རེད་ཅེས་བཀའ་གནང་འདུག དེ་ནས་ས་གནས་འབྲེལ་ཡོད་དཔོན་རིགས་ཁག་ལ་རེ་འདུན་ལན་མང་ཞུས་འབྲས་སུ། ཉེས་པ་བསྒྲུབ་མ་དགོས་པ་དང་རིམ་པས་བཀའ་འཁྲོལ་ཡོང་ཐབས་སུ་ཡིག་ཆའི་ནང་ཁང་པ་ཕྱེད་ཀ་བརྒྱབས་ཟིན་པ་དང༌། ཕྱེད་ཀ་ད་ལྟ་བརྒྱབ་རྒྱུ་ཡིན་པ་བསྟན་ནས་ཁང་པ་ཉི་ཤུ་རྩ་དྲུག་ལ་དགག་བྱ་མེད་པའི་ཡིག་ཆ་ཐོབ་ཟིན་འདུག་ཅིང༌། དེའི་ནང་ཆུ་དང་གློག་སླེབས་ཚར་བའམ་སླེབས་ཉེ་བ་རེད། དེ་ཚོའི་ནང་འདི་ལོ་ཕྱི་ཟླ་བཞི་པའི་ནང་གཞིས་མི་རྣམས་ཁང་པ་རྒྱན་རྒྱག་གིས་སྤོས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ལྷག་མ་ཁང་པ་བཅུ་བཞི་དེ་རིམ་པ་གཉིས་པའི་ནང་བཀའ་འཁྲོལ་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞུ་རྒྱུ་ཡིན།
ཏ སྤྱི་འཐུས་རྣམ་པ་ཁ་ཤས་ཀྱིས་བདེ་སྐྱིད་གླིང་གཞིས་ཆགས་ནང་དུ་ཡོད་པའི་བགྲེས་ཁང་བགོ་འགྲེམས་ཞུ་ཕྱོགས་སྐོར་ལ་གནས་ཚུལ་མང་པོ་བྱུང་འདུག་ཅེས་བཀའ་གནང་སོང༌། རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྙན་ཐོའི་ནང་ལོ་མང་ནས་ཡོད་པ་ཞིག་རེད་འདུག་པ་མ་ཟད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ཉེ་ཆར་ཞིབ་འཇུག་གནང་སྟེ་སྒྲིག་འགལ་མང་པོ་བྱུང་འདུག་ཅེས་ཐག་ཆོད་པོའི་ཐོག་ནས་བཀའ་གནང་འདུག སྤྱིར་བཏང་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ནང་དུ་ཡོད་པའི་བགྲེས་ཤག་གི་གནས་སྟངས་དང་དྷརྨ་ཤཱ་ལ་དང་ས་གནས་གཞན་དག་གི་བགྲེས་ཤག་གི་གནས་སྟངས་མི་འདྲ་བ་ཡིན་པ་ཞིག་འཛིན་སྐྱོང་གིས་སྔ་མོ་ནས་ཐག་གཅོད་བྱས་འདུག དེ་ཡང་ཐག་གཅོད་འདྲ་མིན་སྔ་རྗེས་གསུམ་ཙམ་ཞིག་གནང་འདུག འོན་ཀྱང་ཐག་གཅོད་དེ་ཚོ་སྒྲིག་གཞི་གཞིར་བཟུང་བྱས་མི་འདུག བདེ་སྐྱིད་གླིང་གི་བགྲེས་ཤག་བགོ་འགྲེམས་བྱེད་ཕྱོགས་ད་ཡོད་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་སྒྲིག་གཞི་དང་བསྟུན་མི་དགོས་པར་དམིགས་བསལ་གནང་འདུག་ཀྱང༌། དེའི་ཆེད་སྒྲིག་གཞི་ཟུར་དུ་བཟོ་མི་འདུག་པ་མ་ཟད། སྔར་ཡོད་སྒྲིག་གཞི་ལ་འགྱུར་བ་ཡང་བཏང་མི་འདུག བྱས་ཙང་ད་ལྟ་ང་ཚོས་བགྲེས་ཤག་བགོ་འགྲེམས་སྒྲིག་གཞི་དང་འགལ་མེད་ཅེས་ཐག་བཅད་ནས་ཞུས་ཐུབ་ཀྱི་མི་འདུག སྒྲིག་གཞི་དང་འགལ་བ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ཐག་གཅོད་གནང་འདུག བྱས་ཙང་སྒྲིག་མཐུན་མིན་པར་བགོ་འགྲེམས་བྱས་པའི་བགྲེས་ཤག་རྣམས་ཕྱིར་འབུལ་དགོས་པའི་ཕྱག་བྲིས་འབུལ་དགོས་ནང་སྲིད་ལས་ཁུངས་ལ་བཀོད་མངགས་ཞུས་ཟིན་པ་ཡིན།
བདུན་པ་སྟོན་ཉེས་གུན་གསབ་སྐོར།
བཀུར་འོས་སྤྱི་འཐུས་རྣམ་པ་ཁ་ཤས་ཀྱིས་ཧུན་སུར་སྟོན་ཉེས་གུན་གསབ་སྤྲོད་ཕྱོགས་དྲང་བདེན་མ་བྱུང་བའི་སྐོར་བཀའ་གནང་སོང༌། གུན་གསབ་སྤྲོད་ཕྱོགས་དེ་མི་མང་གི་ཚོར་བའམ་འཚོ་བ་ལ་གནོད་འདུག་ཅེས་གསལ་པོ་མ་གོ་བ་ཞིག་གསུངས་སོང༌། ཚོར་བའམ་འཚོ་བ་ལ་གནོད་པ་ཡིན་ན་འཚེ་བ་མེད་པའི་ལྟ་གྲུབ་དང་འགལ་གྱི་མ་རེད་དམ། སྤྱི་འཐུས་དགེ་འདུན་སྦྱིན་པས་ བྱབྱཚོར་བ་བྱབྱ ཞུས་པ་ཡིན་གསུངས། མི་མང་གི་ཚོར་བ་ལ་གནོད་པ་ཡིན་ན་དེ་འཚེ་བ་ཆགས་ཀྱི་མ་རེད་དམ་ཞེས་གསུངས་སོང༌། ང་ཚོའི་སེམས་ཀྱི་ཀུན་སློང་དང་ཉོན་མོངས་གཉིས་ཀའི་ནང་འཚེ་བའི་བསམ་པ་མེད་པ་ཡིན་ཙང་འཚེ་བ་ལ་འགྲོ་མེད་པའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་འཚེ་བ་བྱུང་ཡོད་ན་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་བྱ་རྒྱུ་རེད། དཔེར་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གསུངས་པའི་སྐབས་ལ་བཤན་པ་དང༌། རྐུ་མ། ལོག་གཡེམ་པ་སོགས་ལ་ཚོར་བ་མི་བདེ་བ་ཡོང་སྲིད་པ་ཞིག་རེད། ཡིན་ན་ཡང་དེ་འཚེ་བ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། ཕྱི་ལོ་ ༢༠༠༢ ལོར་ཧུན་སུར་ལ་སྟོན་ཉེས་བྱུང་བ་རེད། དེའི་སྔོན་ལ་མོན་གྷོ་ལ་སྟོན་ཉེས་བྱུང་འདུག དེའི་སྔོན་ས་གནས་གཞན་པ་ལ་ཡང་སྟོན་ཉེས་བྱུང་ཡོད་ས་རེད། ཡིན་ནའང་སྟོན་ཉེས་གུན་གསབ་སྤྲོད་ཕྱོགས་ས་གནས་འགོ་འཛིན་དང་ནང་སྲིད་ལས་ཁུངས་ཀྱི་མཛད་གཙོ་རྣམ་པས་ཐད་ཀར་ཐག་གཅོད་གནང་རྒྱུ་མ་གཏོགས། དེའི་ལམ་སྟོན་དང་སྒྲིག་གཞི་གང་ཡང་བཟོས་མི་འདུག ཕྱི་ལོ་ ༢༠༠༢ ལོར་ཧུན་སུར་ལ་སྟོན་ཉེས་མ་བྱུང་སྔོན་ནས་སྟོན་ཉེས་གུན་གསབ་ཀྱི་སྒྲིག་གཞི་ཞིག་དགོས་པའི་བཀའ་མོལ་བྱུང་འདུག་ལ། སྒྲིག་གཞི་ཟིན་བྲིས་བཟོས་ཏེ་བཀའ་ཤག་ལ་ཕུལ་ཟིན་པ་ཞིག་རེད་འདུག བཀའ་ཤག་གིས་ཐག་གཅོད་མ་བྱུང་བར་རྒྱུན་རིང་ལུས་འདུག ལོ་དེར་ཧུན་སུར་ལ་སྟོན་ཉེས་བྱུང་བ་ཡིན་ཙང་གུན་གསབ་སྤྲོད་ཕྱོགས་སྒྲིག་གཞི་དང་མཐུན་པ་ཞིག་བྱུང་ན་བསམས་ནས་སྒྲིག་གཞི་གཏན་ལ་ཕབ་པ་རེད། བྱས་ཙང་བཀུར་འོས་སྤྱི་འཐུས་ཀྱིས་སྟོན་ཉེས་སྔོན་ལ་བྱུང་བ་དང་སྒྲིག་གཞི་རྗེས་ལ་བཟོས་པ་རེད་གསུངས་པ་དེ་བདེན་པ་རེད། ང་ཚོས་སྒྲིག་གཞི་གཏན་ལ་འབེབས་པའི་སྐབས་སུ་གཞིས་མི་རྣམས་ཀྱི་ས་ཞིང་རང་རང་སོ་སོས་འདེབས་ལས་མུ་མཐུད་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཞིག་མཐོང་ནས་ས་ཞིང་མི་གཞན་པ་ལ་བོགས་མ་བཏང་བ་ཡིན་ན་སྟོན་ཉེས་གུན་གསབ་ཐོབ་ཀྱི་མ་རེད་ཅེས་བཀོད་ཡོད་རེད། དངོས་དོན་ལའང་ས་ཆ་བོགས་མ་བཏང་བའི་རྗེས་ལ་སྟོན་ཐོག་ཡག་པོ་བྱུང་ནའང་བོགས་མ་གཏོང་མཁན་ལ་ཁེ་བཟང་དང་སྟོན་ཉེས་བྱུང་བ་ཡིན་ནའང་བོགས་མ་གཏོང་མཁན་ལ་གྱོང་ཅི་ཡང་ཡོད་མ་རེད། ལོ་གཅིག་གི་བོགས་མའི་གླ་འབབ་དེ་ལེན་ཚར་བ་རེད། གུན་གསབ་ཟེར་བ་དེ་གྱོང་ཕོག་མཁན་ཞིག་ལ་མ་གཏོགས་གྱོང་མ་ཕོག་མཁན་ལ་གུན་གསབ་སྤྲོད་སྲོལ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་སྒྲིག་གཞིའི་ནང་དེ་ལྟར་བཀོད་པ་རེད། ཡིན་ན་ཡང་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་ས་ཆ་བོགས་མ་བཏང་བ་དང་ཕྱེད་བཏབ་བྱས་པ་ཞེས་པའི་གནས་ཚུལ་མི་འདྲ་བ་གཉིས་དྭོགས་མ་ཆོད་པར་ཕྱེད་བཏབ་བྱེད་མཁན་ལའང་སྟོན་ཉེས་བྱུང་བ་ཡིན་ན་གྱོང་གུན་ཕོག་གི་ཡོད་རེད་ཟེར་བ་ཞིག་དང༌། ཕྱེད་བཏབ་བྱེད་མཁན་དེ་སྒྲིག་གཞིའི་ནང་ས་ཞིང་རང་གིས་ཐད་ཀར་འདེབས་ལས་བྱེད་མཁན་ཡིན་པ་ཞིག་དགོས་ཞེས་པ་དེ་བྱུང་མི་འདུག་ཅེས་དགོངས་ཚུལ་མི་མཐུན་པའི་གླེང་གཞི་དེ་བྱུང་འདུག འོན་ཀྱང་གླེང་གཞི་དེ་དུས་ཚོད་རིང་པོའི་རྗེས་སུ་བྱུང་བ་མ་གཏོགས་གུན་གསབ་བགོ་འགྲེམས་ཀྱི་ལས་དོན་བྱེད་བཞིན་པའི་སྐབས་སུ་བྱུང་བ་ཞིག་རེད་མི་འདུག ཐོག་མར་འགེངས་ཤོག་བསྡུས་པའི་སྐབས་སུ་རྙོག་དྲ་གང་ཡང་བྱུང་མི་འདུག་ལ། འགེངས་ཤོག་ཞིབ་འཇུག་གིས་གཏན་འབེབས་བྱས་ཏེ་གུན་གསབ་བགོ་འགྲེམས་བྱེད་པའི་སྐབས་སུའང་གང་ཡང་གསུང་མཁན་བྱུང་མི་འདུག རྗེས་མར་ ༢༠༠༤ ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཕྱེད་བཏབ་བྱེད་མཁན་གུན་གསབ་མ་རག་མཁན་ཚོས་ས་གནས་འགོ་འཛིན་ལ་སྙན་ཞུ་ཞིག་ཕུལ་ཏེ་དེའི་ངོ་བཤུས་ནང་སྲིད་ལས་ཁུངས་ལ་ཕུལ་འདུག དེའི་སྐབས་འཕྲལ་དུ་ནང་སྲིད་ནས་ས་གནས་འགོ་འཛིན་བརྒྱུད་འདྲི་རྩད་གནང་སྐབས་ས་གནས་འགོ་འཛིན་དང་སྐབས་དེའི་གུན་གསབ་བགོ་འགྲེམས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༤ ཚེས་ ༡༥ འཁོད་པའི་གསལ་བཤད་འབྱོར་བའི་ནང་ཁོང་ཚོས་ཞུས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་མ་རེད། གུན་གསབ་ཚོགས་ཆུང་གིས་སྒྲིག་གཞི་དང་མཐུན་པར་དྲང་པོ་དྲང་བཞག་བྱས་ནས་བགོ་བཤའ་བརྒྱབས་ཡོད་ཅེས་བཀོད་འདུག ཚོགས་ཆུང་གི་གསལ་བཤད་དེ་ལ་ཆ་འཇོག་གིས་ནང་སྲིད་ཀྱིས་དེའི་ཐོག་བསྐྱར་ཞིབ་གནང་མི་འདུག སྟོན་ཉེས་ཞིབ་འཇུག་ཚོགས་ཆུང་དེའི་ནང་ས་གནས་འགོ་འཛིན་དང༌། ས་གནས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་མཉམ་འབྲེལ་གྱི་མཉམ་དྲུང༌། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་སྤྱི་མི་བཅས་ཚུད་འདུག ས་གནས་དེའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཚང་མ་འདུག ཁོང་ཚོའི་ཐག་གཅོད་དང་གསལ་བཤད་དེ་ལ་ནང་སྲིད་ལས་ཁུངས་ནས་ངེས་པར་དུ་ཆ་འཇོག་ཞུ་དགོས་པ་ཞིག་རེད། དེའི་རྗེས་ལ་ནང་སྲིད་དང་སྟོན་ཉེས་གུན་གསབ་མ་ཐོབ་མཁན་ཚོའི་བར་ལ་མུ་མཐུད་དེ་ཡིག་འབྲེལ་བཅུ་ཕྲག་བརྒལ་བ་ཞིག་བྱས་འདུག འོན་ཀྱང་ཡིག་འབྲེལ་དེ་ཚོའི་ནང་ཕྱོགས་གཉིས་ཀ་ནས་ཨུ་ཚུགས་བརྒྱབས་པ་འདྲ་པོ་ཞིག་མ་གཏོགས་གནད་དོན་དང་རྒྱུ་མཚན་གསར་པ་གང་ཡང་མི་འདུག ནང་སྲིད་ནས་མ་འོས་པ་དང་མ་འཚམས་པ་གང་ཡང་ཞུས་མི་འདུག ཁྱེད་རང་ཚོས་སྟོན་ཉེས་གུན་གསབ་བགོས་སྟངས་དྲང་པོ་མ་བྱུང་བར་གཟིགས་ཀྱི་ཡོད་ན་ངེས་པར་དུ་ས་གནས་ཁྲིམས་ཞིབ་ཁང་ངམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་གནང་རོགས་གནང༌། དེ་ནས་གསལ་པོ་ཆགས་ཀྱི་རེད། ཁྲིམས་ཞིབ་ཁང་གོང་འོག་གང་ནས་ཐག་གཅོད་གང་གནང་བ་ལ་ང་ཚོས་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་ཞུས་འདུག ཁྲིམས་ཞིབ་ཁང་ལ་འགྲོ་རྒྱུ་དེ་ཡག་པོ་མེད་པར་དགོངས་ཀྱི་ཡོད་ས་རེད། དངོས་དོན་དུ་མང་གཙོའི་ཀ་བ་གསུམ་གྱི་ནང་ཁྲིམས་ཞིབ་ཁང་བཙུག་རྒྱུ་དེ་བོད་མི་ནང་ཁུལ་གྱི་རྙོག་དྲ་དེ་ཚོ་དག་སེལ་ཐུབ་པའི་ཆེད་དུ་རེད། ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱུན་དུ་བོད་མི་དྲག་ཞན་སུ་འདྲ་ཞིག་ཡིན་ནའང་མ་དྲང་བ་དང་མ་འགྲིག་པ་ཞིག་བྱུང་ནའང་འགྲོ་ས་ཞིག་དང་ཞུ་ས་ཞིག་ཡོད་བསམ་པའི་བློ་སྤོབས་སྐྱེ་བའི་ཆེད་དུ་ཁྲིམས་ཞིབ་ཁང་བཟོས་པ་རེད་ཅེས་བཀའ་གནང་གི་ཡོད་རེད། ཁྲིམས་ཞིབ་ཁང་ཞིག་ཏུ་ཞུ་གཏུགས་བྱས་པ་དེ་གཞུང་ལ་ཁ་གཏད་བྱེད་པའམ་རྩིས་མེད་བྱེད་པའི་བཟོ་འདྲ་ཞིག་ནམ་ཡང་མཐོང་དགོས་ཀྱི་མ་རེད། ཕྱོགས་གཉིས་ཀྱི་བསམ་ཚུལ་མཐོང་ཚུལ་མི་མཐུན་པ་ཞིག་ཞིབ་འཇུག་གིས་ཐག་གཅོད་གནང་རོགས་ཞུས་ཀྱི་ཡོད་པ་རེད། ཁྲིམས་ཞིབ་ཁང་གིས་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་གིས་ཐག་གཅོད་གང་གནང་ལ་ཕྱོགས་གཉིས་ཀས་ངོས་ལེན་ཞུ་དགོས་པ་ཞིག་རེད། དེ་ལ་འཚེར་སྣང་དང་འཛེམས་ཟོན་བྱེད་དགོས་པ་ཞིག་ནང་སྲིད་ལས་ཁུངས་ནས་མཐོང་གི་མེད།
ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་ཚོགས་ཆུང་གཏོང་དགོས་ཡོད་ཅེས་དོ་ནན་པོའི་ཐོག་ནས་གསུང་གི་འདུག ནང་སྲིད་ནས་ཞིབ་འཇུག་ཚོགས་ཆུང་བཙུག་པ་ལ་ཞིབ་འཇུག་བྱ་རྒྱུའི་གཞི་རྩ་ཞིག་དང་པོའི་མཐོང་སྣང་ལ་གྲུབ་པ་Prima Facieདགོས་ཀྱི་རེད། བྱས་ཙང་ནང་སྲིད་ནས་ ༢༠༠༤ ཟླ་ ༨ ཚེས་ ༣༠ ལ་ཡིག་ཆུང་རིང་པོ་ཞིག་གི་ནང་དུ་དྲི་བ་དོན་ཚན་ལྔ་བཀོད་དེ་བཏང་འདུག དྲི་བ་དེ་དག་ལ་ལན་བྱུང་མ་ཐག་ཏུ་ཚོགས་ཆུང་བཙུག་གི་ཡིན་ཞེས་ཞུས་འདུག བོགས་མ་མ་གཏོང་མཁན་ལ་གུན་གསབ་ཐོབ་མ་སོང་གསུང་གི་ཡོད་ན་མ་ཐོབ་མཁན་སུ་ཡིན་དང༌། བོགས་མ་གཏོང་མཁན་ལ་གུན་གསབ་ཐོབ་འདུག་གསུང་གི་ཡོད་ན་དེ་ཐོབ་མཁན་སུ་ཡིན་མིང་འདོན་གནང་ན་ཞིབ་འཇུག་བྱེད་གཞི་ཞིག་ཡོང་གི་རེད་ཅེས་ཞུས་འདུག ཡིན་ན་ཡང་ད་ལྟ་བར་དུ་དེ་ལ་ལན་གནང་མི་འདུག བྱས་ཙང་ད་ལྟའི་གནས་སྐབས་སུ་སྦོལ་Ballདེ་རྩོད་གླེང་གནང་མཁན་གྱི་ཕྱོགས་སུ་ཡོད་རེད་མ་གཏོགས། ནང་སྲིད་ལས་ཁུངས་ཀྱི་ཕྱོགས་ལ་མེད་ཅེས་ཞུ་རྒྱུ་ཡིན། དྲི་བ་ལྔ་ལ་དེ་རིང་བཀའ་ལན་འབྱོར་བ་ཡིན་ན་དེའི་ནང་དང་པོའི་མཐོང་སྣང་ཞིག་ཐོན་ཚེ་སང་ཉིན་ཞིབ་འཇུག་ཚོགས་ཆུང་འཛུགས་ཀྱི་ཡིན་ཞེས་སྔོན་མར་ཡང་ཞུས་འདུག་ལ་ད་ལྟ་ཡང་གནས་སྟངས་དེ་རང་ཡིན།
ཡང་གལ་སྲིད་ཁྲིམས་ཞིབ་ཁང་ལ་ཕེབས་འདོད་མེད་པ་དང་ནང་སྲིད་ཀྱི་གསལ་བཤད་ཀྱིས་ཐུགས་དགོངས་མ་དྭངས་པ་ཡིན་ན་སྤྱི་འཐུས་ལྷན་ཚོགས་ལ་ཞུས་གནང་བ་ཡིན་ནའང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་ཆོག་གི་རེད། དེ་འདྲ་གནང་བ་ཡིན་ན་གནས་ཚུལ་ཇི་ཡིན་གསལ་པོ་ཆགས་ཀྱི་རེད། དེ་འདྲ་མ་ཡིན་པར་ནང་སྲིད་དང་ས་གནས་ཀྱི་བར་ལ་ཡིག་འབྲེལ་རྐྱང་པ་གནང་གིན་བཞུགས་པ་ཡིན་ན། ཤོག་བུ་དང་དུས་ཚོད་འཕྲོ་བརླག་མ་གཏོགས། ཆུ་དཀྲོགས་ནས་མར་འཐོན་རྒྱུ་མེད་པ་རེད།
ད་དུང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ། སྤྱི་འཐུས་འཚམས་གཟིགས་སྐབས་འཚམས་གཟིགས་ཕེབས་མཁན་སྤྱི་འཐུས་རྣམ་པ་གཉིས་དང་ཕྱོགས་བཞུགས་སྤྱི་འཐུས་གཅིག་བཅས་སྤྱི་འཐུས་རྣམ་པ་གསུམ་གྱིས་གནད་དོན་དེའི་ཐོག་གསན་ཞིབ་གནང་འདུག གསན་ཞིབ་གནང་བའི་རྗེས་སུ་སྒྲིག་འགལ་བྱུང་མི་འདུག་ཅེས་མི་མང་ལ་གསལ་བསྒྲགས་གནང་ཡོད་པའི་སྐད་ཆ་གོ་རྒྱུ་འདུག གལ་སྲིད་དེ་འདྲ་བཀའ་གནང་ཡོད་པ་ཡིན་ན་སྤྱི་འཐུས་ཀྱི་སྐུ་ཚབ་ཚོས་ཞིབ་འཇུག་གནང་ནས་ཐག་གཅོད་གནང་ཟིན་པ་ཞིག་རེད་བསམ་གྱི་འདུག
དེ་ཚོ་ནང་སྲིད་དང་འབྲེལ་བའི་གསལ་བཤད་ཁག་ཡིན། ལུས་མེད་པའི་རེ་བ་ཡོད། གལ་སྲིད་ལུས་ཡོད་ན་དྲན་གསོ་གནང་རོགས་གནང༌། ལན་རྗེས་མར་ཞུ་ཆོག་པ་ཞུ་རྒྱུ་ཡིན།
བགྲོ་གླེང་གི་ནང་དུ་བཀའ་ཤག་དང་ཐད་ཀར་འབྲེལ་བ་ཡོད་པ་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་དེའི་ཐོག་ལ་བཀའ་འདྲི་ཞིག་གནང་སོང༌། དེ་མཚུངས་དཔལ་འབྱོར་བསྐྱར་ཞིབ་སྙན་ཐོའི་སྔོན་གླེང་དང་འབྲེལ་བའི་དྲི་བ་ཞིག་གནང་སོང༌། དེ་གཉིས་ཀ་གལ་ཆེན་པོ་རེད། སྤྱིར་བཏང་དཔལ་འབྱོར་བསྐྱར་ཞིབ་སྙན་ཐོའི་ཐོག་གི་བགྲོ་གླེང་ལ་དཔལ་འབྱོར་བཀའ་བློན་གྱིས་ལན་ཞུས་ནའང་མ་འཐུས་པ་མེད་ཀྱང་བཀའ་ཤག་གི་གཏམ་བཤད་དང་ཡང་འབྲེལ་བ་ཡོད་ཙང་ཁོང་གཉིས་མཉམ་དུ་ལན་ཞུས་ན་སྟབས་བདེ་བར་མཐོང་ནས་ད་ལྟ་ཞུ་རྒྱུ་ཡིན། སྔོན་མ་གཞུང་གི་ཡིག་ཆ་མང་པོའི་ནང་ལ་ བྱབྱཆོལ་གསུམ་གཅིག་བསྒྲིལ་བྱབྱ ཞེས་པའི་ཚིག་དེ་བེད་སྤྱོད་བྱས་ཡོད་རེད། སྐབས་བཅིུས་པའི་བཀའ་ཤག་གིས་བར་སྐབས་ཤིག་ནས་ བྱབྱཆོལ་གསུམ་གཅིག་བསྒྲིལ་བྱབྱ ཞེས་པའི་ཚེིག་དེ་ བྱབྱཆོལ་གསུམ་ཡོངས་སུ་རྫོགས་པ་བྱབྱ ཞེས་བསྒྱུར་བ་རེད། དེ་ལ་འདྲོགས་དགོས་པ་དང་དྭོགས་པ་ཟ་དགོས་པ་གང་ཡང་ཡོད་པ་མ་རེད། ༡༩༧༩ ནས་ད་ལྟའི་བར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་འགྱུར་བ་མེད་པའི་གཞི་རྩའི་སྲིད་བྱུས་ནི་ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་གཞི་རྩའི་ཁྲིམས་ཡིག་ལོགས་སུ་ཡོད་པ་ཞིག་བསྒྲུབ་དགོས་པ་དེ་རེད། སྲིད་བྱུས་དེ་ལ་ནམ་ཡང་འགྱུར་བ་གཏོང་ཐབས་མེད་པ་རེད། ལྷག་པར་དུ་ད་རེས་ ༢༠༠༥ ལོའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུམ་དུས་གསུང་འཕྲིན་དུ་ཇི་སྲིད་ྋགོང་ས་མཆོག་གིས་བོད་ཀྱི་དབུ་ཁྲིད་མཛད་པ་དེ་སྲིད་འགྱུར་བ་གཏོང་རྒྱུའི་དགོངས་བཞེད་མེད་ཅེས་ཚིག་ཐག་གཙང་བཅད་ཀྱིས་བཀའ་གནང་ཡོད། དེ་འདྲའི་སྲིད་བྱུས་དེའི་རིག་པའི་གཞུང་ལུགས་ནི་ཞི་བའི་དོན་ཚན་ལྔ་དང་སི་ཊར་སི་བྷག་གི་གསུང་བཤད་དེ་གཉིས་རེད། གསུང་བཤད་དེ་ཐོག་མ་དབྱིན་ཇིའི་སྐད་ནང་བྲིས་ཏེ་ཕྱིས་སུ་བོད་སྐད་དུ་བསྒྱུར་བ་ཞིག་རེད། དེའི་ནང་ཆོལ་གསུམ་ཡོངས་སུ་རྫོགས་པ་The Whole of Tibet-Three Cholkhas-U-Tsang, Dotoe and Domeyཆབ་སྲིད་ཀྱི་གོང་བུ་གཅིག་ལ་བརྩིས་ཏེ་དེ་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་དགོས་ཀྱི་རེད་ཅེས་གསལ་ཡོད། དབྱིན་སྐད་ཀྱི་ཚིག་བརྗོད་དེའི་ནང་ཡོངས་སུ་རྫོགས་པ་ཞེས་པ་ལས་གཅིག་ཏུ་བསྒྲིལ་བ་ཞེས་པའི་ཐ་སྙད་དེ་ཡོད་པ་མ་རེད། དེ་འདྲ་སོང་ཙང་ཡོངས་སུ་རྫོགས་པ་ཞེས་པའི་ཚིག་དེ་དབྱིན་སྐད་དང་མཐུན་ཆེ་བ་རེད། དེ་གནད་དོན་གཅིག་རེད། གནད་དོན་གཉིས་པ་ཞིག་ནི་སྔ་ལོ་བཀའ་ཟུར་ལྷན་ཚོགས་གནང་སྐབས་བཀའ་ཟུར་བགྲེས་པ་ཞིག་གིས་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཞེས་པ་དེ་སྔོན་འགྲོའི་ཆ་རྐྱེན་བཞག་ན་ཡོང་ཐབས་མེད་པའི་སྐད་ཆ་རེད་ཅེས་བཀའ་བཀྱོན་མང་པོ་ཕེབས་སོང༌། ང་ཚོས་དེ་ལ་དངོས་གནས་རྒྱུ་མཚན་འདུག་བསམས་ཏེ་ཚིག་ལ་འགྱུར་བ་གཏོང་རྒྱུའི་བསམ་བློ་འཁོར་བ་རེད། ལྷག་པར་དུ་ཟིན་བྲིས་ཚོགས་ཆུང་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱག་སྐབས་སུ་བོད་རང་བཙན་ཡིན་པའི་དབང་དུ་བཏང་བའི་རྩ་ཁྲིམས་དང་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་པའི་དབང་དུ་བཏང་བའི་གཞི་རྩའི་ཁྲིམས་ཡིག་དེ་འདྲ་ཁ་ཤས་ཟིན་བྲིས་བརྒྱབས་ཡོད་རེད། དེའི་སྐབས་སུ་ཚོགས་ཆུང་ནང་གོ་བསྡུར་གཏིང་ཟབ་གནང་བའི་སྐབས་མ་འོངས་པར་ཆོལ་ཁ་གསུམ་པོ་དེ་དབྱིན་སྐད་ཐོག་ Loose Federationཟེར་བའི་ཐོག་བཞག་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང༌། མཉམ་འབྲེལ་ལྷུག་པོ་ཞིག་ཏུ་མ་བཞག་པར་གཅིག་སྡུད་བྱས་ན་དཀའ་ངལ་ཆེན་པོ་ཡོང་སྲིད་པའི་དགོངས་འཆར་ཤུགས་ཆེ་བྱུང་སོང༌། བྱབྱགཅིག་བསྒྲིལ་བྱབྱ ཞེས་པའི་ཚིག་དེ་བོད་ཕྱི་ནང་གཉིས་སུ་འགྲེལ་བཤད་ལོག་པ་བརྒྱབ་པའི་ཉེན་ཁ་ཡོད་པའི་དབང་གིས་གཅིག་སྒྲིལ་གྱི་ཚབ་ཏུ་ཡོངས་སུ་རྫོགས་པ་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་པ་རེད། བཀའ་ཤག་གི་གསུམ་དུས་གཏམ་བཤད་ནང་བོད་རིགས་ཡོངས་སུ་རྫོགས་པ་ཞེས་བཀོད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ལོ་ ༢༠༠༡ གི་མི་འབོར་གྲངས་བཤེར་ནང་ཆོལ་གསུམ་གང་དུའང་མ་གཏོགས་པའི་བོད་རིགས་གང་ཙམ་ཞིག་བཏོན་ཡོད་རེད། དེ་ཚོར་ཡང་མ་འོངས་པར་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་དགོས་ཀྱི་ཡོད་རེད། ཁོང་ཚོ་ཆོལ་གསུམ་གང་དུའང་མ་གཏོགས་པའི་རྒྱུ་མཚན་གྱིས་ཟུར་དུ་ལུས་པ་ཡིན་ན་མི་འགྲིགས་པས་ཚིག་ཁྱབ་ཆེ་རུ་བཏང་ནས་ བྱབྱབོད་རིགས་ཡོངས་སུ་རྫོགས་པ་བྱབྱ ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན། ཚིག་དེའི་ནང་ལ་ཆོལ་གསུམ་ཡོངས་རྫོགས་ཚུད་པ་མ་ཟད་ད་དུང་ཁྱབ་ཆེ་རུ་ཕྱིན་པ་རེད། དེ་འདྲ་ཡིན་ཙང་ང་ཚོའི་གཞི་རྩའི་སྲིད་བྱུས་ཆོལ་གསུམ་ཡོངས་སུ་རྫོགས་པ་ཞེས་པའི་སི་ཏྲ་སི་སྦག་གསུང་བཤད་ནང་ཡོད་པ་དེ་ལ་སྔོན་ཆད་འགྱུར་བ་ཕྱིན་མེད་ཅིང༌། ད་ལྟའང་འགྱུར་བ་བཏང་མེད། མ་འོངས་པར་ཡང་འགྱུར་བ་འགྲོ་ཐབས་མེད་པ་བཀའ་ཤག་གིས་འདས་པའི་ལོ་བཞིའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་རྣམས་ཀྱི་ནང་ཚིག་ཐག་གཙང་མ་བཅད་དེ་བཀོད་ཡོད་ཅེས་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨