ལས་ཤག་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། ལས་བྱེད་རྣམ་པའི་ཁང་གླར་ལོ་ལྟར་གཞུང་གྲོན་འབོར་ཆེན་འགྲོ་བར་བརྟེན། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ་དང༌། དེ་མིན་འབྲེལ་ཡོད་མང་པོས་གཞུང་ནས་ལས་ཤག་གསར་རྒྱག་ཐུབ་ན་དགེ་མཚན་ཆེ་བ་མངོན་གྱི་ཡོད་སྟབས། དེས་ན་འདི་ལོར་གངས་སྐྱིད་ཁུལ་ལས་ཁུངས་དང་ལས་ཤག་གསར་རྒྱག་ཆེད་འགྲོ་གྲོན་སྔོན་རྩིས་ཞུས་འདུག་པ་ནི་དགའ་འོས་སུ་གྱུར། དེ་འབྲེལ་བཀའ་འདྲི་ཞུ་རྒྱུར།
༡ ད་ལྟའི་ཆར་གངས་སྐྱིད་ཀྱི་ལས་བྱེད་ག་ཚོད་ལ་ཁང་གླ་གནང་དགོས་དང༌། ཁང་གླའི་སྡོམ་འབོར་ཇི་ཆགས།
༢ ལས་ཤག་གསར་རྒྱག་གི་གྲངས་དང༌། དེའི་འགྲོ་གྲོན་དངུལ་འབོར་ཇི་ཙམ་འགྲོ་འཆར་ཡོད།
༣ ལས་ཤག་གྲུབ་དུས་ནམ་ཡིན་དང༌། ལས་བྱེད་ག་ཚོད་ཀྱི་སྐུ་ངལ་སེལ་ཐུབ་ཀྱི་ཡོད་དམ་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
༡ ད་ལྟའི་ཆར་ལས་བྱེད་གྲངས་ ༡༠༠ ལ་ཟླ་རེར་ཁང་དོད་ཁྱཽན་བསྡོམས་སྒོར་ ༡༢༢༡༦༡ སྤྲོད་ཀྱི་ཡོད།
༢ ད་ལྟའི་ཆར་ལས་ཤག་གྲངས་ ༣༦ གསར་རྒྱག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། དེའི་འགྲོ་སོང་འཆར་རྩིས་དང་བཀོད་རིས་ཁྱད་ལས་པའི་བཟོ་མུས་ཡིན་པས་དངུལ་འབོར་ད་ལྟ་ངེས་གཏན་འཁེལ་བ་མེད་ཀྱང༌། རྩིས་ལོ་ ༢༠༠༨།༠༩ ལོའི་ཡོང་གཏན་མ་འཁེལ་བའི་ནང་ཧིན་སྒོར་ས་ཡ་ ༢༠ བཀའ་འཁྲོལ་ཞུས་ཡོད།
༣ ཕྱི་ལོ་ ༢༠༡༠ ནང་ཚུད་ལས་ཤག་ཁག་གསར་རྒྱག་ཐུབ་པའི་རེ་བ་ཡོད། ལས་བྱེད་གྲངས་ ༣༦ གི་ལས་ཤག་དཀའ་སེལ་ཐུབ་ཀྱི་ཡོད།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
དང་པོ་དེ་ལ། ད་ལོ་ལས་ཤག་གིས་དཀའ་ངལ་སེལ་ཐུབ་པའི་ཆེད་དུ་ལས་ཤག་གསར་རྒྱག་གནང་རྒྱུ་དེ་ལ་གོང་དུ་ཞུས་པ་བཞིན། དངོས་གནས་དྲང་གནས་ཧ་ལས་པའི་དགའ་བསུ་ཞུ་རྒྱུ་ཡིན། དེ་དང་འབྲེལ་ཡོད། འདིར་ཞུ་རྒྱུ་གཅིག་ལ། གོང་ལ་དྲི་བའི་ནང་ཞུས་པ་ནང་བཞིན། ད་ལོ་གངས་སྐྱིད་ཁུལ་དུ་ལས་ཁུངས་དང་ལས་ཤག་གི་ཆེད་དངུལ་གྱི་གྲངས་ཀ་ཏག་ཏག་ཅིག་དྲན་གྱི་མི་འདུག གང་ལྟར་འབུམ་བརྒྱད་ཅུ་གྱ་གསུམ་དང་ལྷག་ཙམ་ཞིག་ཞུས་གནང་འདུག དེ་འདྲ་ཡིན་དུས་བཀའ་འདྲི་ཞུ་རྒྱུ་དེ་ལ། ད་ལྟའི་ཆར་ལ་འཆར་གཞི་བཟོ་བཞིན་ཡོད་པར་སོང༌། དངུལ་ངེས་གཏན་ཞིག་གསུངས་ཐུབ་ཀྱི་མ་རེད། ཡིན་ནའང་ངས་བཀའ་འདྲི་ཞུ་རྒྱུ་དེ། གོང་དུ་ཞུས་པ་བཞིན། གངས་སྐྱིད་ཀྱི་ཁུལ་དུ་ལས་ཁུངས་དང་ལས་ཤག་གི་ཆེད་དུ། སྔོན་རྩིས་ནང་གི་སྒོར་མོ་འབུམ་བརྒྱད་ཅུ་གྱ་གསུམ་ཞུས་པ་དེའི་ནང་ནས་ཆ་ཤས་ཤིག་ལས་ཤག་འདིར་འགྲོ་གི་ཡོད་དམ་མེད། ཡང་མིན་ན་འབུམ་ ༨༣ སྔོན་རྩིས་ནང་ལ་ཞུས་པ་དེ་ལས་ཁུངས་ཁེར་རྐྱང་གི་ཆེད་དུ་ཡིན་ནམ། ཡང་མིན་ན་ལས་ཤག་ཞུ་རྒྱུ་དེ། ལས་ཤག་ད་ལྟ་འདིར་གསལ་བ་མིན་པའི་སྡེ་ཚན་གཞན་པ་ཞིག་ལ་གསུང་རྒྱུ་ཡིན་ནམ་ཞེས་དེ་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ད་ལོ་ངེས་ཅན་གྱི་འགྲོ་སོང་ནང་ལ་ཞུས་པའི་འབུམ་ ༨༣ དེ་མང་ཆེ་བ་ལས་ཁུངས་ཀྱི་ཆེད་དུ་རེད། ཡིན་ནའང་དེའི་ནང་ལས་ཁུངས་ཉེ་འགྲམ་དུ་བསྡད་དགོས་པའི་ལས་བྱེད་གསུམ་གྱི་ལས་ཤག་ཚུད་ཡོད། དེ་མ་ཡིན་པའི་ལས་ཤག་རྐྱང་པ་ ༣༦ གི་ཆེད་དུ་སྔོན་རྩིས་བཀའ་འཁྲོལ་ཡོང་གཏན་མ་འཁེལ་བའི་ནང་ཞུས་ཡོད། ཡིན་ནའང་སྔོན་རྩིས་ཕུལ་ཚར་བའི་རྗེས་ལ་དངུལ་འབོར་གང་ལ་གང་འཚམས་སླེབས་ཡོད། དེ་ཡིན་ཙང་སྔོན་འགྲོའི་ལས་དོན་གྲུབ་ནས་ཨར་ལས་དུས་ཐོག་འགོ་ཚུགས་ཐུབ་པ་ཡིན་ན། ཡོང་གཏན་མ་འཁེལ་བ་དེ་ཡོང་གཏན་འཁེལ་བ་ཆགས་སྲིད་པ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
སྐར་རྟགས་ཅན་གྱི་དྲི་ལན་ཨང་གསུམ་པ་ཕྱི་ལོ་ ༢༠༡༠ ནང་ཚུད་ལས་ཤག་ཁག་གསར་རྒྱག་ཐུབ་པའི་རེ་བ་ཡོད། ལས་བྱེད་གྲངས་ ༣༦ གི་ལས་ཤག་དཀའ་སེལ་ཐུག་གི་ཡོད་ཅེས་པ་དེའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུར། ཕྱི་ལོ་ ༢༠༡༠ ལོར་ལས་བྱེད་གྲངས་ ༣༦ གི་ལས་ཤག་གསར་རྒྱག་ཐུབ་ཀྱི་ཡོད་ཅེས་བཀའ་ཕེབས་པ་ཡིན་དུས། ཧ་ཅང་དགའ་པོ་བྱུང༌། བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ངས་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ། ད་དུང་ལས་བྱེད་མང་པོ་ཞིག་གི་དཀའ་ངལ་སེལ་མ་ཐུབ་པ་ཡིན་དུས། མ་འོངས་པ་ལ་ལས་ཤག་གསར་རྒྱག་གནང་ཐུབ་པའི་དགོངས་པ་ཡོད་དམ་མེད། གལ་སྲིད་མེད་པ་ཡིན་ན་སྐུ་ངལ་དེ་ས་ཆའི་དཀའ་ངལ་ཡིན་ནམ་དོན་དག་གཞན་པ་དེ་འདྲ་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ལས་བྱེད་གྲངས་ ༣༦ གི་ལས་ཤག་གི་འཆར་གཞི་གངས་ཅན་སྐྱིད་གཤོངས་ཀྱི་ས་ཁུལ་ནང་ལ་རེད། གངས་སྐྱིད་ཀྱི་ས་ཁུལ་ནང་ལས་ཁུངས་དང་ལས་བྱེད་གྲངས་ ༣༦ གི་ལས་ཤག་དེ་ལས་ལྷག་པའི་ཨར་པོ་བརྒྱབ་ས་མེད། གང་ཡིན་ཟེར་ན། ཧི་མཱ་ཅལ་གཞུང་དང་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་སྒྲིག་གཞིའི་ནང་ས་ཆའི་རྒྱ་ཁྱོན་ག་ཚོད་ཡོད་པ་དེའི་བརྒྱ་ཆ་བཞི་བཅུ་མ་གཏོགས་ཨར་པོ་བརྒྱབ་ཆོག་གི་ཡོད་མ་རེད། གོང་གསལ་ལས་ཁུངས་དང་ལས་ཤག་བརྒྱབས་ཚར་བ་ཡིན་ན་གངས་ཅན་སྐྱིད་གཤོངས་ཀྱི་ས་ཆའི་བརྒྱ་ཆ་བཞི་བཅུ་རྫོགས་ཀྱི་རེད། དེ་འདྲ་སོང་བ་ཡིན་ཙང་དེའི་རྗེས་ལ་གངས་སྐྱིད་ཀྱི་དཀྱིལ་འཁོར་ནང་ལས་ཤག་དང་ལས་ཁུངས་གང་ཡིན་ཡང་ཁྲིམས་མཐུན་གྱི་ཨར་པོ་བརྒྱབ་ས་མེད། ཁྲིམས་འགལ་བྱས་ནས་བརྒྱབ་ན་གནས་ཚུལ་ཐ་དད་རེད། ཨར་ལས་དེ་ཚོ་ཟིན་པའི་རྗེས་སུའང་ལས་བྱེད་མང་པོ་ལས་ཤག་མེད་པར་བསྡད་ཀྱི་རེད། ད་ལྟའི་སྣེ་ལེན་ཁང་གི་ཁང་པ་དེ་སྣེ་ལེན་ཁང་ཤོད་དུ་སྤོས་ཟིན་རྗེས་ལས་ཤག་ལ་བསྒྱུར་རྒྱུ་རེད། དེའི་ནང་ནས་ལས་ཤག་ལྔ་ནས་དྲུག་བར་འཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལས་གཞན་པའི་ལས་ཤག་རྡ་རམ་ས་ལར་བརྒྱབ་ས་ད་ལྟའི་གནས་སྐབས་སུ་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
འཕྲོས་དོན་དྲི་བ་ཁག་ཅིག་ཞུ་རྒྱུ་ཡོད་པར་བཀའ་ལན་གནང་གྲུབ་སོང༌། བྱས་ཙང་ད་ལྟ་དྲི་བ་གཅིག་ལྷག་འདུག དེ་ལས་བྱེད་གྲངས་བརྒྱ་ཐམ་པ་ལ་ཁང་གླ་འབུལ་རྒྱུ་དེ་ཟླ་བ་གཅིག་ལ་འབུམ་ ༡ དང་ཁྲི་ ༢ ལྷག་ཙམ་བྱེད་དུས་ལོ་གཅིག་ལ་རོབ་རྩིས་ཞུས་ན་འབུམ་ ༡༣ ལྷག་ཙམ་འགྲོ་གི་འདུག བཀའ་མོལ་དེ་སྔོན་མ་ནས་ལས་ཤག་བསྐྱོན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་འགྲོ་སོང་ག་ཚོད་ཡིན་མིན་བཀའ་མོལ་རབ་དང་རིམ་པ་བྱུང་ཚར་རེད། བཀའ་མོལ་དེ་དབུ་འཛུགས་གནང་ནས་ད་ལྟའི་བར་དུ་འབུམ་ལྔ་བཅུ་ང་གྲངས་ལྷག་ཙམ་དྲུག་ཅུ་མ་ཟིན་ཙམ་ཞིག་ཁང་གླ་ཁོ་རང་སྒང་ལ་རྫོགས་ཚར་འདུག བྱས་ཙང་ད་བར་དགོངས་བཞེས་གནང་མ་ཐུབ་པའི་མཛད་དཀའ་ག་རེ་འཕྲད་ཡོད་མེད་ཐོག་ལ་གསལ་བཤད་ཅིག་དང༌། ད་ལྟ་ལས་བྱེད་གྲངས་བརྒྱ་ནས་ ༣༦ གྱི་དཀའ་ངལ་བསེལ་ཙམ་ཆགས་པར་བརྟེན་ཡིག་ཚད་ལྟ་བུ་རྒྱུགས་འཕྲོད་ཐུབ་ཙམ་བརྒྱ་ཆ་ ༣༣ ལོན་ཐུབ་ཙམ་ལས་དེ་ལས་ལྷག་པ་ཞིག་དགོངས་པ་བཞེས་མ་ཐུབ་པའི་སྐུ་ངལ་དམིགས་བསལ་ག་རེ་ཡོད་མེད་ཐོག་ལ་གསལ་བཤད་ཅིག་གནང་རོགས་བྱེད་ཞུ་རྒྱུ་ཡིན།

བཀའ་ལན།
ད་ལྟ་ཁང་གླའི་འགྲོ་སོང་འབུམ་ ༡༤།༡༥ ཞིག་ལོ་ལྟར་འགྲོ་གི་ཡོད་རེད། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གསར་པའི་རྒྱབ་གཉེར་ལག་བསྟར་བྱས་པ་ཡིན་ན། ཁང་གླའི་འགྲོ་སོང་ཡར་འཕར་རྒྱུ་མ་གཏོགས་མར་ཆག་གི་མ་རེད། ཡིན་ནའང་དེ་རྒྱུན་གྲོན་ཡིན་པས་གཏང་དགོས་པ་རེད་མ་གཏོགས། བསྲི་ཚགས་བྱེད་རྒྱུ་ཡོད་མ་རེད། ད་ལྟའི་བར་དུ་འབུམ་ལྔ་བཅུ་ང་གྲངས་ཤིག་འགྲོ་ཚར་འདུག ད་ལྟའི་བར་དུ་ལས་ཤག་བརྒྱབ་རྒྱུའི་ལས་གཞི་འགོ་བརྩམ་་མ་ཐུབ་པ་དེ་ག་རེ་བྱས་པ་རེད་ཅེས་བཀའ་གནང་སོང༌། ལས་གཞི་འགོ་བརྩམ་མ་ཐུབ་པ་དེ་གངས་སྐྱིད་ཀྱི་ས་ཆ་དེའི་གནས་བབ་ག་འདྲ་ཞིག་གི་འོག་སྐབས་བཅུ་གཅིག་པའི་བཀའ་ཤག་གི་ལག་ཏུ་སླེབས་པ་དེའི་དབང་གིས་ད་ལྟའང་ཨར་ལས་གང་ཡང་བྱེད་མ་ཐུབ་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་ཅེས་ཞུ་རྒྱུ་ཡིན། གངས་སྐྱིད་ནང་ཁྲིམས་མཐུན་མིན་པའི་ཨར་པོ་མང་པོ་བརྒྱབ་པ་དང༌། གངས་སྐྱིད་ཀྱི་ལྕགས་རི་བསྐོར་བའི་སྐབས་ལ་ས་གནས་གཞུང་གི་ Revenue ཡིག་ཆ་ནང་ལ་ཡོད་པའི་ས་མཚམས་དང་མཐུན་པར་བསྐོར་བ། དེ་དང་དེ་འདྲ་བའི་གནས་སྟངས་ལ་བརྟེན་ནས་འདས་པའི་ལོ་གསུམ་གྱི་རིང་ལ་ས་ཆའི་གནས་བབ་ཁྲིམས་མཐུན་བཟོ་རྒྱུའི་ཆེད་དུ་གཞི་རིམ་གྱི་འཆར་གཞི་Master Planབཟོས་ཏེ་ད་ལྟ་ཕན་ཆད་ཁྲིམས་འགལ་བྱུང་བ་དེ་དག་ཁྲིམས་མཐུན་བཟོ་རྒྱུ་དང༌། མ་འོངས་པ་ལ་ཨར་པོ་གང་བརྒྱབ་པ་དེ་ཁྲིམས་མཐུན་གྱི་བཀའ་འཁྲོལ་ཞུ་རྒྱུ་བཅས་ཀྱི་ལས་དོན་དེ་ཚོས་འགོར་བསྡད་པ་རེད། ད་ལྟ་དགོས་དངུལ་ཡོད་པ་ཡིན་ནའང་ ༢༠༡༠ བར་དུ་དུས་ཚོད་ཕུལ་དགོས་པ་དེ་ད་ཡོད་ཨར་ལས་ཡོངས་རྫོགས་ཁྲིམས་མཐུན་བཟོ་རྒྱུར་ད་དུང་ཟླ་གྲངས་ཁ་ཤས་འགོར་རྒྱུའི་གནས་ཚུལ་འདུག གནས་ཚུལ་ཡོངས་རྫོགས་ཁྲིམས་མཐུན་མ་ཆགས་ཀྱི་བར་དུ་དུས་ཚོད་དང་འགྲོ་སོང་འགྲོ་ནའང་བྱེད་ཐབས་མི་འདུག
ལས་ཤག ༣༦ འཆར་འགོད་བྱས་པ་དེ་བརྒྱ་ཆ་ ༣༣ ལོངས་ཙམ་ཡོང་རྒྱུའི་ཆེད་དུ་མ་རེད། གངས་སྐྱིད་ཀྱི་ས་ཆ་གང་ཡོད་པ་དེའི་ནང་ནས་ག་ཚོད་ཐོན་པ་དེ་རེད། རས་ལ་དཔགས་པའི་སྟོད་ཐུང་བཟོ་རྒྱུ་རེད་མ་གཏོགས་རས་ལས་མང་བའི་སྟོད་ཐུང་བཙེམ་ཐུབ་པ་མི་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
དང་པོ་དེ་ལ་གངས་སྐྱིད་ཁུལ་ལ་ལས་ཤག་སྤྲོད་དགོས་པའི་ལས་བྱེད་ག་ཚོད་ཆགས་ཡོད་དམ་ཞུ་རྒྱུ་གཅིག་དང༌། དེ་ནས་དེའི་ནང་ལ་རང་ཁོངས་ལས་བྱེད་དང༌། ཁྲིམས་ཞིབ་ཁང༌། སྤྱི་འཐུས། ཐད་བསྐོས་ལས་བྱེད་པ་དེ་འདྲ་ཡོད་རེད། དེ་དག་གྲངས་འབོར་དེ་ལ་ཚུད་ཡོད་དམ་མེད་གཅིག་དེ་ཡིན།
གཉིས་པ་དེ་ལ་ལས་བྱེད་བརྒྱ་ལ་ལོ་གཅིག་ལ་རྩིས་སྐོར་ཞུས་འདུག རྩིས་སྐོར་དེ་གཞི་ག་རེའི་སྒང་ལ་བཞག་ནས་ཞུས་ཡིན་ནམ། གང་ཡིན་ཟེར་ན་ལས་བྱེད་ནང་མི་མེད་མཁན་ཞིག་ཡིན་ན་ཟླ་བ་ལ་སྒོར་མོ་ ༡༢༢༠ རེད། ལས་བྱེད་ ༡༠༠ ཡིན་ན་ཆིག་འབུམ་ཉིས་ཁྲི་ཆགས་ཀྱི་ཡོད་རེད། ཡང་ལས་བྱེད་ནང་མི་ཡོད་མཁན་ཞིག་ཡིན་ ༡༥༠༠ རེད། ལས་བྱེད་བརྒྱའི་ནང་ནས་ལས་བྱེད་ཆ་ཚང་ནང་མི་མེད་མཁན་གྱི་ལས་བྱེད་རེད་དམ། ཡང་ན་ཡོད་མཁན་རེད། དེའི་སྐོར་བཀའ་སློབ་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
ལས་བྱེད་ཀྱི་གྲངས་འབོར་ད་ལྟ་ཡོད་པ་རང་ལ་ཆ་བཞག་པ་ཡིན་ན། ལས་བྱེད་བརྒྱ་ཐམ་པ་ལ་ཁང་གླ་སྤྲོད་ཀྱི་ཡོད་ཙང༌། ལས་ཤག་སྤྲད་དགོས་པ་དེའང་བརྒྱ་ཐམ་པ་རང་ཆགས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ལས་ཤག་སྤྲད་མི་དགོས་མཁན་ཞིག་ལ་ཁང་གླ་སྤྲོད་ཀྱི་ཡོད་རེད་མ་གཏོགས་ཁང་དོད་སྤྲོད་ཀྱི་ཡོད་མ་རེད། ད་ལྟའི་གྲངས་ཐོ་དེ་ལས་ཁུངས་སོ་སོའི་ཁང་གླ་སྤྲོད་དགོས་ཀྱི་གྲངས་ཀ་ཙམ་མ་གཏོགས་དེའི་ནང་ནས་ནང་མི་ཡོད་པ་ནང་མི་མེད་པའི་ཁྱད་པར་ཕྱེ་བའི་ཐོ་གཞུང་ད་ལྟ་ང་ལ་མེད། དེ་དབྱེ་བ་ཕྱེ་ནས་རྗེས་སུ་ཡིག་ཐོག་ལ་འབུལ་ཆོག་ཞུ་རྒྱུ་ཡིན། སྔོན་མ་ནས་ཡོད་པའི་རང་ཁོངས་ལས་བྱེད་དེ་ཚོ་ད་ཆ་གཞུང་ཞབས་སྤྱི་སྒྲིག་གི་ཐོབ་ཐང་ཕལ་ཆེ་བ་འཐོབ་ཀྱི་ཡོད་པས་ལས་ཤག་ཀྱང་ཐོབ་ཀྱི་ཡོད་པ་རེད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་བཏང་འཛིན་འོག་ཡོད་པའི་སྒྲིག་སྲོལ་དུ་མེད་པ། ཁྲིམས་ཞིབ་ཁང་ནས་ཐད་བསྐོས་གནང་བ་དང་སྤྱི་འཐུས་ལྷན་ཁང་ནས་ཐད་བསྐོས་གནང་བ་དེ་དག་གྲངས་ཀའི་ནང་ལ་ཕལ་ཆེར་སླེབས་ཀྱི་ཡོད་མ་རེད་བསམ་གྱི་ཡོད། འོན་ཀྱང་ཐད་ཀར་བསྐོས་པ་དེ་དག་ཚུད་ཡོད་མེད་གསལ་པོར་ཞུ་ཐུབ་ཀྱི་མི་འདུག་ཞུ་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས།
དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་དཔལ་ལྡན་ནང་སྲིད་བཀའ་བློན་ལ་བཀའ་འདྲི་ཞུ་རྒྱུའི་དོན་ཚན་གསུམ་ཡོད། དང་པོ་གངས་སྐྱིད་ཀྱི་ལས་བྱེད་ནང་ལ་ལས་ཤག་གི་དཀའ་ངལ་ཡོད་པ་དེ་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་སོང༌། ད་ལྟ་དཀའ་ངལ་འཕྲད་ས་དེ་ལས་བྱེད་སྡེ་ཚན་ལ་དཀའ་ངལ་ཆེ་བ་ཡོད་དམ། འགན་འཛིན་སྡེ་ཚན་ལ་དཀའ་ངལ་ཆེ་བ་ཡོད་ཅེས་ཞུ་རྒྱུ་གཅིག་དང༌། གཉིས་པ་དེ་ལས་ཤག ༣༦ དང་དེ་ག་ནང་བཞིན་ཁག་གསུམ་ཙམ་བརྩིས་ཏེ་བསྡོམས་ནས་ལས་ཤག ༣༩ བརྒྱབ་རྒྱུའི་འཆར་གཞི་ཞིག་འདུག ལས་ཤག་དེ་དག་སུའི་ཆེད་དུ་རེད། ལས་བྱེད་སྡེ་ཚན་གྱི་ཆེད་དུ་རེད་དམ། འགན་འཛིན་སྡེ་ཚན་གྱི་ཆེད་དུ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཅིག་དང༌། གསུམ་པ་དེ་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་བཀའ་ལན་གནང་བའི་སྐབས་སུ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་པའི་སྐབས་སུ་ཁང་དོད་སྤར་རྒྱུའི་དགོངས་པ་ཞིག་གསུངས་སོང༌། ཡིན་པ་ཡིན་ནའང་རང་ཉིད་མིའི་ནང་དུ་ཁང་གླའི་ཐོག་བསྡད་དུས་རང་ཉིད་སྡོད་སའི་མཇུག་ལ་ལས་བྱེད་མང་པོ་སྡོད་ཀྱི་ཡོད་རེད། ཁང་གླ་ནི་ལོ་རེ་ལོ་རེར་ཆེ་རུ་འགྲོ་གི་ཡོད་རེད། བྱས་ཙང་ཁང་པའི་ཁང་གྲོན་དེ་སྤར་རྒྱུའི་དགོངས་པ་ཡོད་དམ་མེད་ཅེས་དེ་ཞུ་རྒྱུ་ཡིན།

བཀའ་ལན།
གཞུང་གི་ངོས་ནས་ཁང་པ་ངེས་པར་དུ་སྤྲད་དགོས་པའི་དགོས་མཁོ་ཡོད་མཁན་གྱི་ཆ་ནས་རྩིས་པ་ཡིན་ན་ལས་བྱའི་སྡེ་ཚན་དང་འགན་འཛིན་སྡེ་ཚན་གཉིས་ཀའི་ནང་ལ་ཡོད་པ་གཅིག་གྱུར་རེད་མ་གཏོགས་ཁྱད་པར་ཡོད་མ་རེད། ལས་བྱེད་སོ་སོའི་ངོས་ནས་བལྟས་ན་ལས་བྱའི་སྡེ་ཚན་གྱི་ཕོགས་དང་ཁང་གླ་གཉིས་ཀ་ཆུང་བ་ཡིན་སྟབས་ཁོང་ཚོ་ལས་ཤག་མེད་ན་དཀའ་ངལ་ཆེ་བ་ཡོང་གི་རེད། འགན་འཛིན་སྡེ་ཚན་ལ་ཕོགས་དང་ཁང་གླ་གཉིས་ཀ་ཕྲན་བུ་ཆེ་བ་ཡོད་སྟབས། དེའི་རྩིས་ཀྱིས་དཀའ་ངལ་ཆུང་བ་ཡོད་མདོག་ཁ་པོ་རེད།
དྲི་བ་གཉིས་པར་ལས་ཤག་གསར་པ་བཟོ་རྒྱུ་དེ་མང་བ་སུའི་ཆེད་དུ་ཡིན་པ་ཞེས་བཀའ་འདྲི་གནང་སོང༌། དེ་ང་ཚོས་ལས་བྱེད་ས་མིག་མང་ཉུང་གཞིར་བཟུང་གིས་ལས་ཤག་དེའང་ལས་བྱའི་སྡེ་ཚན་དང༌། འགན་འཛིན་སྡེ་ཚན་གཉིས་ཀའི་ས་མིག་ལ་གཞིགས་པའི་ལས་ཤག་གི་གྲངས་ཀ་དེ་བཟོ་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།
ད་ཡོད་ཁང་གླ་སྤར་རྒྱུའི་འཆར་གཞི་ཡོད་དམ་ཞེས་གསུངས་པའི་ཐད། དེ་ཡོད་དང་མེད་གཉིས་ཀ་ད་ལྟ་ཞུ་ཐུབ་ཀྱི་མི་འདུག ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ཡོད་རེད། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་སྤར་དགོས་པའི་རྒྱབ་གཉེར་གནང་བ་ཡིན་ན་འཕར་འགྲོ་གི་རེད། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་རྒྱབ་གཉེར་ཇི་གནང་དང༌། རྒྱབ་གཉེར་དེ་དག་བཀའ་ཤག་གིས་ངོས་བཞེས་གནང་དང་མི་གནང་ལ་རག་ལུས་པ་ཞིག་རེད་མ་གཏོགས། བཀའ་ཤག་གི་ངོས་ནས་སྤར་རྒྱུའི་འཆར་གཞི་ཡོད་མེད་ད་ལྟ་ནས་ཞུ་ཐུབ་ཀྱི་མི་འདུག་ཞུ་རྒྱུ་ཡིན།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས།
དྲི་བ་དེའི་ནང་ལ་གངས་སྐྱིད་ཁུལ་ཞེས་བྲིས་གནང་ཡོད་རེད། ལན་ནང་གི་མི་བརྒྱ་དེ་གངས་སྐྱིད་ཁུལ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། དེ་མ་ཡིན་མཁན་གྱི་ད་དུང་ཡང་གཞུང་ཞབས་ལ་ཁང་གླ་སྤྲད་དགོས་པ་ཕྱོགས་མཐའ་ཁག་གི་ལས་ཁུངས་དེ་ཚོ་ལ་ག་ཚོད་ཡོད་དམ། གཞན་ཞིག་ལ་ལས་ཤག་དེ་ཚོ་ད་ལྟ་བར་དུ་བསྐྱོན་མ་ཐུབ་པའི་གནས་སྟངས་དེ་ཁྲིམས་མཐུན་མ་བྱུང་བའི་ཐོག་ནས་དཀའ་ངལ་འཕྲད་པ་དེ་འདྲ་ཡིན་གསུངས་སོང༌། དེ་ཡིན་དུས་གངས་སྐྱིད་ཁུལ་ལ་ཁྲིམས་དང་མ་མཐུན་པའི་ཨར་པོ་མང་པོ་བསྐྱོན་ཡོད་རེད་གསུངས་དུས་བློ་འཚབ་ཀྱི་རང་བཞིན་ཞིག་ཡོང་གི་འདུག ལས་ཤག་གསར་པ་བརྒྱབ་རྒྱུ་དེ་ཚོ་ཁྲིམས་དང་མཐུན་པ་ཆགས་འགྲོ་ས་རེད་ཀྱང༌། ཁྲིམས་དང་མ་མཐུན་པ་དེ་ཚོ་ལ་དཀའ་ངལ་ཡོད་རེད་དམ་མ་རེད། དེ་སྔ་ཁྲིམས་དང་མ་མཐུན་པར་ཨར་པོ་བརྒྱབ་པའི་ལས་ཁུངས་ཡིན་ནའང་འདྲ། ལས་ཤག་ཡིན་ནའང་འདྲ། དེ་ཚོ་ལ་དཀའ་ངལ་འཕྲད་ཀྱི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན། གལ་སྲིད་གངས་སྐྱིད་ལ་ས་ཆ་མེད་པ་ཡིན་ནའང་རྡ་རམ་ས་ལའི་ཉེ་ས་དེ་འདྲ་ནས་མི་སྒེར་པ་དེ་འདྲ་ནས་ས་ཆ་ག་ཚོད་ཉོས་ནའང་རག་པ་དེ་འདྲ་མང་པོ་ཞིག་འདུག དེ་ཡིན་དུས་བཙན་བྱོལ་བོད་གཞུང་གིས་ཀྱང་ས་ཆ་འདྲ་ཉོ་རྒྱུའི་དགོངས་བཞེད་ཡོད་དམ་མེད་ཅེས་ཞུ་རྒྱུ་ཡིན།

བཀའ་ལན།
གོང་དུ་ཞུས་ཟིན་པ་བཞིན་ཁྲིམས་དང་མ་མཐུན་པའི་ཁང་པ་དེ་དག་ཁྲིམས་མཐུན་བཟོ་དགོས་ཀྱི་ཡོད་རེད། གཞུང་གི་དེབ་ཐེར་གྱི་ནང་ཁང་པ་ཡོད་པ་མ་འཁོད་པ་དེ་དག་བཀོད་དགོས་ཀྱི་ཡོད་རེད། དེའི་ལས་རིམ་འགྲོ་བཞིན་པ་རེད། ཉེས་ཆད་ཀྱང་གང་མཚམས་ཕོག་མདོག་ཁ་པོ་རེད། ཉེས་ཆད་ག་རེ་ཕོག་ནའང་བསྒྲུབ་རྒྱུ་རེད། གང་ཡིན་ཟེར་ན། གནས་ཚུལ་རྙིང་པ་ཚང་མ་གཙང་སེལ་མ་ཐུབ་ཀྱི་བར་ལ་ཨར་པོ་གསར་པ་བརྒྱབ་རྒྱུའི་བཀའ་འཁྲོལ་འཐོབ་ཀྱི་མ་རེད། དེ་ཡིན་ཙང་ཨར་པོ་གསར་པ་བརྒྱབ་རྒྱུའི་བཀའ་འཁྲོལ་འཐོབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དུ་ཁང་པ་རྙིང་པ་ཚང་མ་ཁྲིམས་མཐུན་བཟོ་དགོས་ཀྱི་ཡོད། ཁྲིམས་མཐུན་བཟོ་ཐུབ་མདོག་ཁ་པོ་རེད་བསམ་གྱི་འདུག དུས་ཚོད་འགོར་རྒྱུ་དང་ཉེས་ཆད་བསྒྲུབ་དགོས་རྒྱུ་མ་གཏོགས་ཁང་པ་བཤིག་འགྲོ་བའི་ཉེན་ཁ་ཡོད་པ་ཞིག་མཐོང་གི་མེད།
རྡ་རམ་ས་ལའི་ཉེ་ས་ལ་ཁྲིམས་མཐུན་གྱིས་ས་ཆ་གསར་པ་ཉོ་རྒྱུ་གནས་སྐབས་དཀའ་ལས་ཁག་པོ་རེད། སྐབས་ ༡༣ པའི་བཀའ་ཤག་གིས་རྡ་རམ་ས་ལའི་ཁུལ་ནས་ས་ཆ་གསར་པ་ཉོ་རྒྱུའི་འཆར་གཞི་ད་ལྟའི་གནས་སྐབས་སུ་མེད་ཅེས་ཞུ་རྒྱུ་ཡིན། ད་ལྟའི་གནས་སྐབས་ཞེས་པ་ཕྱི་ལོ་ ༢༠༠༨།༠༩ ཡི་སྔོན་རྩིས་འདིའི་ནང་ལ་མེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ནས།
དྲི་བ་མང་ཆེ་བ་དྲིས་ཚར་སོང༌། དྲི་བ་གཉིས་པའི་ལན་གྱི་ནང་ལ་ཁང་པ་ ༣༦ གསར་རྒྱག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཀའ་གནང་བ་རེད། དེ་ད་ལྟ་སྔོན་རྩིས་ཡོང་གཏན་མ་འཁེལ་བའི་ནང་ལ་ས་ཡ་ཉིས་ཤུ་ཞུས་གནང་ཡོད་རེད། ཁང་པ་རེ་རེ་ལ་བགོས་བྱས་པ་ཡིན་ན་འབུམ་ལྔ་ལྷག་ཙམ་འགྲོ་སོང་འགྲོ་གི་འདུག དེ་དང་འབྲེལ་བའི་ཐོག་ནས་ལན་གསུམ་པའི་ནང་ལ་ ༢༠༡༠ ནང་ཚུད་ལ་ལས་ཤག་ཁག་གསར་རྒྱག་ཐུབ་པའི་རེ་བ་ཡོད་ཅེས་གསུངས་གནང་འདུག དེའི་ཐོག་ལ་གསལ་བཤད་ཞིག་གནང་རོགས་གནང་ཞུ་རྒྱུ་དང༌། ཁང་པ་ ༣༦ གཅིག་པུ་གསུང་གི་ཡོད་དམ། ཡང་ན་ཁང་དོད་སྤྲད་དགོས་སའི་ལས་བྱེད་གྲངས་ ༡༠༠ ཚང་མར་གོ་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད་དམ་མ་རེད། གལ་སྲིད་དེ་གོ་ཐུབ་ཀྱི་མེད་ན་མ་འོངས་པར་ཐབས་ལམ་གཞན་རྡ་རམ་ས་ལའི་ཉེ་འགྲམ་ལ་ས་ཆ་ཉོ་རྒྱུའི་དགོངས་གཞི་མེད་ཅེས་བཀའ་ལན་གནང་སོང༌། དེ་འདྲའི་དཀའ་སེལ་ཐུབ་རྒྱུའི་ཐབས་ལམ་གཞན་རྩ་བ་ཉིད་ནས་ ༢༠༠༨།༢༠༠༩ སོགས་ལ་ཐབས་ལམ་གཞན་ཡོད་དམ་མེད། བཀའ་འདྲི་གཅིག་དེ་ཞུ་རྒྱུ་དང༌། ད་ལྟ་བཀའ་ལན་གནང་བའི་ནང་ནས་གཅིག་སྔོན་མའི་ཁྲིམས་མཐུན་མ་བྱུང་བའི་ཁང་པ་རྣམས་ཁྲིམས་མཐུན་བཟོས་ནས་ལས་གཞི་འགྲོ་དགོས་པའི་བཀའ་ལན་ཞིག་གནང་སོང༌། ད་ལྟ་ཆེས་མཐོའི་མི་སྣའི་ལས་ཤག་གི་ཁང་པ་དྲུག་ཡོད་པའི་མདུན་ལ་ཁང་པ་གསར་རྒྱག་གནང་བཞིན་པ་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་རེད་དམ་ཡོད་མ་རེད་ཅེས་བཀའ་འདྲི་ཞུ་འདོད་བྱུང༌།

བཀའ་ལན།
དགོངས་སེལ་ཞུས་པའི་ཐོག་ནས་འཕྲོས་དོན་དྲི་བ་སྔ་མ་གཅིག་ལ་ལན་ཞུ་རྒྱུ་ལུས་འདུག རྡ་རམ་ས་ལ་མ་ཡིན་པའི་ས་གནས་གཞན་ལ་ཁང་གླ་སྤྲད་དགོས་པའི་ལས་བྱེད་ག་ཚོད་ཡོད་ཅེས་བཀའ་གནང་སོང༌། ལས་བྱེད་མང་པོ་ཡོད་རྒྱུ་མ་རེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ས་གནས་ཁག་ལ་ཡག་ཉེས་ལ་མ་ལྟོས་པའི་ལས་བྱེད་མང་ཆེ་བ་ལ་ལས་ཤག་གི་མཐུན་རྐྱེན་ཡོད་རེད། ཡང་ན་སོ་སོར་གཞིས་ཆགས་ཀྱི་ས་ཁང་ཡོད་རེད། ཡིན་ནའང་ཁང་གླ་སྤྲོད་དགོས་པ་རེ་ཟུང་ཡོད་རེད། ད་ལྟ་གྲངས་ཀ་ཏན་ཏན་ཞིག་ཞུ་ཐུབ་ཀྱི་མི་འདུག རྗེས་སུ་ཡིག་ཐོག་ནས་ཕུལ་ཆོག
ད་ལྟ་འཕྲོས་དོན་དྲི་བ་གསུམ་པའི་ལན་ཡིག་ཐོག་ཏུ་གསལ་པོ་ཞིག་ཡོད་བསམ་པ་ཡིན། ༢༠༡༠ ནང་ཚུད་ལ་རྒྱག་ཐུབ་རྒྱུའི་རེ་བ་ཡོད། དེས་ལས་བྱེད་ ༣༦ གི་དཀའ་ངལ་སེལ་གྱི་རེད་ཅེས་ཞུས་ཡོད་དུས་ཕྱི་ལོ་ ༢༠༡༠ ནང་ཟིན་རེ་ཡོད་པའི་ལས་ཤག་ ༣༦ དེས་ལས་བྱེད་ ༣༦ གི་དཀའ་ངལ་སེལ་རྒྱུ། ལས་བྱེད་བརྒྱ་ལ་དཀའ་ངལ་སེལ་གྱི་རེད་ཅེས་ཞུས་མེད།
༢༠༠༨།༠༩ ཡི་སྔོན་རྩིས་ནང་ལ་ས་ཆ་ཉོ་རྒྱུའི་འཆར་གཞི་མེད་པ་ཡིན་ནའང༌། དེའི་རྗེས་ལ་འཆར་གཞི་ཡོང་གི་རེད་དམ་ཞེས་བཀའ་གནང་སོང༌། དེ་ནི་མ་འོངས་པ་ལ་གོ་རིམ་མེད་པ་རེད། དེ་འདྲ་ཡིན་དུས་སྐབས་དང་དུས་ལ་བལྟ་རྒྱུ་རེད། ད་ལྟ་ངས་ཞུས་པ་དེ་རྩིས་ལོ་འདིའི་ནང་ལ་ཞུས་མེད་ལ། ཕལ་ཆེར་བསྐྱར་བཅོས་སྔོན་རྩིས་ནང་ལའང་ཞུ་རྒྱུ་མིན་ཞེས་ཐག་བཅད་ནས་ཞུས་པ་ཡིན།
ད་ལྟ་ཆེས་མཐོའི་མི་སྣའི་ལས་ཤག་གི་མདུན་ལ་ཁང་པ་གསར་པ་རྒྱག་གི་མེད་དེ་རྩིག་སྐྱོར་ལུག་པ་ཡིན་ཙང་རྩིག་སྐྱོར་བསྐྱར་རྒྱག་དགོས་ཀྱི་ཡོད་རེད། རྒྱ་གར་གཞུང་གི་ཆུ་མཛོད་དང་བཙན་བྱོལ་བོད་གཞུང་གི་ཆུ་མཛོད་གཉིས་ཀ་ནས་ཆུ་འཛག་པའི་དབང་གིས་རྩིག་སྐྱོར་ལུག་པ་རེད། མ་འོངས་པར་ཡང་ཆུ་འཛག་རྒྱུའི་ཉེན་ཁ་ཡོད་པ་ཡིན་སྟབས་རྩིག་སྐྱོར་སྔོན་མ་ནང་བཞིན་བསྐྱར་དུ་རྒྱག་པ་ཡིན་ན་བརྟན་པོ་བསྡད་ཐུབ་རེ་མེད་པ་ཡིན་ཙང༌། དེའི་མདུན་གྱི་སྡིངས་ཆའི་འོག་ནས་རྩིག་སྐྱོར་རྒྱག་མ་ཐུབ་པས་དེའི་སྟེང་ལ་ཨར་འདམ་བླུགས་ཡོད་པ་ཙམ་ལས་ཁང་པ་རྒྱག་གི་མེད་པས་ཁྲིམས་མཐུན་རེད་ཅེས་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥