ལས་བསྡོམས་སྙིང་བསྡུས་ཐོག་དྭོགས་འདྲི་བྱུང་བར་ལན་འདེབས་གསལ་བཤད།

ལས་བསྡོམས་སྙིང་བསྡུས་ཐོག་དྭོགས་འདྲི་བྱུང་བ་ཁག་གི་ནང་བཀའ་ཤག་དང་ཐད་ཀར་འབྲེལ་བ་ཡོད་པ་དང༌། ནང་སྲིད་ལས་ཁུངས་དང་འབྲེལ་བ་ཡོད་པ། བདེ་སྲུང་ལས་ཁུངས་དང་འབྲེལ་བ་ཡོད་པ་བཅས་གསལ་བཤད་མུ་མཐུད་ནས་ཞུ་ན་ཆོག་གི་ཡོད་དམ། ཚོགས་གཙོས་ཆོག་གི་རེད་ཅེས་གསུངས།གནས་ཚུལ་རེ་རེ་བཞིན་གསལ་བཤད་མ་ཞུས་གོང་སྤྱི་ཡོངས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ཞུ་རྒྱུར། བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ལས་བསྡོམས་སྙིང་བསྡུས་དེ་ཆོས་ཀློག་པ་ནང་བཞིན་ཧ་ཅང་མགྱོགས་པོ་ཀློག་པ་ཡིན་ཙང་གསལ་པོ་གོ་མ་སོང་ཞེས་གསུང་མཁན་དང༌། ཡང་ལས་བསྡོམས་སྙིང་བསྡུས་དེའི་ངོ་བཤུས་སྤྱི་འཐུས་རྣམ་པར་ཕུལ་གྱི་མི་འདུག་ཅེས་གསུང་མཁན་བཅས་བྱུང་སོང༌། གནད་དོན་དེ་གཉིས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་མ་གཏོགས་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བ་ཞིག་མ་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་དགོངས་དོན་བཞིན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ལོ་རེ་བཞིན་རྩིས་འགོ་བརྒྱབས་ནས་ཟླ་དགུའི་ནང་ཚུད་དུ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཟིན་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་རྒྱུན་ལས་ནས་ཐུགས་ཞིབ་གནང་རྒྱུར་ཟླ་བ་མང་པོའི་དུས་ཚོད་ཡོད་པ་རེད། ལས་བསྡོམས་རྒྱུན་ལས་སུ་ཕུལ་ཟིན་པ་ཡིན་སྟབས། གྲོས་ཚོགས་སུ་ལས་བསྡོམས་སྙིང་བསྡུས་ཤིག་གསོལ་ཅོག་སྟེང་འཇོག་རྒྱུ་མ་གཏོགས། ཡིག་ཆ་འགྲེམས་སྤེལ་ཞུ་དགོས་ཀྱི་མེད། ང་ཚོའི་གྲོས་ཚོགས་ཀྱི་སྲོལ་རྒྱུན་ནང་ལས་བསྡོམས་སྙིང་བསྡུས་དེ་ཚོ་འབྲེལ་ཡོད་བཀའ་བློན་ལ་ཆ་ཚང་ཀློག་བཅུག་པའི་ལམ་སྲོལ་ཞིག་ཆགས་པ་མ་གཏོགས། རྒྱ་གར་ལྟ་བུའི་གྲོས་ཚོགས་ཀྱི་ནང་ཀློག་པར་ཆ་འཛིན་བྱས་པ་ཡིན་ཞེས་གཞག་རྒྱུའི་ལམ་སྲོལ་ཡང་ཡོད་པ་རེད། གལ་སྲིད་སྤྱི་འཐུས་རྣམ་པས་ལས་བསྡོམས་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་ཕུལ་བ་ཙམ་གྱིས་མི་འགྲིགས་པར་ངོ་བཤུས་བཀྲམས་དགོས་པའི་དགོས་འདུན་དཔལ་ལྡན་ཚོགས་གཙོ་ལྷན་རྒྱས་ལ་གནང་བ་ཡིན་ན་ལས་བསྡོམས་སྙིང་བསྡུས་ཙམ་མ་ཟད། ལས་བསྡོམས་ཆ་ཚང་གི་ངོ་བཤུས་ཕུལ་དགོས་བྱུང་ཡང་དགག་བྱ་གང་ཡང་མེད། རྒྱུན་ལས་ལ་ཕུལ་ཟིན་པ་ཞིག་གྲོས་ཚོགས་སུ་ཕུལ་མི་འོས་པའི་རྒྱུ་མཚན་ཡོད་པ་མ་རེད། མགྱོགས་པོ་ཀློག་པ་དེའང་གྲོས་ཚོགས་ཀྱི་རྩ་ཆེའི་དུས་ཚོད་བསྲི་ཚགས་བྱེད་རྒྱུའི་ཆེད་མ་གཏོགས་སྤྱི་འཐུས་རྣམ་པས་མ་གསན་པ་དང༌། དྲི་བ་མང་པོ་མི་ཡོང་བའི་ཆེད་དུ་བྱས་པ་ཞིག་གཏན་ནས་མིན། མ་འོངས་པར་ག་ལེར་གདངས་བཏང་སྟེ་ཀློག་གསུངས་པ་ཡིན་ནའང་དེ་ལྟར་ཞུ་ཆོག
དེ་ནས་བཀུར་འོས་སྤྱི་འཐུས་མང་ཙམ་ཞིག་གིས་བོད་རྒྱའི་འབྲེལ་ལམ་གྱི་སྐོར་དང༌། སྐུ་ཚབ་ཕེབས་ཐེངས་ལྔ་པའི་སྐོར་གྲོས་ཚོགས་ལ་གསལ་བཤད་དགོས་ཚུལ་དང༌། ཡང་སྐུ་ཚབ་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་དང་གསུམ་དུས་ཀྱི་བཀའ་ཤག་གི་གཏམ་བཤད་གཉིས་ཀྱི་དབར་འགལ་བ་འདུག་ལུགས། བར་ལམ་ཞིག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་ཐ་སྙད་འགའ་ཤས་བེད་སྤྱོད་བྱེད་ཕྱོགས་གཅིག་གྱུར་དགོས་པའི་ལམ་སྟོན་བྱས་པ་དེ་ཧ་ཅང་འགལ་འཛོལ་ཚབས་ཆེ་ཡིན་ཚུལ་སོགས་ཐུགས་ཚོར་སྣང་དྲག་པོའི་ཐོག་ནས་བཀའ་གནང་སོང༌། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ལན་ཕུལ་བའི་སྐབས་ཚོར་སྣང་དྲག་པོའི་ཐོག་ནས་བཀའ་གནང་མཁན་བཀུར་འོས་སྤྱི་འཐུས་ཁ་ཤས་བཞུགས་མི་འདུག་ཀྱང༌། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ཐོག་ནས་མཁྱེན་པའི་རེ་བ་ཡོད། བཀའ་ཤག་སྐབས་བཅིུས་པས་བོད་རྒྱ་ཞི་མོལ་གྱི་ལས་དོན་དེ་བཙན་བྱོལ་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ཚང་མའི་ནང་ནས་གལ་གནད་ཆེ་ཤོས་ཤིག་ཏུ་བརྩིས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཉིན་མོའི་མི་དང་མཚན་མོའི་ཁྱིའི་དཔེ་ལྟར་འབད་བརྩོན་ཞུ་ཁུལ་ཡིན། དེ་ལྟར་ཞུ་དགོས་དོན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྟབས་དེ་ལག་བསྟར་བྱ་རྒྱུ་འཛིན་སྐྱོང་བཀའ་ཤག་གི་ལས་འགན་ཡིན་པའི་རྒྱུ་མཚན་གྱིས་ཞུས་པ་མ་གཏོགས། ད་ལྟའི་བཀའ་ཤག་རྒྱ་མི་ལ་དགའ་དྲགས་པའམ། ཡང་ན་གྲུབ་འབྲས་ཐོན་པའི་ངོ་སོ་ཞིག་བྱུང་ན་བསམས་ནས་འབད་བརྩོན་ཞུས་པ་རྩ་བ་ནས་མིན་ཞེས་ཞུ་འདོད་བྱུང༌། དེ་ཞུ་དགོས་དོན་ཡང་བཀུར་འོས་སྤྱི་འཐུས་རྣམ་པའི་གསུང་བཤད་ཀྱི་ཚིག་བརྗོད་དང༌། ཚིག་བརྗོད་བར་གྱི་ཚེག་རིང་ཚེག་ཐུང་རྣམས་ལ་ཞིབ་ཚགས་པོས་བསམ་ཞིབ་བྱེད་སྐབས་ད་ལྟ་ང་ཚོས་ཞུ་བཞིན་པའི་ལས་དོན་མང་པོ་ཞིག་རྒྱ་མི་ལ་སྤྲེལ་ལད་བཤད་རྒྱུ་དང་མགོ་བཏགས་ཞུ་རྒྱུའི་ཆེད་དུ་བྱེད་ཀྱི་ཡོད་པ་གཟིགས་ཀྱི་མེད་དམ་སྙམ་པའི་ཚོར་སྣང་བྱུང༌། ང་ཚོས་གང་ཞུས་པ་དེ་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཇི་བཞིན་ཞུས་པ་ཞིག་མ་གཏོགས། དེ་ལས་གཞན་པའི་གནས་ཚུལ་གང་ཡང་མེད། བཀའ་ཤག་གིས་གྲོས་ཚོགས་ལ་དམིགས་བསལ་རེ་འདུན་ཞུ་རྒྱུ་ཞིག་ལ། ང་ཚོའི་ལས་ཀ་བྱེད་སྟངས་འགྲིགས་དང་མ་འགྲིགས་ནོར་འཁྲུལ་ཇི་བྱུང༌། མ་འདེང་བ་དང་མ་སྙོབ་པ་གང་ཡོད་པ་དེ་ཚོ་མཛུབ་སྟོན་དང༌། ལམ་སྟོན། ཡོ་བསྲང༌། ལེགས་སྤེལ་ཉེས་འགོག་ངེས་པར་དུ་གནང་རོགས་གནང༌། འོན་ཀྱང་ང་ཚོའི་ཀུན་སློང་དང་ལྷག་བསམ་ལ་ཐུགས་དྭོགས་མ་གནང་རོགས་ཞེས་ནན་ཏན་ཆེན་པོས་ཞུ་རྒྱུ་ཡིན། གལ་སྲིད་དངོས་དོན་ཐོག་ང་ཚོའི་ཀུན་སློང་དང་ལྷག་བསམ་ལ་ཐུགས་དྭོགས་ཡོད་པ་ཡིན་ན་དྲི་བ་དྲིས་ལན་ཙམ་གྱི་ལམ་ནས་འཇོག་ཐབས་ཡོད་པ་ཞིག་མ་རེད། ཀུན་སློང་དང་ལྷག་བསམ་ཚད་ལྡན་མེད་པའི་མི་ཞིག་འཛིན་སྐྱོང་ནང་མུ་མཐུད་བཞག་པ་ཡིན་ན་གྲོས་ཚོགས་ཀྱི་ལས་འགན་མ་འགྲུབ་པ་རེད། འཛིན་སྐྱོང་བཀའ་ཤག་གར་བཞག་གྲོས་ཚོགས་ཀྱི་ཕྱག་ལ་ཡོད་པ་མ་གཏོགས་གྲོས་ཚོགས་གར་བཞག་འཛིན་སྐྱོང་གི་ལག་པར་ཡོད་པ་མ་རེད། དྲིལ་བུ་གར་བཞག་བླ་མའི་ཕྱག་ཏུ་ཡོད་པ་ལས་བླ་མ་གར་བཞག་དྲིལ་བུའི་ལག་པར་མེད་པའི་གནའ་བོའི་བོད་ཀྱི་གཏམ་དཔེ་ལྟར་རེད། ཀུན་སློང་དང་ལྷག་བསམ་ཚད་ལྡན་མེད་པའི་མི་ཞིག་འཛིན་སྐྱོང་དུ་ཡོད་པ་ཡིན་ན་ངེས་པར་དུ་འཕོ་འགྱུར་གཏོང་གནང་དགོས་པ་རེད། གྲོས་ཚོགས་ལ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་དང་བཅའ་ཁྲིམས་ཀྱི་ཆ་རྐྱེན་གཉིས་ཀ་ཡོད་རེད། དེ་མིན་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་བཏང་འཛིན་གནང་དགོས་ཀྱང་གྲོས་ཚོགས་རང་ཉིད་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ལ་རྒྱབ་སྐྱོར་ཆ་ཚང་གནང་དགོས་ཀྱི་རེད་བསམ་གྱི་ཡོད།
བཀུར་འོས་སྤྱི་འཐུས་ཤིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དང༌། བཀའ་ཤག གྲོས་ཚོགས་བཅས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་རྣམས་གཅིག་གྱུར་དགོས་ཀྱི་འདུག་ཅེས་བཀའ་གནང་སོང༌། དེ་ནི་ཆབ་སྲིད་ཀྱི་གནད་འགག་མཁྱེན་པའི་བཀའ་མོལ་ཞིག་རེད། ང་ཚོས་རྣམ་པ་ཐམས་ཅད་ནས་དོ་མི་མཉམ་པའི་ཁ་གཏད་སྟོབས་ཆེན་ཞིག་ལ་གདོང་ལེན་བྱེད་པའི་སྐབས་མང་གཙོའི་ཀ་བ་གསུམ་གྱི་ལངས་ཕྱོགས་གཅིག་གྱུར་ཡིན་པ་ཞིག་བསྟན་མ་ཐུབ་ན་ནུས་པ་མི་འཐོན་པ་དང༌། དཀའ་ངལ་འཕྲད་རྒྱུ་ཞིག་ཡིན་པ་ང་ཚོར་ཡང་ཡང་ཉམས་མྱོང་བྱུང་ཟིན་པ་ཞིག་རེད།
སྐུ་ཚབ་ཚོགས་ཆུང་འབྲེལ་མོལ་དུ་ཕེབས་པའི་རྗེས་གནས་ཚུལ་ཇི་བྱུང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་གསན་ཞུ་རྒྱུ་དེ་ཁོ་ཚོའི་སྐབས་བབ་ཀྱི་ལས་འགན་རེད་མ་གཏོགས། གྲོས་ཚོགས་སུ་སྙན་གསན་ཞུ་དགོས་པའི་ལས་འགན་ཞིག་ཁྲིམས་སྒྲིག་གང་གི་ཐོག་ནས་ཀྱང་ཡོད་པ་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། ད་བར་སྐུ་ཚབ་ཚོགས་ཆུང་གིས་བཀའ་ཤག་བརྒྱུད་དཔལ་ལྡན་ཚོགས་གཙོ་རྣམ་གཉིས་ལ་སྙན་གསན་ཞུ་སྲོལ་ཡོད་པ་དེ་མཁྱེན་རྟོགས་དང་དགོངས་ཚུལ་གཅིག་གྱུར་ཡོང་རྒྱུའི་ཆེད་ཙམ་མ་གཏོགས་ཁྲིམས་སྒྲིག་གང་གི་ཆ་ནས་སྐུ་ཚབ་ཚོགས་ཆུང་གིས་བཀའ་ཤག་དང་གྲོས་ཚོགས་ལ་འགན་ཁུར་ལན་འདེབས་ཞུ་དགོས་པའི་གནས་ཚུལ་ཞིག་མ་རེད། ཁོ་ཚོས་ྋགོང་ས་མཆོག་ལ་ཐད་ཀར་འགན་འཁྱེར་དགོས་པ་ཞིག་རེད། མདོར་བསྡུས་ནས་ཞུ་ན། ད་ལྟའི་བོད་རྒྱའི་འབྲེལ་ལམ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཞིག་ཡིན་པ་ལས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་ལམ་མིན་པ་དེ་བཀུར་འོས་སྤྱི་འཐུས་རྣམ་པའི་ཐུགས་ལ་བཞག་དགོས་པ་ཞིག་རེད། བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་གྲོས་ཚོགས་སུ་དངོས་སུ་བཀའ་གནང་སོང་བ་མ་ཟད། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཀྱང་བཀའ་བློན་ཁྲི་པར་བོད་རྒྱ་ཞི་མོལ་གྱི་གནས་ཚུལ་གསལ་བཤད་ཞུ་རྒྱུའི་ཆེད་དུ་གྲོས་ཚོགས་གསང་བའི་ཚོགས་འདུ་ཞིག་ཚོགས་ན་ག་འདྲ་འདུག་གམ་ཞེས་བཀའ་འདྲི་གནང་སོང༌། སྐབས་དེར་བཀའ་ཤག་གིས་གྲོས་ཚོགས་གསང་བའི་ཚོགས་འདུ་གནང་དགོས་ཀྱི་མི་འདུག་ཅེས་ཞུས་པ་ཡིན། གསང་བའི་ཚོགས་འདུ་གནང་ན་གནས་ཚུལ་གསང་བ་བསྡད་ཀྱི་རེད་བསམ་པའི་ཡིད་ཆེས་རྙེད་མ་སོང༌། དྲི་བ་དྲིས་ལན་གྱི་བརྒྱུད་ནས་ཀྱང་གནས་ཚུལ་མང་པོ་ཞུས་ཟིན་པ་དང༌། ད་ལྟའི་ལས་བསྡོམས་ཀྱི་བགྲོ་གླེང་ནང་དུ་བཀའ་འདྲི་གནང་བ་རྣམས་ལ་གསལ་བཤད་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ད་ལྟའི་བར་དང༌། ལྷག་པར་དུ་འབྲེལ་མོལ་ཐེངས་ལྔ་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བར་རྩ་དོན་གྱི་ཐོག་གཞི་རིམ་གྱི་འགལ་ཟླ་ཆེན་པོ་ཡོད་པ་མ་ཟད། ལས་དོན་བྱེད་ཕྱོགས་ཐབས་ལམ་གྱི་ཐོག་ལའང་འགལ་ཟླ་ཡོད་པ་གསལ་པོ་བཟོས་པ་རེད། གནས་ཚུལ་དེ་སྐུ་ཚབ་ཚོགས་པའི་གསར་འགོད་གསལ་བསྒྲགས་དང༌། ཚོགས་གཙོ་ལྷན་རྒྱས་ལ་སྙན་གསན་ཞུས་པ་བཅས་ཀྱི་ནང་གསལ་པོ་ཞུས་ཡོད། བཀའ་ཤག་གི་གསུམ་དུས་གཏམ་བཤད་ཀྱི་ནང་གཞི་རིམ་གྱི་འགལ་ཟླ་མེད་ཅེས་འཁོད་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགལ་ཟླ་ཡོད་ཅེས་བརྗོད་པར་ལན་འདེབས་བྱས་པ་མ་གཏོགས་སྐུ་ཚབ་ཚོགས་ཆུང་གིས་བཤད་པ་དང་མི་མཐུན་པའི་སྐད་ཆ་ཞིག་བཤད་པ་མ་རེད། བོད་པའི་ཕྱོགས་ནས་བལྟས་ན་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ལ་འགལ་ཟླ་ཡོད་ན་དེ་རྩ་དོན་ཐོག་གཞི་རིམ་གྱི་འགལ་ཟླ་ཞིག་རེད། ཡིན་ནའང་ཏིང་ཞའོ་ཕིང་གིས་རང་བཙན་མ་གཏོགས་གནས་ཚུལ་གཞན་ཚང་མ་གྲོས་བསྡུར་བྱས་ནས་ཐག་གཅད་ཆོག་ཅེས་པའི་གྲོས་འཆར་ལ་ྋགོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མིན། དེ་ལས་གཞན་པའི་གནས་ཚུལ་རྣམས་གྲོས་བསྡུར་བྱེད་ཀྱི་ཡིན་ཞེས་གསུངས་པའི་ཉིན་མོ་དེ་ནས་བོད་ཀྱི་སྲིད་དབང་གི་གནས་བབ་ཐོག་འགལ་ཟླ་མེད་པ་ཆགས་ཟིན་པ་རེད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་ཀྱི་ཡིན་ཞེས་བཤད་ཟིན་པའི་རྗེས་ལ་གནས་ཚུལ་གཞན་མང་པོ་བཤད་དགོས་དོན་ཡོད་མ་རེད། གཞི་རིམ་གྱི་འགལ་ཟླ་སངས་ཟིན་པ་རེད། ཡིན་ནའང་ད་དུང་འགལ་ཟླ་ཡོད་ཅེས་བཤད་པ་དེ་ནི་མ་འོས་པ་དང༌། མ་འཚམས་པ། རྒྱུ་མཚན་མེད་པ་ཞིག་རེད་ཅེས་གསལ་བཤད་བྱེད་རྒྱུ་ང་ཚོའི་ལས་འགན་རེད། དེར་བརྟེན་བཀའ་ཤག་གིས་གསུམ་དུས་གཏམ་བཤད་ནང་འགྲེལ་བརྗོད་གསལ་པོ་བྱས་པ་ཡིན།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་གཏམ་བཤད་དང་བྱམས་པ་ཕུན་ཚོགས་ཀྱི་གཏམ་བཤད་ཀྱི་ལུང་དྲངས་ཏེ་དྲི་བ་མང་པོ་ཞིག་གནང་སོང་ཡང༌། དེ་སྔོན་དྲི་བ་དྲིས་ལན་གྱི་སྐབས་ལན་འདེབས་གང་ཙམ་ཞུས་ཟིན་པ་ཡིན་པས་བསྐྱར་ལྡབ་བྱེད་དགོས་མ་མཐོང༌། མདོ་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་གཏམ་བཤད་དང་ད་ལྟ་འགྲོ་བཞིན་པའི་འབྲེལ་མོལ་གྱི་གནས་སྟངས་གཉིས་གཅིག་གྱུར་ཡོང་རྒྱུའི་དུས་ཚོད་ནི་བཙན་བྱོལ་བོད་མི་རྣམས་བོད་དུ་ལོག་ཆོག་པའི་གནས་སྟངས་ཤིག་མ་བྱུང་གི་བར་ཡོང་ཐབས་མེད་པ་རེད། ད་ལྟའི་བོད་རྒྱའི་འབྲེལ་ལམ་གྱི་གྲུབ་འབྲས་ཇི་ཙམ་ཐོན་མིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དང༌། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་གསར་འགོད་པར་སྤེལ་བའི་གཏམ་བཤད་ནས་ཚོད་དཔག་གནང་བ་ཡིན་ན་ཚོད་དཔག་ཚད་ལྡན་ཞིག་ཡོང་གི་མ་རེད། ཁོ་ཚོའི་གཏམ་བཤད་དེ་ཚོའི་ཐོག་ནས་ཧ་ལས་ཧོན་ཐོར་ཏེ་བོད་རྒྱའི་འབྲེལ་ལམ་ལ་གྲུབ་འབྲས་གཏན་ནས་མེད་པའི་དགོངས་པ་བཞེས་པ་ཡིན་ན་དངོས་དོན་དང་མཐུན་པ་ཞིག་མ་རེད།
བཀའ་ཤག་གིས་ཡང་ཡང་འགྲེལ་བརྗོད་ཞུས་ཟིན་པ་ལྟར། མདོ་ཧྲིལ་གྱིས་དྲིལ་ན་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་དགོས་པ་དེ་དམིགས་ཡུལ་རེད། དམིགས་ཡུལ་དེ་སྒྲུབ་པའི་ཐབས་ལམ་ནི་མེས་ཚིག་མེར་གཏུགས་ཀྱི་དཔེ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ཞི་མོལ་བྱེད་རྒྱུ་དེ་རེད། དམིགས་ཡུལ་དང་ཐབས་ལམ་དེ་གཉིས་གཞི་བཟུང་གིས་ལས་ཀ་བྱེད་ཀྱི་ཡོད། ད་ལྟ་འགྲོ་བཞིན་པའི་འབྲེལ་མོལ་དེས་དམིགས་ཡུལ་བསྒྲུབ་ཐུབ་ཀྱི་རེད་ཅེས་བརྒྱ་ཆ་བརྒྱ་ཐམ་པའི་འགན་ལེན་ཞིག་ྋགོང་ས་མཆོག་གམ། སྐུ་ཚབ་ཚོགས་པ། ཡང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སོགས་སུ་གང་གིས་བྱེད་ཐུབ་ཀྱི་མ་རེད། ྋགོང་ས་མཆོག་གིས་སྔ་ལོའི་གསུམ་དུས་གསུང་བཤད་ཀྱི་ནང་ཇི་སྲིད་དུ་ངས་བོད་ཀྱི་འགོ་ཁྲིད་བྱེད་པ་དེ་སྲིད་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་གི་མིན་ཞེས་གསུངས་ཡོད། དེའི་ཤུགས་བསྟན་དུ་ད་ལྟའི་འབྲེལ་མོལ་དེ་ལམ་འགྲོ་རྒྱུགས་དང་མ་རྒྱུགས་ཇི་ལྟར་ཡང༌། ང་ཚོའི་སྲིད་བྱུས་ལ་འགྱུར་བ་གཏོང་གི་མིན་ཞེས་གསུང་གི་ཡོད་པ་རེད། ང་ཚོའི་ངོས་ནས་གོང་གསལ་དམིགས་ཡུལ་སྒྲུབ་ཐབས་སུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲེལ་མོལ་བྱེད་ཀྱི་ཡོད་པ་མ་ཟད། ཕྱོགས་གཞན་ཞིག་ནས་ད་ལྟའི་འབྲེལ་མོལ་དེ་ལམ་ལྷོང་མ་བྱུང་ན་དེའི་ཁག་འགན་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དཀྲི་ཐུབ་པ་ཞིག་ཡོང་ཐབས་ཀྱང་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༧༩ ནས་ ༡༩༩༣ བར་གྱི་བྱུང་རིམ་བསྐྱར་ལྡབ་བྱས་ཏེ་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ལེ་ཁག་ཆ་ཚང་རང་ཕྱོགས་ནས་འཁྱེར་མི་དགོས་པ་ཞིག་བཟོ་རྒྱུ་དེ་ང་ཚོའི་གལ་ཆེའི་དམིགས་ཡུལ་གཉིས་པ་ཞིག་རེད། དམིགས་ཡུལ་དེ་དག་གི་ཆེད་ཁོར་ཡུག་སྐྲུན་གྱི་ཡོད། ཐབས་ཤེས་གང་ཡོང་བྱེད་ཀྱི་ཡོད། ཁོར་ཡུག་བསྐྲུན་རྒྱུའི་ལས་རིམ་ལ་བོད་མི་མང་ཚོགས་ཀྱི་ནང་དགའ་པོ་མི་བྱེད་མཁན་གང་འཚམས་ཤིག་ཡོད་པ་ང་ཚོས་མ་ཤེས་པ་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་རེ་ཟུང་དང༌། ལྷག་པར་དུ་རང་བྱུང་གི་འགོ་ཁྲིད་མང་པོ་ཞིག་གི་ཐུགས་ལ་བབས་ཀྱི་མེད་པ་རེད། དེ་ཙམ་མ་ཟད་བཀུར་འོས་སྤྱི་འཐུས་མི་ཉུང་བ་ཞིག་གི་ཐུགས་ལའང་བབས་ཀྱི་མེད་པ་ང་ཚོས་ཤེས་ཀྱི་ཡོད། ཆབ་སྲིད་ཀྱི་ལྟ་གྲུབ་ཐ་དད་ཡིན་པའི་དབང་གིས་དགག་བྱ་གནང་མཁན་དེ་ཚོ་ཚད་ལྡན་རེད། ཞུ་རྒྱུ་གང་ཡང་མེད། དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ཁྲོད་ནས་ཀྱང་ཁོར་ཡུག་བསྐྲུན་རྒྱུའི་ལས་རིམ་ལ་སྤྲེལ་ལད་ Appeasement Policy རེད་ཅེས་གསུང་མཁན་འདུག འོན་ཀྱང་ད་ལྟའི་བཀའ་ཤག་གིས་བོད་མི་རིགས་ཀྱི་རྩ་དོན་གྱི་ཐོག་ཕན་གནོད་གང་ཡིན་བལྟས་པ་མ་གཏོགས། སྤྱི་ཚོགས་ཀྱི་ནང་དགག་བྱ་བྱེད་མཁན་ཡོད་མེད་ལ་ནམ་ཡང་བལྟས་མེད། བོད་མིའི་སྤྱི་ཚོགས་ཀྱི་ནང་ག་རེ་ཟེར་གྱི་ཡོད་མེད་དང༌། གྲོགས་པོ་ངོ་ཤེས་ཚོས་གང་ཟེར་མིན། སྤྱི་འཐུས་རྣམ་པས་གང་གསུངས་མིན་ཁོ་ན་ལ་བལྟས་ནས་རྩ་དོན་གྱི་ཕན་གནོད་ལ་མ་བལྟས་པའི་དབང་གིས་ལོ་མང་པོ་རྗེས་ལུས་ཐེབས་པ་དང༌། གོ་སྐབས་ཤོར་བ་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༡༩༧༩ ནས་ ༡༩༨༣།༨༤ བར་གྱི་དུས་རབས་དེ་གཅིག་བྱས་ན་ལོ་རྒྱུས་ནང་གྱོང་གུན་ཆེ་བའི་དུས་རབས་ཤིག་ཏུ་ཆགས་མི་སྲིད་པ་མ་རེད། འབྱུང་འགྱུར་ལོ་རྒྱུས་དང༌། ཆབ་སྲིད་དཔྱད་ཞིབ་པ་ཚོས་རིམ་པས་དཔྱད་ཞིབ་བྱས་ནས་ཐག་གཅོད་བྱེད་རྒྱུ་ཞིག་རེད།
ང་ཚོས་ད་ལྟ་དགོས་འདུན་འདོན་བཞིན་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དང༌། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བཞིན་པའི་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་གཉིས་ཀྱི་བར་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཞིག་རེད། དེ་འདྲ་ཡིན་ཙང་ད་ལྟ་ཡོད་བཞིན་པ་དེ་ང་ཚོས་བསྐྱར་དུ་དགོས་འདུན་འདོན་གྱི་འདུག་ཅེས་གསུངས་པ་དེ་ནི་དགོངས་པ་ཞིབ་ཚགས་མ་བཞེས་པའི་བཀའ་མོལ་ཞིག་རེད། ད་ལྟ་ནི་རང་སྐྱོང་གི་མིང་ཙམ་མ་གཏོགས། དོན་དུ་རང་སྐྱོང་གང་ཡང་མེད་པ་རེད། མདོར་བསྡུས་ཏེ་ཞུ་ན། གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་དང༌། རྒྱལ་སྲུང༌། རྒྱལ་ཁབ་ཁྱོན་ཡོངས་དང་འབྲེལ་བའི་དོན་གནད་གཞན་བཅས་གནས་ཚུལ་དེ་གསུམ་མ་གཏོགས། དེ་མིན་གྱི་གནས་ཚུལ་ཡོངས་སུ་རྫོགས་པའི་འགན་དབང་ཆ་ཚང་མི་རིགས་ས་གནས་རང་སྐྱོང་གི་ས་གནས་གཞུང་ལ་ངེས་པར་དུ་ཡོད་དགོས་པ་ཞིག་རེད། དེ་ནི་ང་ཚོས་ད་ལྟ་འདོན་བཞིན་པའི་དགོས་འདུན་དེ་ཡིན་པ་དང༌། ད་ལྟ་ཡོད་བཞིན་པའི་གནས་བབ་ལས་གནམ་སའི་ཁྱད་པར་ཡོད་རེད།
དེ་ནས་ངས་རེ་བ་ཆེན་པོས་བཀུར་འོས་སྤྱི་འཐུས་རྣམ་པར་ཞུ་རྒྱུར། ད་ལྟའི་ཆར་རྒྱལ་སྤྱིའི་ནང་བོད་ཀྱི་རྩ་དོན་གྱི་གནས་བབ་དེ་གནས་སྟངས་ག་འདྲ་ཞིག་ཏུ་སླེབས་ཡོད་པ་ཆབ་སྲིད་ཀྱི་རིགས་ལམ་མཁྱེན་པ་ཞིག་གིས་གཟིགས་ན་མཁྱེན་གྱི་རེད། འདས་པའི་ལོ་གསུམ་ཙམ་གྱི་ནང་དང༌། ཁྱད་པར་ཕྱི་ལོ་ ༢༠༠༥།༠༦ གི་ནང་རྒྱལ་སྤྱིའི་ནང་འགྱུར་བ་ཆེན་པོ་མང་པོ་ཕྱིན་ཡོད། རྒྱ་དཀར་ནག་གི་འབྲེལ་ལམ་ཡང་ང་ཚོས་ཚོད་དཔག་ལས་ལྷག་པའི་འགྱུར་བ་ཕྱིན་ཡོད། དེ་བཞིན་རྒྱ་གར་དང་ཨ་རིའི་འབྲེལ་ལམ་དང༌། རྒྱ་གར་དང་ཨུ་རུ་སུའི་འབྲེལ་ལམ་བཅས་ཀྱི་ཐོག་སྔར་ལྷག་གི་འགྱུར་བ་ཕྱིན་པ་མ་ཟད། ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ། རྒྱ་ནག་དང་ཀོ་རི་ཡའི་འབྲེལ་བ། ཐེ་ཝན་དུ་བྱུང་བའི་བར་ལམ་གྱི་འགྱུར་བ་དེ་ཚོ་ཆ་ཚང་རྒྱབ་ལྗོངས་སུ་བཞག་སྟེ་བོད་དོན་གྱི་གནས་བབ་དང༌། བོད་རྒྱ་ཞི་མོལ་གྱི་གནས་བབ་བཅས་ལ་དཔྱད་ཞིབ་གཏིང་ཟབ་ཙམ་ཞིག་མཛད་པ་ཡིན་ན་མཁྱེན་མདོག་ཁ་པོ་རེད། བོད་རང་སྐྱོང་ལྗོངས་ཀྱི་བྱམས་པ་ཕུན་ཚོགས་ཀྱི་གཏམ་བཤད་དང༌། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་གཏམ་བཤད་ཙམ་ལ་གཞི་བཞག་ནས་དཔྱད་ཞིབ་གནང་བ་ཡིན་ན་དེ་ནི་ཧ་ཅང་རྒྱ་ཁྱོན་ཆུང་དྲགས་པའི་དཔྱད་ཞིབ་ཅིག་ཆགས་ཀྱི་རེད།
དོན་ཚན་གཉིས་པ་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་ཀྱི་སྐོར་གནས་ཚུལ་མང་ཆེ་བ་ཞིག་སྔོན་དུ་ཞུས་ཟིན་པ་ཡིན། ཕྱི་དྲིལ་ལས་ཁུངས་ཀྱི་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་གཅིག་གྱུར་དགོས་པའི་ལམ་སྟོན་དེ་འཛིན་སྐྱོང་གི་ཁྱབ་ཁོངས་སུ་ཡོད་པའི་ལས་ཁུངས་ལ་དམིགས་པ་མ་གཏོགས། གྲོས་ཚོགས་དང་ཁྲིམས་ལུགས་དབང་འཛིན་བཅས་ལ་ཁྱབ་པ་ཞིག་མ་རེད། གྲོས་ཚོགས་ཀྱིས་དེར་མོས་མཐུན་གནང་བ་ཡིན་ནའང་ཡག་པོ་རེད། མོས་མཐུན་མ་གནང་བ་ཡིན་ནའང་འཛིན་སྐྱོང་གི་ཁྱབ་ཁོངས་སུ་མེད་སྟབས་ལམ་སྟོན་དེ་དང་འབྲེལ་བ་ཆགས་ཀྱི་མ་རེད།
ཆོལ་ཁ་གསུམ་དང་བོད་རིགས་ཡོངས་རྫོགས་ཞེས་པའི་ཐ་སྙད་ཀྱི་ཐད་སྔོན་དུ་རྒྱས་པ་ཞུས་ཟིན་པ་ཡིན་ཞིང༌། ཡིག་ཐོག་རྒྱུན་ལས་ལའང་སྙན་གསན་ཞུས་ཡོད།
རྒྱ་དམར་ཞེས་པའི་ཚིག་དེ་བེད་སྤྱོད་མ་བཏང་ན་ཧ་ཅང་ཚབས་ཆེན་རེད་ཅེས་བཀའ་གནང་སོང༌། དེའི་ཐད་ཚང་མས་མཁྱེན་གསལ་ལྟར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་རེད་ཅེས་ང་ཚོའི་ཡིག་ཆ་ཡོངས་རྫོགས་ནང་འཁོད་ཡོད་པ་དེ་རང་འཇགས་གནས་རྒྱུ་མ་གཏོགས། འགྱུར་བ་གཏོང་དགོས་ཞེས་ནམ་ཡང་ཞུས་མེད། དེ་ནི་བསུབ་ཏུ་མེད་པའི་བདེན་དོན་ཞིག་རེད། ཡིན་ནའང་ཕྱི་ལོ་ ༢༠༠༦ གི་ལོར་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱ་དམར་ཞེས་ལབ་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད། ད་ལྟའི་གནས་སྐབས་སུ་རྒྱ་དམར་གྱི་རྗེས་ཤུལ་ཙམ་ཡང་ལྷག་མེད། ཁོང་ཚོས་མིང་ཙམ་དུ་ད་དུང་ཡང་དམར་ཤོག་ཚོགས་པ་ཞེས་བརྗོད་ཀྱི་ཡོད་ནའང༌། དོན་དངོས་མ་རྩའི་རིང་ལུགས་ཀྱི་ཚད་མཐོ་ཤོས་ཁྲོམ་རྭའི་རིང་ལུགས་དང་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ལ་མདུན་བསྐྱོད་བྱེད་མཁན་གྱི་སྲིད་དོན་ཚོགས་པ་ཞིག་ལ་ད་དུང་དམར་པོ་ཞེས་ལབ་པ་ཡིན་ན་དེ་ནི་དངོས་དོན་གྱི་སྤྲེལ་ལད་དང་རྫུན་གཏམ་ཞིག་རེད། མཚོན་བྱེད་གསུམ་གྱི་ལྟ་གྲུབ་བྱུང་བ་ནས་བཟུང་བཟོ་པ་དང༌། ཞིང་པ། དབུལ་པོའི་གྲལ་རིམ་བཅས་པ་སྣང་མེད་དུ་བཞག་ནས་མ་རྩའི་བདག་པོ་དང༌། ས་བདག་གྲལ་རིམ་དང་བཅས་པའི་མཉམ་དཔུང་པ་མཉམ་བཤིབ་ཀྱིས་འགྲོ་མཁན་གྱི་སྲིད་དོན་གྱི་ཚོགས་པ་ཞིག་ལ་ད་དུང་ང་ཚོས་ཨུ་ཚུགས་བརྒྱབས་ནས་དམར་པོ་རེད་ཅེས་ལབ་ན་ཕན་ཐོགས་གང་ཡོད་དམ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལམ་སྲོལ་དང་མི་མཐུན་པར་བཙན་དབང་གི་ཐོག་ནས་པཎ་ཆེན་ཡང་སྲིད་ཡིན་ཞེས་མི་གཅིག་ངོས་འཛིན་བྱས་ཡོད་པ་རེད། ཡིན་ནའང་དེ་འདྲའི་ངོས་འཛིན་བྱས་པའི་གང་ཟག་དེ་བོད་པའི་ཕྲུ་གུ་ཞིག་ཡིན་པ་མ་ཟད་པཎ་ཆེན་འོས་སྤྲུལ་གྱི་གྲས་ལ་ཡོད་པ་ཞིག་ཀྱང་རེད། བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་འགྲིགས་ཆགས་བྱུང་བའི་སྐབས་སུའང་ད་ལྟ་རྒྱ་མིས་པཎ་ཆེན་དུ་བཏགས་པའི་བོད་ཕྲུག་དེའི་འགྲོ་སྟངས་ཤིག་བཟོ་དགོས་ཀྱི་རེད། འགྲོ་སྟངས་བཟོ་ཕྱོགས་ཀྱང་འདས་པའི་བྱུང་རབས་དང་མཐུན་པ་ཞིག་གི་ཐོག་ནས་བཟོ་དགོས་ཀྱི་རེད། པཎ་ཆེན་གཉིས་དང་རྒྱལ་བ་གཉིས་བྱུང་བ་ད་རེས་དང་པོ་མ་རེད། དེ་སྔོན་ཡང་བྱུང་མྱོང་བ་ཞིག་རེད། འབྱུང་འགྱུར་གྱི་ཡོང་སྲིད་པའི་གནས་ཚུལ་རྣམས་ད་ལྟ་ནས་འཆར་སྣང་དུ་ཡོད་པ་བྱས་ཏེ་གོ་སྒྲིག་ཅིག་མ་བྱུང་ན་སྐབས་མཚམས་སུ་དཀའ་ངལ་འཕྲད་སྲིད་པ་རེད། གཞན་ཡང་བོད་རིགས་ན་གཞོན་ཞིག་གི་བསམ་བློའི་ནང་བོད་པའི་སྤྱི་ཚོགས་ཀྱིས་སྡང་ཟུག་དང་བརྙས་སྨོད་ཤུགས་ཆེ་བྱས་པའི་ཚོར་སྣང་ཞིག་སྤྲད་པ་ཡིན་ན་དེས་སུ་ལ་ཕན་སུ་ལ་གནོད་བསམ་ཞིབ་གནང་དགོས་པ་ཞིག་རེད། ལྷག་པར་རྒྱལ་སྤྱིའི་ནང་གཞུང་འབྲེལ་གྱི་ཡིག་ཆ་ཁག་གི་ལམ་ནས་གནས་ཚུལ་དེ་ཚོ་ཁྱབ་པ་ཡིན་ན་འབྱུང་འགྱུར་བརྐྱང་རྐུམ་བྱེད་མི་བདེ་བ་ཡོང་སྲིད་པ་རེད། དེ་ལྟའི་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་གཞུང་གི་ཡིག་ཆ་ཁག་གི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་ཤུགས་ཀྱིས་བསྐོས་པའི་པཎ་ཆེན་དང༌། པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཞེས་ཞུ་བ་མ་གཏོགས། པཎ་ཆེན་ངོ་མ་དང༌། པཎ་ཆེན་རྫུན་མ་ཞེས་ཞུས་ན་འོས་ཤིང་འཚམས་པ་དང༌། ཡ་རབས་བཟང་སྤྱོད་ཀྱི་གནས་བབ་དང་མཐུན་པ་ཞིག་མི་ཡོང་བར་མཐོང་ནས་ལམ་སྟོན་བྱས་པ་རེད།
ཆོལ་ཁ་གསུམ་གྱི་ཐ་སྙད་ལ་འགྱུར་བ་བཏང་བ་ཡིན་ན་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཀྱི་རེད་སོགས་མང་པོ་ཞིག་གསུངས་པ་དེ་དག་མཚན་ཉིད་པའི་ཁ་སྐད་དུ། ཕྱོགས་སྔའི་ནམ་མ་ལངས་གོང༌། དགག་པའི་ཉི་མ་ཤར་ཟེར་བ་དེ་རེད། ང་ཚོས་ཆོལ་ཁ་གསུམ་ལ་ཆོལ་ཁ་གསུམ་ཞེས་མ་ལབ་ཅེས་ནམ་ཡང་བཤད་མེད། རྨི་ལམ་གྱི་ནང་དུའང་ཡོད་པ་མ་རེད། ལམ་སྟོན་གྱི་ནང་ཡོད་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མི་རིགས་ས་གནས་རང་སྐྱོང་གི་རྩོད་གླེང་བྱེད་པའི་སྐབས་ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དགོས་ཞེས་བརྗོད་རྒྱུའི་ཚབ་ཏུ་བོད་རིགས་ཡོངས་སུ་རྫོགས་པར་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དགོས་ཞེས་བརྗོད་དགོས་ཞེས་བཤད་པ་རེད། དེ་འདྲའི་གནས་ཚུལ་དེ་གྲོས་ཚོགས་ལ་ཞུ་དགོས་པ་དང༌། ཆོལ་ཁ་གསུམ་གྱི་མིང་ལ་དོ་ཕོག་ཕྱིན་པའི་གནས་སྟངས་གཏན་ནས་ཡོད་མ་རེད་ཅེས་ནན་ཏན་ཞུ་འདོད་བྱུང༌། ཐ་སྙད་གཞན་པ་ཚོར་གང་ཡང་བཀའ་གནང་མི་འདུག དེ་མིན་བཀའ་ཤག་དང་འབྲེལ་བ་ཡོད་པའི་གྲས་ལས་བྱེད་བླང་དོར་སྒྲིག་གཞི་འགྱུར་བ་ཕྱིན་ཡོད་མེད་དང༌། རང་ཁོངས་ལས་བྱེད་རྣམས་ལ་བགྲེས་ཡོལ་དང་ཕྲུ་གུ་སློབ་འཇུག་གི་ཐོབ་ཐང་སྤྲད་ཡོད་མེད། གསུམ་དུས་ཀྱི་གསུང་འཕྲིན་གཅིག་མ་གཏོགས་གསུམ་མ་དགོས་པ་སོགས་གནས་ཚུལ་ཁ་ཤས་ཤིག་འདུག ལས་བྱེད་བླང་དོར་སྒྲིག་གཞི་འགྱུར་བ་ཐེངས་མང་ཕྱིན་ཡོད། ད་ལྟའི་གནས་སྐབས་སུའང་ལས་བྱེད་བླང་དོར་སྒྲིག་གཞི་བསྐྱར་བཅོས་མང་ཙམ་ཞིག་བྱས་པ་དེ་དག་གཞུང་ཞབས་འདེམས་ལྷན་ལ་རིང་མིན་འབུལ་རྩིས་ཡིན། བླང་དོར་སྒྲིག་གཞིས་དབུས་ཀྱི་རང་ཁོངས་ལས་བྱེད་རྣམས་ལའང་ཁྱབ་དགོས་པའི་འཛིན་སྐྱོང་བཀོད་ཁྱབ་བཏང་ཟིན་པ་རེད། རང་ཁོངས་ལས་བྱེད་པར་དམིགས་བསལ་ཕོགས་མེད་གུང་སེང་དང༌། ཕྲུ་གུ་སློབ་འཇུག བགྲེས་ཡོལ་ཐོབ་ཐང་བཅས་པར་གཞུང་ཞབས་བླང་དོར་སྒྲིག་གཞིས་ཁྱབ་ཀྱི་མེད་པ་དང༌། དེ་བཞིན་ཁོང་ཚོའི་གནས་སྤར་བྱེད་ཕྱོགས་ཀྱང་བླང་དོར་སྒྲིག་གཞི་དང༌། གཞུང་ཞབས་འདེམས་ལྷན་སྒྲིག་གཞིས་མ་ཁྱབ་པར་ལྷག་ཡོད། དེ་ཚོའི་ཆེད་ཉེ་ཆར་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱིས་ཞིབ་འཇུག་བྱས་ཏེ་སྙན་ཐོ་བཀའ་ཤག་ལ་ཕུལ་ཟིན། ད་ལྟའི་བཀའ་ཤག་གི་ལས་ཡུན་མ་རྫོགས་གོང་དེའི་སྐོར་གཏན་འབེབས་ཐག་གཅོད་ཐུབ་རེ་ཡིན།
ཡང་ཨ་རིར་གཞིས་བསྐྱོད་ལས་གཞིའི་སྐོར་གསལ་པོ་བཟོ་དགོས་ཞེས་བཀའ་གནང་བའི་ཐད། ཉེ་སྔོན་དྲི་བ་དྲིས་ལན་གྱི་སྐབས་ཞིབ་རྒྱས་ཞུས་ཟིན་པ་ཡིན་པས་བསྐྱར་ཟློས་ཞུ་རྒྱུ་མིན།
ཡང་བཀའ་ཤག་ངེས་མེད་སྡེ་ཚན་གྱི་སྐོར་གསལ་བཤད་དགོས་ཞེས་བཀའ་གནང་སོང་བའི་ཐད། བཀའ་ཤག་ངེས་མེད་སྡེ་ཚན་ཁོངས་ཚན་པ་གསུམ་ཡོད། ༡༽ ལོ་རྒྱུས་འབྲི་རྩོམ་ཚན་པ། ༢༽ ངེས་མེད་ཚན་པ། ༣༽ གནས་སྐབས་བཀོད་བསྒྲིགས་ཚན་པ་བཅས་རེད། ལོ་རྒྱུས་འབྲི་རྩོམ་གྱི་ཚན་པ་དེ་གཏན་འཇགས་ཀྱི་ཚན་པ་ཞིག་རེད། དེའི་ནང་ཕྱི་ལོ་ ༡༩༥༩ ཚུན་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་རྩོམ་སྒྲིག་དང་དེའི་རྒྱུ་ཆ་འཚོལ་ཞིབ་བྱེད་ཀྱི་ཡོད། ངེས་མེད་ཚན་པ་ནི་དམིགས་བསལ་ཛ་དྲག་ལས་དོན་གང་བྱུང་ཐོག་བཀོལ་རྒྱུ་དང༌། གནས་སྐབས་བཀོད་བསྒྲིགས་སྡེ་ཚན་ཞེས་པ་ལས་བྱེད་ས་གནས་གཅིག་ནས་ལས་ཐོན་གྱིས་ས་གནས་གཞན་དུ་བཀོད་བསྒྲིགས་མ་ཐུབ་པར་བར་བརྒལ་གྱི་བཀོད་བསྒྲིགས་བྱ་ཡུལ་ཞིག་རེད། བཀའ་བློན་དང་འགལ་ཟླ་བྱུང་བ་ཡིན་ན་ངེས་མེད་དུ་སླེབས་ཀྱི་རེད་ཅེས་པ་ང་ཚོས་གོ་ཡང་མ་སོང་ལ། བདེན་པ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། གལ་སྲིད་བདེན་པ་ཡིན་ན་བཀུར་འོས་སྤྱི་འཐུས་ཀྱིས་སྤོམ་བཤད་མ་གནང་བར་ལས་བྱེད་འདི་དང་འདི་བཀའ་བློན་བྱེ་བྲག་པ་འདི་དང་འདི་མཉམ་འགལ་བ་བྱུང་བའི་དབང་གིས་དུས་ཚེས་འདི་ལ་ངེས་མེད་སྡེ་ཚན་དུ་སླེབས་པ་རེད་ཅེས་གསལ་པོ་གསུངས་པ་ཡིན་ན་བདེན་པ་ཡིན་མིན་ཞིབ་འཇུག་བྱེད་ཆོག་གི་རེད། དེ་མིན་སྤྱི་སྤོམ་ཙམ་བཀའ་གནང་བ་ཡིན་ན་ང་ཚོས་ཀྱང་སྤྱི་སྤོམ་གྱིས་དེ་འདྲ་རྩ་བ་ནས་མ་རེད་ཅེས་ཞུ་རྒྱུ་ཡིན།
གོང་དུ་ཐ་སྙད་གཅིག་གྱུར་སྐོར་དོན་ཚན་གཉིས་ཞུ་རྒྱུ་ལུས་འདུག དགོངས་སེལ་དང་སྦྲགས་ད་ལྟ་ཞུ་ཆོག་པ་ཞུ་རྒྱུ་ཡིན། རྒྱ་གར་གྱི་ཡིག་ཆ་རྙིང་པ་ཚོའི་ནང་དབུས་གཙང་ལ་བོད་དང༌། མདོ་སྟོད་སྨད་ལ་བོད་ཆེན་པོ་ཞེས་འབྲི་སྲོལ་ཡོད་འདུག དེ་ནི་རྒྱ་གར་ནས་ཐག་རིང་ཐུང་གི་དབང་གིས་སྦྱར་བའི་ཐ་སྙད་ཅིག་རེད། དེ་ལ་བརྟེན་ནས་བོད་སྐད་དུ་མདོ་སྟོད་སྨད་ཀྱི་རྩོམ་པ་པོ་ཚོས་ཀྱང་བོད་ཆེན་པོ་ཞེས་འབྲི་སྲོལ་བྱུང་བ་རེད། ཡིན་ནའང་དེང་སྐབས་བོད་ཆེན་པོ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་ལོག་པ་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ཚོས་བོད་ཆེན་པོ་དགོས་ཟེར་གྱི་འདུག བོད་ཆེན་པོ་ཞེས་པ་དེ་ལོ་རྒྱུས་ཀྱི་ནང་བྱུང་མ་མྱོང་བ་ཞིག་རེད་ཅེས་གསུང་གི་ཡོད་པ་རེད། དེ་ལ་ང་ཚོའི་ངོས་ནས་བོད་ཆེ་ཆུང་གི་སྐད་ཆ་གང་ཡང་བཤད་ཀྱི་མེད། བོད་ཅེས་པ་གཅིག་རང་རེད། ཆེ་ཆུང་གང་ཡང་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཡོད་པའི་གྲངས་ཉུང་མི་རིགས་ ༥༥ ནང་ནས་བོད་པ་ཞེས་པ་དེ་གྲངས་ཉུང་མི་རིགས་གཅིག་རེད། དེ་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་ཟེར་བ་མ་གཏོགས། བོད་ཆེ་ཆུང་གི་སྐད་ཆ་བཤད་ཀྱི་མེད་ཅེས་ལན་འདེབས་བྱེད་ཀྱི་ཡོད། དེར་བརྟེན་བོད་ཡོངས་རྫོགས་ཀྱི་སྐད་ཆ་བཤད་པའི་སྐབས་ང་ཚོས་བོད་དང་བོད་ཆེན་པོ་ཞེས་པའི་ཐ་སྙད་བེད་སྤྱོད་མ་བྱས་པ་ཡིན་ན་ཆབ་སྲིད་དང་ཁྲིམས་མཐུན་གྱི་ཐོག་སྟབས་བདེ་བ་ཡོང་གི་རེད་བསམས་ནས་ལམ་སྟོན་བྱས་པ་རེད།
དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ཚོས་རྩ་ཁྲིམས་ནང་མ་གསལ་བའི་ཚད་མཐོ་བའི་རང་སྐྱོང་དགོས་གྱི་འདུག་ཅེས་བཤད་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་ཚད་མཐོ་མིན་སྐད་ཆ་གང་ཡང་བཤད་ཀྱི་མེད། མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་གྱི་ཡོད་ཅེས་ལན་འདེབས་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྗོད་གཏམ་ལ་ང་ཚོའི་ངོས་ནས་ལན་ཚད་ལྡན་ཐེབས་པ་ཞིག་དགོས་ཀྱི་ཡོད་སྟབས་བོད་ཆེན་པོ་དང༌། ཚད་མཐོ་བའི་རང་སྐྱོང་གི་རེ་འདུན་བྱེད་ཀྱི་མེད་པར་བོད་རིགས་ཡོངས་སུ་རྫོགས་པ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་བཏོན་གྱི་ཡོད་ཅེས་གསལ་བཤད་བྱས་པ་བཞིན་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་དུའང་ཐ་སྙད་གཅིག་གྱུར་བེད་སྤྱོད་བྱེད་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ལོ་གཉིས་རེའི་མཚམས་སུ་ལས་འབོར་ཉམས་ཞིབ་བྱེད་ཀྱི་ཡིན་ཞུས་སོང་བས། ལས་འབོར་ཉམས་ཞིབ་བྱས་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། ཐོག་མའི་ལོ་གཉིས་ཀྱི་མཚམས་ལས་འབོར་ཉམས་ཞིབ་བྱས་མ་ཐུབ་པའི་དབང་གིས་སྒྲིག་འཛུགས་བསྐྱར་བཅོས་བྱས་པ་རེད། སྒྲིག་འཛུགས་བསྐྱར་བཅོས་ཀྱི་བཀོད་ཁྱབ་བཏོན་པ་དེ་ནས་ལོ་གཉིས་ཀྱི་ཐོག་ལས་འབོར་ཉམས་ཞིབ་བྱེད་ཀྱི་ཡིན་ཞེས་སྔོན་མ་ནས་ཞུས་ཡོད། འདི་ལོའི་ལོ་མཇུག་དང༌། རྗེས་ལོའི་ལོ་མགོར་ལོ་གཉིས་ཚང་སྟེ་སྐབས་དེར་ལས་འབོར་ཉམས་ཞིབ་ཞུ་རྒྱུ་ཡིན། ད་ལྟ་ལས་བྱེད་གསར་བསྐོ་ཚང་མ་སྒྲིག་འཛུགས་བསྐྱར་བཅོས་སྐབས་ཡོད་པའི་ས་མིག་ཚོའི་ཐོག་ཏུ་རེད་མ་གཏོགས། ལས་འབོར་ཉམས་ཞིབ་བྱས་པའི་རྗེས་ཀྱི་ལས་བྱེད་གསར་བསྐོ་མ་རེད། ད་ལྟའི་ས་མིག་རྣམས་ཆ་ཚང་བཀང་ཟིན་པའི་རྗེས་བཀའ་ཤག་སྐབས་བཅུ་གསུམ་པས་ལས་འབོར་ཉམས་ཞིབ་ངེས་པར་དུ་གནང་གི་རེད་བསམ་གྱི་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བཀའ་བློན་ཁྲི་པའི་འགན་དབང་སྐོར་བཅའ་ཁྲིམས་བསྐྱར་བཅོས་དགོས་པ་དང༌། ད་ལྟའི་བཀའ་ཤག་གི་ལས་ཡུན་རྫོགས་མཚམས་སུ་བཅའ་ཁྲིམས་བསྐྱར་བཅོས་བྱེད་ཀྱི་ཡིན་ཞེས་ཞུས་སོང་ཡང༌། ད་བར་བྱས་མ་སོང༌། གང་ཡིན་ནམ་ཞེས་བཀའ་གནང་ཐད། སྔོན་མ་དེ་འདྲ་ཞུས་ཡོད་ཀྱི་རེད། ང་ཚོའི་ལས་ཡུན་འགོ་འཛུགས་སྐབས་བསྐྱར་བཅོས་བྱེད་རྒྱུ་འོས་འཚམས་མ་མཐོང་བའི་དབང་གིས་ལས་ཡུན་རྫོགས་མཚམས་བྱེད་རྒྱུ་ཡིན་ཞེས་ཞུས་ཡོད་རུང༌། ད་ལྟ་ང་ཚོས་བསྐྱར་བཅོས་གྲོས་འཆར་མ་ཕུལ་བའི་རྒྱུ་མཚན་གཉིས་བྱུང་སོང༌། དང་པོ་ད་ལྟའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འདིའི་ནང་ནས་བཀའ་བློན་ཁྲི་པས་ལས་དོན་ཆ་ཚང་བྱས་མ་ཐུབ་པའི་འགོག་རྐྱེན་ཆེན་པོ་ཡོད་པ་ཞིག་འདས་པའི་ལོ་བཞིའི་ནང་ཚོར་སྣང་ཤུགས་དྲག་གང་ཡང་མ་བྱུང༌། གཉིས་པ་གལ་ཏེ་གྲོས་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་དགོས་གལ་ཡོད་པ་ཞིག་གཟིགས་པ་ཡིན་ན་སྤྱི་འཐུས་རྒྱུན་ལས་ནས་གཞུང་འབྲེལ་བསྐྱར་བཅོས་གྲོས་འཆར་བཏོན་གནང་མཛད་དགོས་པ་ཞིག་རེད། འཛིན་སྐྱོང་གིས་སོ་སོའི་དབང་ཚད་ཀྱི་སྐོར་སོ་སོས་བསྐྱར་བཅོས་གྲོས་འཆར་ཕུལ་བ་ཡིན་ན་འདྲ་ཆགས་པོ་ཞིག་མཐོང་མ་སོང༌། དགོས་གལ་ཡོད་ན་གྲོས་ཚོགས་ཀྱིས་ངེས་པར་གནང་གི་རེད་བསམས་ནས་མ་ཕུལ་བ་ཡིན།
ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་ཨ་རིར་གཞིས་བསྐྱོད་མིང་ཐོ་བསྡུ་རྒྱུའི་སྐོར་དངུལ་བསྡུ་ལེན་བྱེད་མཁན་དེ་འདྲ་བྱུང་ཡོད་པ་འདྲ། དེ་ཚོ་བཀག་བསྡོམས་མ་བྱས་པ་གང་རེད། དེ་བཞིན་བཙོན་ཟུར་ཕྱི་ཕྱོགས་སུ་གཏོང་སྟངས་ག་འདྲ་རེད་ཅེས་བཀའ་གནང་སོང༌། ཨ་རིར་གཞིས་བསྐྱོད་སྐོར་ང་ཚོས་གྲོས་ཚོགས་ནང་དང༌། དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་ལ་ཡིག་ཆུང་དང༌། ལྷག་པར་གསར་འགྱུར་བརྒྱུད་ལམ་ཚང་མའི་ནང་ད་ལྟ་མིང་ཐོ་བསྡུ་རྒྱུའི་དུས་སུ་མ་སླེབས་པས་མིང་ཐོ་སྡུད་མཁན་ཡོད་ན་དེ་ཚོ་ལ་དབུ་མ་འཁོར་བ་དགོས་ཞེས་ ༢༠༠༥ ཕྱི་ཟླ་ ༡༠ པ་ནས་ཡོངས་ཁྱབ་གསལ་བསྒྲགས་བཏང་ཡོད། གསལ་བསྒྲགས་བཏང་བའི་རྗེས་ད་དུང་མགོ་སྐོར་ཐེབས་རྒྱུར་དང་བླང་གནང་བ་ཡིན་ན། ང་ཚོར་བྱེད་ཐབས་གང་ཡང་མི་འདུག བཙོན་ཟུར་འདེམས་སྒྲུག་ཐད་ང་ཚོས་དན་རྟགས་ཡིག་ཆ་དང་དཔང་པོ་སོགས་ཞིབ་ནན་གྱི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད། གལ་སྲིད་འདེམས་སྒྲུག་བྱེད་སྟངས་ནོར་ཡོད་ན། འདི་དང་འདི་འདྲ་བ་ཞིག་ནོར་འདུག་ཅེས་མཛུབ་སྟོན་གནང་བ་ཡིན་ན། ཞིབ་འཇུག་དང་ནོར་བཅོས་ཞུ་རྒྱུ་ཡིན། བཀའ་ཤག་དང་འབྲེལ་བའི་གནས་ཚུལ་དེ་ཙམ་ཞིག་ཡིན་པ་འདྲ། གལ་སྲིད་འཚེམས་ལུས་གྱུར་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན།
དེ་རྗེས་ནང་སྲིད་དང་འབྲེལ་བའི་དྲི་བ་རྣམས་ལ་གསལ་བཤད་ཞུ་རྒྱུར། བཀུར་འོས་སྤྱི་འཐུས་གཅིག་གིས་མཉམ་འབྲེལ་ཁག་གི་མཉམ་དྲུང་དམིགས་བསལ་སྦྱོང་བདར་སྤྲད་ནས་བཏང་བ་དེ་ཚོ་ཟླ་བ་གསུམ་ཙམ་སོང་མཚམས་རྩ་དགོངས་ཞུ་མཁན་དེ་འདྲ་བྱུང་འདུག དེ་ཚོ་རྩ་དགོངས་ཞུ་ཆོག་གི་ཡོད་དམ། མ་འོངས་པར་དཀའ་ངལ་འདི་རིགས་འཕྲད་པ་ཡིན་ན། གཞུང་གིས་གཟིགས་རྟོག་གནང་རྒྱུའི་དགོངས་ཚུལ་ཡོད་དམ་ཞེས་བཀའ་འདྲི་གནང་སོང༌། འདིའི་སྐོར་ཐོག་མ་སྙན་གསན་ཞུ་རྒྱུ་ཞིག་ལ། མཉམ་འབྲེལ་ཟེར་བ་དེ་ཁྲིམས་ཐོག་ནས་ཁེ་ཕན་དང༌། སྲུང་སྐྱོབ་མང་པོ་ཡོད་པའི་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་དམིགས་བསལ་བ་ཞིག་རེད། སྒྲིག་འཛུགས་དེ་ལ་ཁེ་ཕན་མ་གཏོགས་གྱོང་གུན་ཡོད་དགོས་པའི་རྒྱུ་མཚན་མེད་པ་ཞིག་རེད། ཡིན་ནའང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་མང་ཆེ་བ་ལོ་ནས་ལོ་བསྟུད་གྱོང་གུན་ལ་ཕྱིན་པ་དང༌། ཁ་ཤས་འགྲོ་སྟངས་མ་ཤེས་པར་གཞུང་གིས་དགོས་དངུལ་སྤྲད་དགོས་པ་དེ་འདྲ་འདས་པའི་ལོ་ཞེ་གྲངས་རིང་མུ་མཐུད་བྱུང་འདུག བཀའ་ཤག་སྐབས་བཅིུས་པས་གཞིས་ཆགས་བརྟན་ལྷིང་ཡོད་ཆེད་མཉམ་འབྲེལ་སྲ་བརྟན་བཟོ་རྒྱུ་དེ་མེད་དུ་མི་རུང་བའི་གནད་འགག་ཅིག་ཡིན་པར་མཐོང་སྟེ་དེའི་སྐོར་ཉམས་ཞིབ་བྱས་པ་ཡིན། མཉམ་འབྲེལ་ཉམས་ཆག་འགྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་མཉམ་དྲུང་གིས་མཚོན་པའི་མཉམ་འབྲེལ་གྱི་ལས་བྱེད་རྣམས་མཉམ་འབྲེལ་གྱི་ཁྲིམས་དང་སྒྲིག་གཞིའི་ཐོག་སྦྱོང་བདར་མེད་པ་དང༌། མ་ཤེས་པའི་དབང་གིས་ཚགས་ཚུད་མ་བྱུང་བ་རེད་འདུག དེ་འདྲ་སོང་ཙང་མཉམ་འབྲེལ་ཡོངས་རྫོགས་ལ་མཉམ་དྲུང་མཉམ་འབྲེལ་གྱི་སྦྱོང་བདར་མེད་པའི་གཞུང་ཞབས་ལ་བརྟེན་མི་དགོས་པར་སྒྲིག་གཞི་གཞིར་བཟུང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སོ་སོས་བསྐོ་གཞག་དང༌། བཏང་འཛིན་བྱེད་དགོས་པ་དང༌། དེ་འདྲ་ཡོང་ཆེད་འོས་མིག་བཅུ་དྲུག་ཙམ་ཞིག་ལ་དམིགས་བསལ་ལོ་གཅིག་གཞུང་གི་འགྲོ་གྲོན་ཐོག་སློབ་སྦྱོང་དུ་བཏང་སྟེ་རྒྱུགས་སྤྲོད་ཐོན་པ་རྣམས་མཉམ་འབྲེལ་སོ་སོར་བགོ་བཤའ་བརྒྱབས་པ་རེད། ཁོ་ཚོར་ལས་དོན་དང་འབྲེལ་བའི་ཆེད་སྦྱོང་ཡོད་པ་དང༌། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ལ་ཐད་ཀར་འགན་འཁྱེར་དགོས་པའི་ཆ་ནས་ནམ་ཕུགས་ཕན་ཐོགས་ཆེ་བར་ཡོང་བའི་རེ་བ་བྱས་པ་རེད། དེ་བཞིན་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའང་ས་གནས་འགོ་འཛིན་གྱི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བྱེད་རྒྱུ་མ་ཡིན་པར་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རང་ཁོངས་ནས་ཁྲིམས་མཐུན་འོས་འདེམས་བྱེད་དགོས་པའི་ལམ་སྟོན་བྱས་པ་རེད། དེ་བཞིན་སློབ་སྦྱོང་ཐོན་པའི་མཉམ་དྲུང་དེ་ཚོ་མཉམ་འབྲེལ་སོ་སོར་བསྐོ་གཞག་གནང་རྒྱུའི་ཆེད་དུ་བགོ་བཤའ་བརྒྱབས་ཡོད། དེ་ཚོའི་གྲས་ནས་ཟླ་བ་གསུམ་ཙམ་རྗེས་དགོངས་པ་ཞུ་མཁན་བྱུང་བ་གོ་ཐོས་བྱུང༌། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་བསྐོ་གཞག་གནང་བའི་མཉམ་འབྲེལ་གྱི་ལས་བྱེད་པ་ཡིན་སྟབས་དགོངས་པ་ཁྲོལ་དང་མ་ཁྲོལ་མཉམ་འབྲེལ་སོ་སོའི་སྒྲིག་གཞི་གཞིར་གཟུང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་རང་གིས་ཐག་གཅོད་གནང་རྒྱུ་མ་གཏོགས། གཞུང་གི་ངོས་ནས་ཆོག་དང་མི་ཆོག་གི་བཏང་འཛིན་བྱ་ཡུལ་མེད་པ་རེད། མཉམ་དྲུང་དམིགས་སྒོ་དེ་ཚོ་ཐོག་མར་སྦྱོང་བདར་གཏོང་སྐབས་སྦྱོང་བདར་ཐོན་རྗེས་ལས་ཀ་སྤྲད་རྒྱུའི་འགན་ལེན་བྱས་ཡོད་མ་རེད། གང་ཡིན་ཟེར་ན། བསྐོ་གཞག་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སོ་སོས་གནང་རྒྱུ་ཡིན་སྟབས། གཞུང་གི་ངོས་ནས་ཁོ་ཚོ་བསྐོ་གཞག་ཡོང་བའི་འགན་ལེན་བྱེད་ཐབས་མེད་པ་ཞིག་རེད། དེ་འདྲ་སོང་ཙང་ཁོ་ཚོའི་ངོས་ནས་ཀྱང་སློབ་སྦྱོང་ཐོན་རྗེས་དུས་ཚོད་ངེས་ཅན་ཞིག་མཉམ་འབྲེལ་གྱི་ལས་ཀ་བྱེད་དགོས་པའི་གན་རྒྱའང་ལེན་ཡོད་མ་རེད། བྱས་ཙང་གཞུང་གི་ངོས་ནས་ཁོ་ཚོ་དགོངས་པ་ཞུ་མི་ཆོག་ཅེས་ལབ་རྒྱུའི་ཆ་རྐྱེན་གང་ཡང་མེད་པ་རེད། མཉམ་འབྲེལ་ཁག་ལ་དཀའ་ངལ་འཕྲད་པ་ཡིན་ན་གཞུང་གིས་ལྟ་རྟོག་བྱེད་རྒྱུ་ཡིན་པ་ནི་སྨོས་མེད་རེད། ད་ལྟའང་མཉམ་འབྲེལ་ཁག་ལ་གཞུང་ཞབས་བཏང་བ་ཇི་སྙེད་ཅིག་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་མཉམ་འབྲེལ་ཞེས་པ་རང་སྐྱོང་གི་སྡེ་ཚན་ཞིག་ཡིན་ཙང་རྒྱུན་དུ་གཞུང་གི་ཐོག་བསྙེས་བརྒྱབས་ཏེ་མ་བསྡད་པར་རང་འགོ་ཐོན་པ་ཞིག་ཡོང་བའི་ཆེད་དུ་གཞུང་ཞབས་ཕྱིར་འཐེན་བྱས་པ་མ་གཏོགས། ཁོ་ཚོ་དཀའ་ངལ་ཡོང་བའི་ཆེད་དུ་མིན་པ་ནི་ཧ་ཅང་གསལ་པོ་རེད། ད་ལྟ་མཉམ་དྲུང་ཟླ་བ་གསུམ་ནས་དགོངས་པ་ཞུས་པའི་མཉམ་འབྲེལ་དེས་དཀའ་ངལ་ཡོད་ལུགས་དང༌། ལས་བྱེད་དགོས་ལུགས་ད་བར་ནང་སྲིད་ལ་ཞུས་རིགས་བྱུང་མ་སོང༌།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་གཞིས་ཆགས་ཆེ་ཁག་མཉམ་འབྲེལ་སྒྲིག་འཛུགས་ཡོད་པ་དེ་ཚོ་སྤྱི་མཐུན་མཉམ་འབྲེལ་གྱི་ཁོངས་སུ་ཚུད་ཡོད་རེད། གཞིས་ཆགས་ཆུང་ཁག་མཉམ་འབྲེལ་མེད་མཁན་ཚོའི་ཆེད་དུ་ལས་གཞི་གང་སྤེལ་གྱི་ཡོད་ཅེས་བཀའ་གནང་འདུག གཞིས་ཆགས་ཆུང་ཁག་དེ་ཚོའང་སྤྱི་མཐུན་མཉམ་འབྲེལ་གྱི་ཁོངས་ཕེབས་འདོད་ཡོད་ན། སོ་སོའི་གཞིས་ཆགས་སུ་མཉམ་འབྲེལ་གསར་འཛུགས་གནང་ཆོག་གི་རེད། གསར་འཛུགས་གནང་མཁན་ཡོད་ན་གཞུང་གི་ངོས་ནས་མཐུན་འགྱུར་གང་དགོས་ཞུ་རྒྱུ་ཡིན། མཉམ་འབྲེལ་མེད་ན་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་མི་ཆགས་ཐབས་མེད་པ་རེད། གཞིས་ཆགས་ཆུང་ཁག་གི་འཚོ་རྟེན་ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་ཐད་སྔོན་དུ་ཞུས་པ་ལྟར་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ཟིན་པའི་རྗེས་ང་ཚོས་འཆར་གཞི་གང་ཡོད་གསལ་བསྒྲགས་ཞུ་རྒྱུ་ཡིན།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བོད་མིའི་མཉམ་འབྲེལ་གྱི་གྲངས་སྐབས་རེས་ ༡༥ དང་སྐབས་རེས་ ༡༦ གསལ་གྱི་འདུག དངོས་གནས་གང་ཡིན་ནམ་ཞེས་བཀའ་གནང་སོང༌། གཞུང་གི་ངོས་ནས་བཙུགས་པའི་མཉམ་འབྲེལ་ད་ལྟ་སྤྱི་མཐུན་མཉམ་འབྲེལ་གྱི་ཁོངས་སུ་ཡོད་པ་གྲངས་ ༡༥ རང་རེད། སྐབས་རེས་ ༡༦ ཞེས་འཁོད་པ་དེ་འབྲས་ལྗོངས་པ་ཀོར་ནང་ཁུལ་དེའི་བོད་མིས་རང་འགུལ་གྱིས་བཙུགས་པའི་མཉམ་འབྲེལ་ཞིག་ཡོད་འདུག ཁོ་ཚོར་ཡང་མཉམ་འབྲེལ་འཛིན་སྐྱོང་གི་ཟབ་སྦྱོང་སོགས་ལ་སྤྱི་མཚུངས་གོ་སྐབས་ཕུལ་བ་རེད། དེ་འདྲ་སོང་ཙང་སྐབས་རེས་འབྲས་ལྗོངས་པ་ཀོར་མཉམ་འབྲེལ་བརྩིས་པའི་ ༡༦ ཆགས་པ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སྲོལ་རྒྱུན་སོ་ནམ་ལ་བསྒྱུར་རྒྱུའི་ཆེད་དམིགས་བསལ་དཀའ་ངལ་གང་བྱུང་ཡོད་དམ་ཞེས་བཀའ་གནང་བའི་ཐད། དཀའ་ངལ་ཆེ་ཤོས་ནི་ཞིང་པ་སོ་སོའི་བསམ་བློ་འགྱུར་བ་གཏོང་རྒྱུ་དེ་རེད། ཞིང་པའི་བསམ་བློ་འགྱུར་བ་ཕྱིན་པ་ཡིན་ན་དཀའ་ངལ་གཞན་གང་ཡང་ཡོང་གི་མི་འདུག
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ཨི་ཛི་རལ་དུ་སོ་ནམ་སྦྱོང་བདར་བཏང་བ་དེ་ཚོ་སྐྱེ་ལྡན་སོ་ནམ་གྱི་སྦྱོང་བདར་ཡིན་ནམ། ཁོང་ཚོ་ཚུར་འཁོར་ནས་སོ་ནམ་གྱི་ལས་ཀ་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་འདུག་པ་འདིའི་སྐོར་ཁ་སང་དྲི་བ་གཅིག་གི་ལན་དུ་ཞུས་ཟིན་པ་བཞིན་ཁོང་ཚོ་གླ་མིའི་ཆེད་འགྲོ་བ་མ་གཏོགས། སྦྱོང་བདར་ཆེད་འགྲོ་བ་མ་རེད། ཚུར་ལོག་ནས་སོ་ནམ་ལས་ཀ་བྱེད་དང་མི་བྱེད་ཅི་རིགས་ཤིག་རེད། མ་འོངས་པར་བཏང་ཐུབ་པ་ཡིན་ན་སྐྱེ་ལྡན་སོ་ནམ་གྱི་ཐོག་ལས་ཀ་འཐོབ་ཐབས་གཙོ་བོར་བྱེད་དགོས་པའི་རེ་འདུན་ཞུས་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ཀོ་ལི་སྒལ་སོ་ནམ་དཔེ་སྟོན་གཞིས་ཆགས་སུ་བསྒྱུར་བ་ཡིན་ཙང་ལས་གཞི་མང་པོ་སྤེལ་བ་རེད། གཞིས་ཆགས་གཞན་གྱི་ནང་དུའང་དེ་འདྲའི་ལས་གཞི་སྤེལ་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་གནང་བའི་ཐད། འཆར་གཞི་ངེས་པར་དུ་ཡོད། སྐྱེ་ལྡན་སོ་ནམ་གྱི་ལས་གཞི་སོ་ནམ་གཞིས་ཆགས་ཚང་མའི་ནང་ཆེ་ཆུང་ལ་མ་ལྟོས་པའི་ལག་བསྟར་བྱེད་བཞིན་པ་རེད། ཁ་སང་ཞུས་ཟིན་པ་ལྟར་སོ་ནམ་གཞིས་ཆགས་ཚང་མའི་ནང་སོ་ནམ་སློབ་སྟོན་པ་ཡོད་པ་དང༌། ཁོ་ཚོས་གང་ཐུབ་ཀྱིས་ལས་ཀ་བྱེད་ཀྱི་ཡོད་རེད། ང་ཚོའི་རེ་བ་ལ་དཔེ་སྟོན་གཞིས་ཆགས་ཀྱི་ལས་གཞི་ལམ་ལྷོང་བྱུང་ནས་ཡོང་འབབ་ཀྱི་གནས་ཚུལ་གསལ་པོ་ཆགས་པ་ཡིན་ན་གཞིས་ཆགས་གཞན་ཚང་མས་དེ་ལ་མིག་དཔེ་བལྟས་ཏེ་ལས་གཞི་ལམ་ལྷོང་ཡོང་གི་རེད་བསམ་གྱི་ཡོད། འདི་ལོ་སོ་ནམ་གཞིས་ཆགས་བཅིུས་ཀྱི་ནང་ས་ཆ་ཨེ་ཀར་ཁྱོན་བསྡོམས་ ༢༡༣༩་༩༥ ནང་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་སྤེལ་བཞིན་པ་ཡིན། གྲུབ་འབྲས་ཀྱང་མི་དམན་པ་ཡོང་གི་འདུག
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་ལ་བརྟེན་ནས་གཞིས་ཆགས་བརྟན་ལྷིང་ཐུབ་པ་ཡོང་གི་རེད་དམ་ཞེས་གསུངས་སོང༌། སྐྱེ་ལྡན་སོ་ནམ་གྱི་ལས་གཞི་ཚད་ལྡན་བྱས་པ་ཡིན་ན། དེ་ལ་བརྟེན་ནས་གཞིས་ཆགས་བརྟན་ལྷིང་ངེས་པར་དུ་ཡོང་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་དེང་སང་འཛམ་གླིང་ནང་སྐྱེ་ལྡན་སོ་ནམ་གྱི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པའི་གནས་སྐབས་ཤིག་རེད། དེང་སང་རྒྱ་གར་གཞུང་གིས་ལྗང་ཁུའི་གསར་བརྗེ་གཉིས་པ་ཞིག་བྱེད་དགོས་འདུག་ཟེར་བ་དེའང་སྐྱེ་ལྡན་སོ་ནམ་ལ་བརྟེན་ནས་ལྗང་ཁུའི་གསར་བརྗེ་གཉིས་པ་ཡོང་རེ་བྱེད་ཀྱི་ཡོད་རེད། ཉེ་བའི་ཆར་དབྱིན་ཇིའི་རྒྱལ་སྲས་ཅལ་སི་རྒྱ་གར་དུ་ཕེབས་རྒྱུ་དེའང་སྐྱེ་ལྡན་སོ་ནམ་གོང་འཕེལ་གཏོང་བའི་ཆེད་ཕེབས་པ་ཞིག་རེད། རྒྱ་གར་མངའ་སྡེ་མང་པོའི་ནང་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་པ་རེད། དངོས་གནས་བྱས་ན་ལོ་ཤས་སྔོན་ང་ཚོས་མདུན་བསྐྱོད་བྱ་རྒྱུའི་རེ་བ་ཞིག་བྱས་པ་རེད། འོན་ཀྱང་འདས་པའི་ལོ་བཞིའི་ནང་དེ་ཙམ་ནུས་ཤུགས་ཐོན་པ་མ་བྱུང་སྟབས། ད་ཆ་མདུན་བསྐྱོད་ཡོང་བཟོ་མི་འདུག་སྟེ། རྒྱ་གར་དང་མཉམ་བསྐྱོད་ཐུབ་པ་ཞིག་ངེས་པར་དུ་ཐབས་ཤེས་བྱེད་དགོས་ཀྱི་རེད། གང་ལྟར་སྐྱེ་ལྡན་སོ་ནམ་དང་འབྲེལ་བའི་ལས་གཞི་ཆ་ཚང་ཚད་ལྡན་ཞིག་བྱུང་ན་འཚོ་རྟེན་ཁུངས་འཁྱོལ་ངེས་ཡོང་རྒྱུར་ཡིད་ཆེས་གཙང་མ་ཡོད།
བཀུར་འོས་སྤྱི་འཐུས་ཤིག་གིས་མེའོ་ཆོས་འཕེལ་གླིང་དུ་སྐྱེ་ལྡན་ཇ་ཤིང་འདེབས་འཆར་ཡོད་ཚུལ་གོ་རྒྱུ་འདུག་ན། དངོས་འབྲེལ་ཡིན་མིན་དང༌། ད་ལྟ་གནས་སྟངས་ག་འདྲ་ཆགས་ཡོད་ཅེས་གསུངས་པའི་ཐད། དངོས་འབྲེལ་རེད། མེའོ་ཆོས་འཕེལ་གླིང་གཞིས་ཆགས་ཀྱི་མཐའ་སྐོར་དུ་ཞིང་ཁ་མ་བཏབ་པའི་ས་ཆ་གང་འཚམས་ཤིག་ལྷག་འདུག་པ་དེ་ཚོ་སྐྱེ་ལྡན་ཇ་ཤིང་འདེབས་ལས་ཆེད་བོགས་མ་བཏང་བ་ཡིན་ན་ཕྱོགས་གཅིག་ནས་ས་ཆར་བདག་བཟུང་ལྕགས་རི་སྐོར་ནས་སྲུང་སྐྱོབ་ཐུབ་རྒྱུ་དང༌། ཕྱོགས་གཞན་ཞིག་ནས་ལོ་ལྔ་དྲུག་རྗེས་གཞིས་མི་ཚོར་ཁེ་བཟང་གི་ཆ་ཤས་འཐོབ་རྒྱུའི་རེ་བ་ཡོད་པ་དང༌། དེའི་གོང་དུའང་གཞིས་མི་མང་པོ་ཞིག་ལ་ཇ་ཤིང་འདེབས་འཛུགས་ཀྱི་ལས་ཀ་འཐོབ་རྒྱུ་བཅས་ཀྱི་ཁེ་ཕན་ཡོད་པ་ཞིག་རེད། ད་ལྟ་ཇ་ཤིང་འདེབས་མཁན་དང་མཉམ་དུ་གཞག་རྒྱུའི་ཆོད་གན་གྱི་ཟིན་བྲིས་གཏན་འབེབས་བྱེད་བཞིན་པ་ཡིན། ཆོད་གན་བཞག་པའི་རྗེས་ལས་གཞི་འགོ་འཛུགས་ཐུབ་པའི་རེ་བ་ཡོད།
ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་ལ་དྭགས་བསོད་ནམས་གླིང་བརྒྱ་ཤོག་བརྒྱད་པ་དང་དགུ་པར་ཆུ་ལོག་དབང་གིས་སྟོན་ཉེས་བྱུང་བ་དེར་ནང་སྲིད་ནས་སྟོན་ཉེས་ཡིན་པར་ངོས་འཛིན་མ་གནང་ནས་གུན་གསབ་ཐོབ་མི་འདུག འབྱུང་འགྱུར་ཆུ་ལོག་སྔོན་འགོག་ཆེད་ཆུ་རགས་བརྒྱབ་རྩིས་ཡོད་དམ་མེད་ཅེས་བཀའ་འདྲི་གནང་འདུག ཆུས་འཇིག་པ་བྱུང་དུས་ཆུ་ལོག་གི་གུན་གསབ་མ་གཏོགས། སྟོན་ཉེས་གུན་གསབ་ཐོབ་ཀྱི་མ་རེད། སྟོན་ཉེས་གུན་གསབ་ཀྱི་སྒྲིག་གཞིའི་འོག་ཁོང་ཚོར་གུན་གསབ་ཐོབ་ཀྱི་མ་རེད་ཅེས་ཞུས་པ་ལས། གུན་གསབ་གང་ཡང་ཐོབ་ཀྱི་མ་རེད་ཅེས་ཞུས་མི་འདུག ཆུ་རགས་བརྒྱབ་རྒྱུའི་འཆར་གཞིའི་ཐད་ཧ་ཅང་གི་འཆར་གཞི་གཞི་རྒྱ་ཆེ་བ་དང༌། ཡུལ་མིའི་གྲོང་གསེབ་མང་པོ་ཚུད་ཡོད་པ་ཡིན་སྟབས་ཆུ་རགས་ཆ་ཚང་བཙན་བྱོལ་གཞུང་གིས་བརྒྱབ་ཐུབ་ཐབས་མི་འདུག དེ་འདྲ་སོང་ཙང་མངའ་སྡེ་གཞུང་དང༌། ལ་དྭགས་རི་རྒྱུད་ཡར་རྒྱས་ལྷན་ཚོགས་གཉིས་ཀར་ཆུ་རགས་ཀྱི་ལས་གཞི་འཕྲལ་དུ་འགོ་འཛུགས་གནང་རོགས། དེའི་ནང་བོད་མིའི་ཐོབ་ཆ་གང་ཡོད་བཙན་བྱོལ་གཞུང་གིས་གོ་སྒྲིག་ཞུ་རྒྱུ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད། འོན་ཀྱང་མངའ་སྡེ་གཞུང་དང༌། ལ་དྭགས་རི་རྒྱུད་ཡར་རྒྱས་ལྷན་ཚོགས་ནས་དུས་ཐོག་ཆུ་རགས་བརྒྱབ་རྒྱུའི་འཆར་གཞི་ལག་བསྟར་ཡོང་རེ་ཆེ་བ་མི་འདུག་སྟབས། ནང་སྲིད་ལས་ཁུངས་ནས་ཧིན་སྒོར་འབུམ་དགུ་ཡས་མས་ཤིག་གི་ཆུ་རགས་ཆུང་བ་ཞིག་གང་མགྱོགས་བརྒྱབ་རྒྱུའི་ལས་གཞི་འགྲོ་བཞིན་པ་ཡིན། ཆུ་རགས་དེ་མ་བརྒྱབ་ན་ཡང་བསྐྱར་ཆུ་ལོག་བྱུང་ཚེ་བོད་མིའི་སྡོད་ཁང་ཁ་ཤས་ཆུས་འཁྱེར་འགྲོ་བའི་ཉེན་ཁ་འདུག ནམ་ཕུགས་མངའ་སྡེ་གཞུང་གིས་ཆུ་རགས་མ་བརྒྱབ་པ་དང༌། མུ་མཐུད་ཆུ་ལོག་ཡོང་གིན་བསྡད་པ་ཡིན་ན་ཐབས་ལམ་གསར་པ་ཞིག་བསམ་བློ་གཏང་དགོས་པ་ཆགས་ཀྱི་རེད་མ་གཏོགས། ལུང་གཞུང་ཡོངས་རྫོགས་ལ་ཆུ་རགས་ང་ཚོས་བརྒྱབ་ཐུབ་ཐབས་མི་འདུག
བཀུར་འོས་སྤྱི་འཐུས་ཤིག་གིས་བསྟན་འཛིན་སྒང་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་སྲོལ་རྒྱུན་འདེབས་ལས་ཆེད་འགྲོ་སོང་མང་པོ་བཏང་ཡོད་རེད། ད་ལྟ་གྲུབ་འབྲས་གང་བྱུང་ཡོད་ཅེས་བཀའ་གནང་འདུག བསྟན་འཛིན་སྒང་ལ་སྲོལ་རྒྱུན་ཆེད་འགྲོ་སོང་གང་ཡང་བཏང་མེད། ཀུ་ཤུ་དང་ཤིང་ཏོག་འདེབས་འཛུགས་ཀྱི་ལས་གཞི་ཞིག་ལག་བསྟར་བྱས་འདུག་པ་དེ་ནི་སྲོལ་རྒྱུན་གྱི་འདེབས་ལས་མ་རེད། ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྐོར་གོང་དུ་ཞུས་ཟིན་པ་ཡིན། འགྲོ་སོང་བཏང་བ་ནང་བཞིན་གྲུབ་འབྲས་ཡག་པོ་བྱུང་འདུག
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་མེའོ་ཆོས་འཕེལ་གླིང་གི་ཆུའི་དཀའ་ངལ་སེལ་ཐབས་སུ་ས་འོག་ནས་ཆུ་འཐེན་རྒྱུའི་ལས་གཞི་ལམ་ལྷོང་བྱུང་མི་འདུག ཆུ་ཡོད་མེད་བརྟག་དཔྱད་མ་བྱས་པ་རེད་དམ། ས་འོག་ནས་ཆུ་འཐེན་རྒྱུའི་ཆེད་དུ་འགྲོ་སོང་མང་པོ་དོན་མེད་དུ་བཏང་བ་དེ་གང་རེད་ཅེས་བཀའ་འདྲི་གནང་སོང༌། དྲི་བ་དེ་ལས་གཞི་འགོ་མ་བརྩམ་གོང་གནང་ཡོད་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། མེའོ་ཆོས་འཕེལ་གླིང་དུ་ས་ཆ་ཁག་གཉིས་ནས་ཞིང་ཆུ་འདྲེན་གཏོང་ཆེད་ས་འོག་ནས་ཆུ་འདོན་རྒྱུའི་ལས་གཞི་བརྩམས་འདུག་ཅིང༌། ཆུ་ཡོད་མེད་བརྟག་དཔྱད་ཀྱང་བྱས་འདུག བརྟག་དཔྱད་བྱེད་སྐབས་ས་འོག་ཆུ་ཡོད་པ་ཙམ་ཤེས་པ་མ་གཏོགས། ཆུའི་ཐོག་རྡོ་ཡོད་པ་མ་ཤེས་པར་བརྟེན་ཆུ་དོང་ཕྱེད་ཀ་ཙམ་བྲུས་ཟིན་སྟབས་བྲག་ལ་ཐུག་སྟེ་བྲུས་མ་ཐུབ་པར་ལུས་འདུག སྟབས་མ་ལེགས་པ་ཞིག་ལ་ཆུ་དོང་འབྲུ་མཁན་དང་མཉམ་དུ་ཆུ་མ་ཐོན་ན་དངུལ་མི་སྤྲོད་པའི་གན་རྒྱ་མེད་པར་བརྟེན་ཁོང་ཚོས་ལས་ཀ་གང་བྱས་པ་དེར་དངུལ་སྤྲད་དགོས་བྱུང་བ་རེད། དེའི་རྗེས་བྲག་ཡོད་སར་ཡང་ཆུ་དོང་འབྲུ་ཐུབ་མཁན་གྱི་འཕྲུལ་འཁོར་ཞིག་ཧེ་དཱ་ར་བ་ད་ནས་འཁྲིད་དེ་ཆུ་དོང་བྲུས་པ་རེད། ས་ཆ་ཐག་རིང་ནས་འཕྲུལ་འཁོར་ལེན་དགོས་བྱུང་བ་དང༌། བྲག་རྡོའི་ཐོག་བྲུས་དགོས་པ་བཅས་ལ་བརྟེན་འགྲོ་སོང་ཆེན་པོ་ཆགས་འདུག འོན་ཀྱང་ཆུ་དོང་གཉིས་པ་ནས་ཆུ་ཐོན་ཏེ་ཞིང་ས་ཨེ་ཀར་ལྔ་བཅུ་ཙམ་ལ་ཆུ་དྲངས་ཐུབ་པ་བྱུང་འདུག
བཀུར་འོས་སྤྱི་འཐུས་ཤིག་གིས་མན་སྤར་ཕན་བདེ་གླིང་དུ་ Windmill གཅིག་བཙུགས་པ་རེད། དེ་བཀའ་བློན་ཁྲི་པས་ཀྱང་བལྟས་ཡོད། རྗེས་སུ་གཞིས་གྲོང་གཞན་ལ་བཙུགས་མི་འདུག་པ་གང་ཡིན་ནམ་ཞེས་བཀའ་འདྲི་གནང་བའི་ཐད། ཚོད་བལྟའི་ཆེད་དུ་བཙུགས་པའི་ Windmill དེ་རླུང་གི་འགྲོ་ཕྱོགས་དང་ཤུགས་ཚད་ཚད་ལྡན་མེད་པའི་དབང་གིས་ལམ་འགྲོ་རྒྱུགས་མི་འདུག དེར་བརྟེན་གཞིས་གྲོང་གཞན་དུ་བཙུག་རྒྱུའི་ལས་གཞི་དེ་རང་བཞིན་གྱིས་ཕྱིར་བསྡུ་ཕྱིན་པ་རེད།
བཀུར་འོས་སྤྱི་འཐུས་ཤིག་གིས་ཌ་ལ་ཧོ་སིའི་གཞིས་ཁང་གསར་རྒྱག་བྱས་མ་ཐུབ་པ་དེ་འགྲོ་སོང་མ་འདེང་བའི་དབང་གིས་ཡིན་པ་དང༌། དེ་ལ་བརྟེན་ནས་མི་མང་གིས་གླ་མེད་ཀྱི་ཨར་ལས་དང་ཅ་ལག་འོར་འདྲེན་བྱས་དགོས་པ་བྱུང་འདུག འགྲོ་སོང་འདེང་ངེས་རོགས་དངུལ་ཐབས་འཚོལ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེས་བཀའ་གནང་འདུག རོགས་དངུལ་ཐབས་འཚོལ་མ་ཐུབ་པ་དངོས་གནས་རེད། དངུལ་འབོར་ཧ་ཅང་ཆེན་པོ་ཡིན་སྟབས། རྒྱ་གར་གཞུང་གི་རོགས་དངུལ་དེས་ཆ་ཤས་ཙམ་མ་གཏོགས་འདེང་གི་མེད། དེང་སང་གཞིས་ཁང་གསར་རྒྱག་ཆེད་རོགས་དངུལ་འཐོབ་རྒྱུ་ཧ་ཅང་ཁག་པོ་འདུག ཕྱོགས་ཚང་མར་འབྲེལ་བ་བྱས་ཀྱང་རོགས་དངུལ་མ་ཐོབ་པའི་དབང་གིས་ས་གནས་མི་མང་ལ་གོ་བསྡུར་བྱས་ནས་ལག་ཡོད་དངུལ་འབོར་དེས་ཁང་པའི་རྨང་གཞི་འདིང་རྒྱུ་དང༌། ཆ་ཤས་གང་འདང་ཞིག་བརྒྱབས་ཏེ་དེའི་རྗེས་རོགས་དངུལ་ཐོབ་རིམ་བཞིན་མུ་མཐུད་ན་ཞེས་བརྗོད་སྐབས་ས་གནས་མི་མང་ཚོགས་འདུ་ཚོགས་ཏེ་ཁང་པ་འཐོབ་རྒྱུའི་མིང་གཞུང་ནང་ཡོད་པའི་མི་ཚང་རེས་ཧིན་སྒོར་ཉིས་ཁྲི་རེ་བསྡུས་ནས་ཨར་པོ་ཆ་ཚང་འཕྲལ་དུ་འགོ་འཛུགས་མཇུག་བསྒྲིལ་དགོས་ཚུལ་ཞུས་འདུག ད་ལྟ་གཞིས་མི་ཚོས་ཨར་ལས་དང་ཅ་དངོས་འོར་འདྲེན་བྱེད་པ་དེ་ཚོ་མི་ཚང་སོ་སོས་བསྡུ་ཆའི་རྩིས་ཁུངས་ལ་ཕན་པ་བྱེད་ཀྱི་ཡོད་ཚོད་རེད། གང་ལྟར་འདི་ནི་མི་མང་གིས་དང་བླངས་ཀྱིས་བྱས་པ་ཞིག་མ་གཏོགས། ནང་སྲིད་ལས་ཁུངས་ནས་བཙན་སྐུལ་བྱས་པ་ཞིག་མ་རེད་ཅེས་ཞུ་རྒྱུ་ཡིན།
བཀུར་འོས་སྤྱི་འཐུས་ཤིག་གིས་སོ་ལན་བོན་གཞིས་ཀྱི་ཁང་པའི་ཐོག་བརྗེ་རྒྱུ་དེ་ད་ལྟ་ཟིན་ཡོད་དམ་ཞེས་བཀའ་གནང་སོང༌། བོན་གཞིས་ཁང་པའི་ཐོག་བརྗེ་རྒྱུའི་ལས་འཆར་ནང་མི་ཚང་ ༨༡ ཡོད་པ་ཚང་མ་ལ་འདེང་བའི་རོགས་དངུལ་མ་ཐོབ་སྟབས་རོགས་དངུལ་གང་ཐོབ་ལས་གཞིའི་རིམ་པ་དང་པོའི་ནང་བཏང་སྟེ་ཁྱིམ་ཚང་ ༥༠ ལ་ཐོག་བརྗེ་རྒྱུའི་ལས་གཞི་འགྲོ་བཞིན་པ་རེད། དེ་འཕྲོས་ཁྱིམ་ཚང་ ༣༡ ཆེད་ད་ལྟ་རོགས་རམ་འཚོལ་བཞིན་པ་ཡིན། འོན་ཀྱང་ཁྱིམ་ཚང་ ༥༠ ལས་རིམ་འགྲོ་བཞིན་པ་དེར་ཡང་དགོས་དངུལ་འདེང་གི་མི་འདུག་ཅེས་གསུངས་འདུག དངུལ་འདེང་མིན་ལ་མ་ལྟོས་པར་རོགས་དངུལ་འཕར་སྣོན་འབུལ་རྒྱུ་ཡོང་ཁུངས་གང་ཡང་མི་འདུག གང་ལྟར་ནང་སྲིད་དང་ས་གནས་བར་ཇི་དགེའི་གོ་བསྡུར་བྱེད་བཞིན་པ་རེད་འདུག
བཀུར་འོས་སྤྱི་འཐུས་ཤིག་གིས་ནང་སྲིད་ལས་ཁུངས་ནས་ལས་འཕེར་ཉམ་ཐག་ལ་སྦྱོང་བདར་དང༌། དེ་འདྲའི་ལས་རིགས་ག་རེ་ཐོབ་ཡོད་གསུངས་པའི་ཐད། ཁ་སང་དྲི་བ་ཞིག་གི་ལན་དུ་ཞིབ་རྒྱས་ཞུས་ཟིན་པ་ཡིན་ཙང་བསྐྱར་ལྡབ་ཞུ་རྒྱུ་མིན།
ཡང་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་ཡོད་སའི་མི་མང་ལ་བུན་གཡར་གྱི་ཆ་རྐྱེན་ཡོད་པ་ནང་བཞིན་ས་གནས་འགོ་འཛིན་མེད་སར་ཡང་བུ་ལོན་འཐོབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། ནང་སྲིད་ཀྱི་མཐོང་སྣང་ལྟར་ན་ས་གནས་འགོ་འཛིན་མེད་པའི་ས་གནས་རེ་ཟུང་ལས་མེད་པ་དང༌། བོད་མི་ཁ་ཐོར་གནས་སྡོད་དེ་ཚོའང་ཐག་ཉེ་འབྲེལ་མཚུངས་ཀྱི་འགོ་འཛིན་ཁག་གི་ཁྱབ་ཁོངས་སུ་བཅུག་པ་ཡིན་ཙང་དངོས་དོན་ས་གནས་འགོ་འཛིན་མེད་པའི་ས་ཁུལ་ང་ཚོས་ཤེས་པ་གཅིག་མ་གཏོགས་མི་འདུག བུན་གཡར་ལས་གཞིའི་སྡེ་ཚན་གཉིས་ཡོད། ན་གཞོན་རོགས་སྐྱོར་གྱི་ལས་གཞིའི་བུན་གཡར་དང༌། ཉམ་ཐག་རོགས་སྐྱོར་གྱི་ལས་གཞིའི་བུན་གཡར་བཅས་རེད། དེ་གཉིས་ཀ་ས་གནས་འགོ་འཛིན་ཡོད་སའི་མི་ཞིག་ལ་མ་གཏོགས་ཐོབ་ཀྱི་མ་རེད་ཅེས་གཏན་ནས་ཞུས་མེད། རྒྱབ་གཉེར་གནང་མཁན་ས་གནས་རང་བདེན་ཚོགས་ཆུང༌། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་བཅས་གང་ཡང་རུང་བ་ཞིག་གིས་འགྲིགས་ཀྱི་རེད། ས་གནས་འགོ་འཛིན་མེད་པའི་ཁ་ཐོར་གནས་སྡོད་ཡིན་ན་ཁྱབ་ཁོངས་གར་ཡིན་གྱི་ས་གནས་འགོ་འཛིན་བརྒྱུད་ཕུལ་ཆོག་པ་དང༌། ཁྱབ་ཁོངས་གཏན་ནས་མེད་ན་ཐད་ཀར་ནང་སྲིད་དང་འབྲེལ་བ་གནང་བ་ཡིན་ན་ཁུངས་གང་དུ་འཇུག་དགོས་ནང་སྲིད་ཀྱིས་ཐག་གཅོད་བྱེད་ཀྱི་རེད།
བཀུར་འོས་སྤྱི་འཐུས་ཤིག་གིས་དྷ་སའི་རྒས་གསོ་ཁང་ནང་སྲིད་ཀྱིས་ཐད་ཀར་འཛིན་སྐྱོང་གནང་དགོས་པ་གང་ཡིན་ནམ། རྒས་གསོ་ཁང་གཞན་དག་ཚང་མ་ས་གནས་འགོ་འཛིན་གྱིས་འཛིན་སྐྱོང་བྱེད་ཀྱི་འདུག་ཅེས་བཀའ་གནང་འདུག དྷ་སའི་རྒས་གསོ་ཁང་ཡང་ས་གནས་འགོ་འཛིན་ལ་རྩིས་སྤྲོད་བྱེད་དགོས་པའི་བསམ་འཆར་ཐེངས་ཁ་ཤས་ནང་སྲིད་ལས་ཁུངས་ནང་བྱུང་འདུག འོན་ཀྱང་སྐབས་བབ་དཀའ་ངལ་རེ་ཟུང་དབང་གིས་ད་བར་རྩིས་སྤྲོད་གནང་ཐུབ་པ་བྱུང་མི་འདུག ལྟ་གྲུབ་ཀྱི་ཆ་ནས་ས་གནས་འགོ་འཛིན་གྱིས་ལྟ་སྐྱོང་བྱེད་དགོས་པ་ཞིག་རེད། དེར་བརྟེན་འབྱུང་འགྱུར་མཐུན་རྐྱེན་འཛོམས་ན་དྷ་སའི་རྒས་གསོ་ཁང་དྷ་སའི་ས་གནས་འགོ་འཛིན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན། གཞིས་ཆགས་ཁག་ཏུ་ཡོད་པའི་རྒས་གསོ་ཁང་དེ་ཚོ་གཞིས་ཆགས་སོ་སོའི་མང་ཚོགས་ཀྱི་དགོས་མཁོ་ལ་ལྟོས་ཏེ་ས་གནས་འགོ་འཛིན་ལས་ཁུངས་སོ་སོ་ནས་བཙུགས་པ་ཞིག་རེད། བྱས་ཙང་དེའི་འཛིན་སྐྱོང་ས་གནས་འགོ་འཛིན་གྱིས་བྱས་པ་རེད། དྷ་སའི་རྒས་གསོ་ཁང་གི་རྒས་འཁོགས་རྣམས་གཞིས་ཆགས་གང་གིའང་ཁྱབ་ཁོངས་སུ་མ་གཏོགས་པའི་གློ་བུར་ལྷགས་འབྱོར་ནང་སྲིད་ཀྱིས་ཐད་ཀར་གཟིགས་སྐྱོང་དགོས་པ་དེ་ཚོར་དམིགས་ནས་ནང་སྲིད་ཀྱིས་བཙུགས་དགོས་བྱུང་བ་ཞིག་རེད་འདུག
ཡང་བཀུར་འོས་སྤྱི་འཐུས་དེས་དྷ་སའི་རྒས་གསོ་ཁང་གི་འཕྲོད་བསྟེན་ལས་བྱེད་དགོངས་པ་ཞུས་ནས་ཚབ་མེད་པར་ལྷག་ཡོད་རེད། དེའི་རྒྱུ་མཚན་སྒྲིག་གཞི་གཏན་འབེབས་མ་བྱུང་བའི་དབང་གིས་རེད་ཟེར་གྱི་འདུག སྒྲིག་གཞི་གལ་ཆེའམ་རྒས་འཁོགས་ཀྱི་དཀའ་ངལ་གལ་ཆེ་ཞེས་གསུངས་སོང༌། སྒྲིག་གཞིའང་གལ་ཆེན་པོ་རེད། རྒས་འཁོགས་ཀྱི་དཀའ་ངལ་དེ་བས་ཀྱང་གལ་ཆེ་བ་རེད། དྷ་ས་རྒས་གསོ་ཁང་གི་གཏན་འཇགས་འཕྲོད་ལས་པ་རྩ་དགོངས་ཞུས་པའི་ཚབ་གཏན་འཇགས་ད་ལྟ་བསྐོས་ཐུབ་མེད། འོན་ཀྱང་འཕྲལ་སེལ་འཕྲོད་ལས་པ་དང་དྭང་བླང་འཕྲོད་ལས་པ་སྐབས་འཕྲལ་སོ་སོར་བསྐོ་གཞག་ཞུས་ཏེ་རྒས་གཅོང་ཚོར་འཕྲོད་ལས་པ་མེད་པའི་དཀའ་ངལ་ཕྲད་པ་བྱུང་མེད། བདེ་ལེགས་སྨན་ཁང་ནས་ཕྱི་རྒྱལ་གྱི་སྨན་པ་རྒས་གསོ་ཁང་དུ་ཕེབས་སྐབས་དྭང་བླང་དང་འཕྲལ་སེལ་འཕྲོད་ལས་པ་དེ་ཚོར་དབྱིན་ཇིའི་སྐད་སྒྱུར་བྱས་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་འདུག དེར་བརྟེན་བདེ་ལེགས་སྨན་ཁང་ལ་སྐད་སྒྱུར་ཞིག་མ་འབྱོར་བའི་བར་རྒས་གསོ་ཁང་དུ་བོད་རིགས་སྨན་པ་ཚོ་ཕེབས་ཐུབ་ན་ཡག་པོ་འདུག་ཅེས་རེ་འདུན་ཞུས་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བོད་མི་ཁ་ཤས་ནས་སྤྱི་ཟུར་པདྨ་ཚེ་དབང་ལགས་སུ་སྒོར་འབུམ་བརྒྱད་དང་དགུ་བཅོལ་ཡོད་རེད། དེ་ཚོའང་ཉམ་ཐག་ཁོངས་སུ་ཚུད་འདུག ཁོ་ཚོར་མུ་མཐུད་ནས་འཚོ་སྣོན་གནང་གི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། སྒོར་འབུམ་བརྒྱད་དང་དགུ་བཅོལ་རྒྱུ་ཡོད་མཁན་ལ་འཚོ་སྣོན་གནང་དགོས་དོན་གང་ཡང་མེད། ཡིན་ནའང་བཀུར་འོས་སྤྱི་འཐུས་ཀྱིས་དེ་འདྲའི་ཉམ་ཐག་དེ་མིང་གང་ཡིན། ས་གནས་གར་ཡོད་གསལ་པོ་བཀའ་གནང་མ་སོང༌། ང་ཚོས་སྤྱི་ཟུར་པདྨ་ཚེ་དབང་ལགས་སུ་བཀའ་འདྲི་ཞུས་ཀྱང་ཕལ་ཆེར་གསུང་མདོག་ཁ་པོ་མ་རེད། དངུལ་བཅོལ་སའི་མི་དེ་ཚོས་དངུལ་བཅོལ་མཁན་གྱི་མིང་ཡོངས་གྲགས་བཟོ་མི་ཆོག་པ་ཁ་སང་དཔལ་འབྱོར་བཀའ་བློན་གྱིས་གྲོས་ཚོགས་སུ་ཞུས་པ་ལྟར་རེད། བཀུར་འོས་སྤྱི་འཐུས་ཀྱིས་དྲི་བ་དེ་གནང་བ་དང་ཆབས་ཅིག་ཏུ་ཉམ་ཐག་དེ་ཚོའི་མིང་དང་ཁ་བྱང་ཡང་གསུངས་པ་ཡིན་ན་ང་ཚོས་འཚོ་སྣོན་འཕྲལ་དུ་མཚམས་འཇོག་བྱེད་ཐུབ་རྒྱུ་ཞིག་རེད། ད་ལྟ་ཉམ་ཐག་ཞིབ་འཇུག་ཟིན་མ་ཐག་རེད། དེའི་རྗེས་བསྐྱར་ཞིབ་ཀྱི་ལས་རིམ་ངེས་པར་དུ་འགྲོ་དགོས་ཀྱི་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སིམ་ལ་ཁ་ར་པ་ཐར་གཞིས་ཁང་གསར་རྒྱག་ཟིན་འདུག་པ་དེ་ད་ལྟའང་བགོ་འགྲེམས་བྱས་མ་ཐུབ་པའི་རྒྱུ་མཚན་གང་རེད་ཅེས་གསུངས་སོང༌། དྲི་བ་དེ་གྲོས་ཚོགས་ནང་ཐེངས་མང་པོ་དྲིས་ཟིན་པའི་རྟག་བརྟན་ཐེར་ཟུག་གི་དྲི་བ་ཞིག་རེད། དྲི་བ་དེ་ལ་འཛིན་སྐྱོང་གིས་ཀྱང་མགྱོགས་པོ་བགོ་བཤའ་བརྒྱབ་རྒྱུ་ཡིན་ཞེས་འཆར་ཅན་ལན་ཞུས་འདུག དེ་རིང་ཡང་ལན་དེ་རང་བསྐྱར་ལྡབ་ཞུ་རྒྱུ་ཡིན། དེའི་ཐོག་འཕར་མ་ཞུ་རྒྱུ་ཞིག་ལ། ནང་སྲིད་ལས་ཁུངས་ནས་ ༢༠༠༦ ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཁང་པ་བགོ་བཤའ་བརྒྱབ་རྒྱུའི་གསལ་བསྒྲགས་ཤིག་བཀྲམས་འདུག སྐབས་དེར་ས་གནས་རང་བདེན་ཚོགས་ཆུང་དང་མི་མང་འཐུས་མི་ཚོས་མི་མང་ཚང་མ་སུད་ཚོང་ལ་ཕྱིན་ཡོད་པས་ ༢༠༠༦ ཕྱི་ཟླ་ ༤ ཚེས་ ༡༠ བར་འགྱངས་དགོས་ཞུས་འདུག མི་མང་ནས་ཡང་བསྐྱར་དུས་ཚོད་འགྱངས་དགོས་མ་ཞུས་ན་ ༢༠༠༦ ཟླ་ ༤ ཚེས་ ༡༠ ཉིན་བགོ་འགྲེམས་བྱ་རྩིས་ཡིན། གྲོས་ཚོགས་རྗེས་མར་འདིའི་སྐོར་དྲི་བ་གནང་མི་དགོས་པ་ཡོང་བའི་རེ་བ་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སིམ་ལ་དང་སྦིར་གཞིས་ཁང་ཉམས་གསོ་ཞུས་པ་ལ་བསྔགས་བརྗོད་དང༌། ལ་དྭགས་དང་པོན་ཌོ་བཀྲིས་གླིང་གཞིས་ཁང་ཉམས་གསོའི་སྐོར་གང་ཡང་གསལ་མི་འདུག་པ་གང་རེད་ཅེས་བཀའ་འདྲི་གནང་འདུག པོན་ཌོ་བཀྲིས་གླིང་དུ་གཞིས་ཁང་ཉམས་གསོ་བྱེད་དགོས་སྐོར་ད་བར་ཞུ་མཁན་བྱུང་མ་སོང་བས་འཆར་གཞི་མེད། ལ་དྭགས་གཞིས་ཁང་ཉམས་གསོའི་ལས་གཞི་འགྲོ་བཞིན་པ་རེད། གཞིས་ཁང་གྲངས་ ༢༢༩ ཉམས་གསོ་ཟིན་པ་དང༌། འཕྲོས་གཞིས་ཁང་ ༤༣༢ ལ་རོགས་དངུལ་ཐབས་ཤེས་ཞུ་མུས་ཡིན།
བཀུར་འོས་སྤྱི་འཐུས་ཤིག་གིས་སིམ་ལ་སན་ཇོ་གླིང་དུ་ལོ་མང་བསྡད་པའི་བོད་མི་སྐྱབས་བཅོལ་བ་དེ་ཚོ་མངའ་སྡེ་འབྲེལ་ཡོད་ལས་ཁུངས་ནས་སྤོ་དགོས་གསུངས་ཡོད་རེད། དེར་ཡོད་པའི་སློབ་གྲྭའང་སྤོ་དགོས་གསུངས་ནས་མི་མང་ལ་བརྡབ་གསིག་ཆེན་པོ་ཐེབས་འདུག དེའི་ཐོག་ནང་སྲིད་ནས་མི་མང་དཀའ་ངལ་སེལ་ཐབས་གང་བྱས་ཡོད་ཅེས་བཀའ་གནང་བའི་ཐད། མངའ་སྡེ་གཞུང་ནས་སྤོ་དགོས་གསུངས་པ་དངོས་གནས་རེད། ལོ་གཉིས་སྔོན་གྱི་གནས་ཚུལ་རེད། དེ་ནས་བཟུང་ནང་སྲིད་ནས་ཁྲིམས་རྩོད་པ་གླས་ཏེ་འབྲེལ་ཡོད་ཁྲིམས་ཁང་ནང་ཁ་མཆུ་རྒྱག་བཞིན་པ་ཡིན། དེ་ལ་བརྟེན་ནས་ད་བར་ཁོ་ཚོའི་སྡོད་ཁང་ལ་བུལ་ཌོ་ཛར་བཏང་མ་དགོས་ཙམ་ཞིག་བྱུང་ཡོད། ཡིན་ནའང་མཐའ་དོན་ཁ་མཆུ་འཐོབ་རྒྱུའི་རེ་བ་ཆེན་པོ་མི་འདུག གང་ལགས་ཤེ་ན་ཁྲིམས་འགལ་གྱི་ཐོག་ནས་བསྡད་པ་མ་གཏོགས་ཁོ་ཚོར་ས་ཆ་དེ་ཁྲིམས་མཐུན་གྱི་སྤྲད་པ་ཞིག་རེད་མི་འདུག ལོ་མང་བསྡད་ཟིན་པ་དང་ཆུ་དང་གློག་གི་བརྒྱུད་ལམ་ཡོད་པ་ཙམ་མ་གཏོགས་རྒྱུ་མཚན་གཞན་ཞུ་རྒྱུ་མི་འདུག སྔ་ཕྱི་མ་གཏོགས་ཁ་མཆུ་ཕམ་རྒྱུ་ཡིན་ཙང་སྤོ་སའི་ས་ཆ་གསར་པ་ཞིག་མངའ་གཞུང་ལ་རེ་འདུན་ཞུས་པ་ལྟར་མངའ་གཞུང་ནས་ས་ཆ་ད་ཡོད་ལས་བཟང་བ་ཞིག་དམིགས་འཛུགས་གནང་འདུག་པ་དང༌། དེ་ལ་ཤིང་ནགས་ལས་ཁུངས་མ་གཏོགས་འབྲེལ་ཡོད་ལས་ཁུངས་གཞན་ཚང་མ་ནས་དགག་བྱ་མེད་པའི་ཡིག་ཆ་ཐོབ་ཟིན་འདུག ཤིང་ནགས་ལས་ཁུངས་ཀྱི་དགག་བྱ་མེད་པའི་ཡིག་ཆ་འཐོབ་རྒྱུར་དབུས་གཞུང་གི་བཀའ་ཁྲོལ་དགོས་ཀྱི་ཡོད་སྟབས་འགོར་བ་རེད། སྤོ་མི་དགོས་པའི་ཁྲིམས་རྩོད་བྱ་རྒྱུ་དང༌། སྤོ་དགོས་བྱུང་ན་ས་ཆ་འཚོལ་རྒྱུ་གཉིས་ཀ་འབད་བརྩོན་བྱེད་བཞིན་པ་ཡིན།
བཀུར་འོས་སྤྱི་འཐུས་ཤིག་གིས་ཧི་མ་ཅལ་ནང་ཡོད་པའི་གྲྭ་ཚང་དང་སློབ་གྲྭ་ཚོའི་མིང་ཐོག་ས་ཁང་ཉོ་ཆོག་པའི་གནས་ཚུལ་ཐོན་འདུག དེ་ག་འདྲ་ཡིན་ནམ་ཞེས་བཀའ་འདྲི་གནང་སོང༌། ང་ཚོས་དེ་འདྲ་གོ་ཐོས་མ་བྱུང༌། ཧི་མ་ཅལ་མངའ་སྡེའི་ས་ཆའི་ཁྲིམས་ལ་འགྱུར་བ་འགྲོ་བའི་གནས་ཚུལ་གོ་ཐོས་མ་བྱུང༌། ད་ཡོད་ཁྲིམས་འགལ་གྱི་ས་ཆ་དེ་ཚོ་གཞུང་བཞེས་བཏང་ནས་ལོ་ལྔ་བཅུའི་རིང་བོགས་མའི་ཐོག་སྤྲད་རྒྱུའི་མངའ་སྡེ་བཀའ་ཤག་གི་ཐག་གཅོད་ཅིག་ཉེ་ཆར་བྱུང་ཡོད་རེད། སྤྱིར་བཏང་ནས་མངའ་སྡེ་གཞུང་གི་བཀའ་ཁྲོལ་ཞུས་ན་ཁྲིམས་ཐོག་ནས་ཉོ་ཆོག་པའི་ཆ་རྐྱེན་ད་ལྟའང་ཡོད་བཞིན་པ་རེད།
པོན་ཊ་ཆོལ་གསུམ་གཞིས་ཁང་ལ་རྩིས་དྲུང་བཀོད་བསྒྲིགས་མ་བྱུང་བ་དེ་དཀའ་ངལ་ཆེན་པོ་འདུག ད་ལྟ་བསྐོ་འཆར་ཡོད་དམ་ཞེས་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་སོང༌། པོན་ཊ་ཆོལ་གསུམ་ཙམ་མ་ཟད། ས་མིག་སྟོང་པ་བཀོད་བསྒྲིགས་མ་ཐུབ་པའི་གཞིས་ཆགས་མང་པོ་ཡོད། ས་མིག་དང་འཚམས་པའི་ལས་བྱེད་མེད་ཙང་བཀོད་བསྒྲིགས་མ་ཐུབ་པ་ཚང་མར་སྒྲིག་གཞིའི་འོག་འཕྲལ་ལས་པ་བསྐོ་ཆོག་པའི་ལམ་སྟོན་ས་གནས་ཡོངས་རྫོགས་ལ་བཏང་ཡོད། ད་ལྟ་ལས་བྱེད་བསྐོ་བསྡད་གྲས་མང་ཆེ་བ་དྲུང་རྒས་གཞོན་རེད། དེ་ཚོའི་ནང་བཀོད་བསྒྲིགས་བྱུང་བའི་རྗེས་ས་མིག་སྟོང་པ་ཚོ་བཀང་རྒྱུ་ཡིན།
བཀུར་འོས་སྤྱི་འཐུས་ཤིག་གིས་ཐུགས་ཚོར་སྣང་དྲག་པོའི་ཐོག་ནས་ཧར་པ་པུར་ས་གནས་འགོ་འཛིན་ལ་བཀོད་བསྒྲིགས་བྱས་པའི་ལས་བྱེད་དེ་ལས་བཅར་མ་ཞུས་པ་རེད། ཧར་པ་པུར་ཐག་རིང་པོ་གང་ཡང་མ་རེད་ཅེས་གསུངས་སོང༌། དེ་དངོས་གནས་རེད། འབྲེལ་ཡོད་ལས་བྱེད་ཀྱིས་རང་གི་སྡེ་ཚན་གྱི་འགན་འཛིན་བརྒྱུད་ཕྱི་དྲིལ་ལས་ཁུངས་སུ་ད་ལྟ་ཁོ་རང་གིས་བྱེད་བཞིན་པའི་འགྲེམས་སྟོན་གྱི་ལས་ཀ་དེ་ཁྱད་ལས་པའི་ལས་ཀ་ཞིག་ཡིན་པ་དང༌། ཁོ་རང་དེའི་ཐོག་སློབ་སྦྱོང་དང་ཉམས་མྱོང་མང་པོ་ཡོད་པས་རང་འཇགས་ཡོང་བ་ཞེས་སྙན་གསན་ཞུས་པ་རེད། དེ་སྒྲིག་མཐུན་མིན་པ་གང་ཡང་མ་རེད། ལས་བྱེད་མ་འདེང་བའི་དབང་གིས་གཏོང་དགོས་བྱུང་བ་མ་གཏོགས་འགྲེམས་སྟོན་གྱི་ལས་བྱེད་པ་ཚོ་ས་གནས་འགོ་འཛིན་ལ་བཀོད་བསྒྲིགས་བྱེད་མ་དགོས་པ་བྱུང་ན་ཡག་ཤོས་རེད། གང་ལྟར་ད་ལྟ་བཀོད་བསྒྲིགས་བྱས་པའི་ལས་བྱེད་དེའམ་དེ་མིན་ལས་བྱེད་སུ་རུང་ཞིག་གང་མགྱོགས་ཧར་པ་པུར་དུ་ལས་བཅར་ངེས་པར་དུ་བྱེད་ཀྱི་རེད། ས་གནས་འགོ་འཛིན་མེད་པར་སྟོང་པ་ལུས་ཀྱི་མ་རེད།
བཀུར་འོས་སྤྱི་འཐུས་ཤིག་གིས་ལྡེ་ར་ལྡུན་ཚེ་རིང་དོན་ལྡན་གཞིས་ཁང་གསར་རྒྱག་དང་བགོ་འགྲེམས་བྱས་ཟིན་ཡང༌། ཁང་པའི་ཐོག་ལྕགས་ཤོག་ཡིན་སྟབས་ཚ་བ་ཆེ་བ་དང༌། ཆར་པ་འབབ་དུས་སྐད་ཆེན་པོ། མི་བགྲེས་སོང་རླུང་དང་ཁྲག་ཤེད་ཡོད་མཁན་ཚོར་ཧ་ཅང་སྐུ་མཉེལ་པོ་འདུག ཐོག་བརྗེ་པོ་བརྒྱབ་ན་འགྲིགས་ཀྱི་ཡོད་དམ། ཡོད་ན་དེའི་ཁོངས་ནས་ཉམ་ཐག་ཚོར་ནང་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་གི་རེད་དམ་ཞེས་གསུངས་སོང༌། ཚང་མས་མཁྱེན་གསལ་ལྟར། ཚེ་རིང་དོན་ལྡན་གླིང་གཞིས་ཆགས་དེ་བཙན་བྱོལ་གཞུང་གི་ཐེ་བྱུས་མེད་པ་ཞིག་རེད། གཞིས་ཁང་རྒྱག་མཁན་གྱི་རོགས་ཚོགས་དང༌། གཞིས་ཆགས་ལེན་མཁན་གྱི་མི་མང་གཉིས་ཀྱི་བར་འདོད་པ་མཐུན་ནས་ཐག་བཅད་པ་ཞིག་རེད་མ་གཏོགས། བཙན་བྱོལ་གཞུང་གིས་མ་གཟིགས་པར་བཞག་པ་ཞིག་རེད་མི་འདུག གཞིས་ཁང་བརྒྱབས་ཟིན་པའི་སྐབས་ཁང་པ་དང་ཁང་ས་བཅས་བགོ་འགྲེམས་མ་བྱས་གོང་ནང་སྲིད་ལ་རྩིས་སྤྲོད་བྱས་ཏེ་མི་ཚང་ ༡༦༠ ལ་བགོ་འགྲེམས་བྱས་པ་རེད། སྐབས་དེར་ྋགོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་གནང་ཉེར་བརྟེན་གཞིས་ཁང་བགོ་འགྲེམས་བྱ་རྒྱུར་ནང་སྲིད་ནས་མཐུན་འགྱུར་ཞུས་དགོས་བྱུང་བ་རེད། ཁང་པ་བགོ་འགྲེམས་བྱས་པའི་རྗེས་སུ་གཞི་རྩའི་གནས་སྟངས་སྔོན་མ་ལྟར་ལས་འགྱུར་བ་གང་ཡང་ཕྱིན་ཡོད་མ་རེད། ནང་སྲིད་ཀྱིས་ཐད་ཀར་བཏང་འཛིན་བྱེད་ཆོག་ཡོད་མ་རེད། དེའི་ས་ཆ་སྦི་ཀ་བརྒྱད་ཅུ་ཡོད་ཚུལ་དང༌། སྦི་ཀ་བཞི་བཅུ་ལས་རྩིས་སྤྲད་མི་འདུག་ཟེར་བ་དང༌། གཞིས་མི་ཚོ་ནང་སྲིད་ལ་བཅར་ན་སངས་རྒྱས་ཡེ་ཤེས་སར་བཅར་དགོས་དང༌། སངས་རྒྱས་ཡེ་ཤེས་སར་འགྲོ་སྐབས་ནང་སྲིད་ལ་བཅར་དགོས་གསུངས་ལུགས་དེ་ཚོ་དངོས་གནས་ཡིན་ཚོད་འདུག རྒྱབ་ལྗོངས་ཆ་ཚང་ཞུས་ན་ལོ་ཤས་སྔོན་གཞིས་ཁང་བརྒྱབས་ཟིན་གྲབས་ཡོད། རྩིས་བཞེས་རོགས་གསུངས་སྐབས་བཀའ་ཤག་གིས་ཁང་པ་རྐྱང་པ་རྩིས་ལེན་ན་འགྲིགས་ཀྱི་མ་རེད། རྩིས་ལེན་ན་ས་ཁང་ཆ་ཚང་རྩིས་སྤྲོད་གནང་དགོས་པ་དང༌། དེ་མིན་རོགས་ཚོགས་ནས་ཐད་ཀར་གཞིས་མི་ཚོར་འབྲེལ་བ་གནང་རོགས་གནང་ཞེས་ཞུས་པ་རེད། དེ་རྗེས་ ༢༠༠༤ ཕྱི་ཟླ་ ༡༠ ནང་བཀའ་ཁྲི་ཨ་རིར་བསྐྱོད་སྐབས་རོགས་ཚོགས་ཀྱི་མི་སྣ་མཐོ་ཤོས་སི་ནེ་ཊར་པཱ་ལ་དང༌། ཁོང་གི་ཕྱག་རོགས་རྣམ་པའི་ལྷན་ཚོགས་འདུ་ཚོགས་ཏེ་བཀའ་ཁྲིས་བཙན་བྱོལ་གཞུང་གི་ངོས་ནས་ཁྱེད་རྣམ་པས་གཞིས་ཆགས་གསར་སྐྲུན་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། ཁྱེད་ཚོས་ད་བར་ཐད་ཀར་གཟིགས་སྐྱོང་གནང་བ་རེད། མ་འོངས་པར་ཡང་དེ་དོན་མུ་མཐུད་གནང་རོགས་གནང༌། བཙན་བྱོལ་གཞུང་གིས་དེའི་ནང་བྱུས་གཏོགས་བྱེད་འདོད་མེད། སྨན་ཁང་དང༌། སློབ་གྲྭ དགོན་པ་སོགས་བརྒྱབ་རྒྱུ། དེ་བཞིན་ས་གནས་འགོ་འཛིན་འདེམས་བསྐོ་བྱེད་རྒྱུ་སོགས་ཚང་མ་རོགས་ཚོགས་དང༌། གཞིས་མིའི་དབར་ཐད་ཀར་འབྲེལ་བ་གནང་སྟེ་གནང་རོགས་གནང་ཞེས་ཞུས་པ་ཡིན། འོན་ཀྱང་སྐབས་དེར་བཙན་བྱོལ་གཞུང་གིས་རྩིས་ལེན་དགོས་ཚུལ་གསུང་གི་འདུག དེ་འདྲ་ཡིན་ན་ཆ་ཚང་རྩིས་ལེན་པ་མ་གཏོགས་ཕྱེད་ཀ་ཕྱེད་ཀ་ཡོང་གི་མ་རེད། ཐོག་མ་ས་ཆ་གང་ཡོད་དབུས་ངལ་སེལ་ཚོགས་པའི་མིང་ཐོག་མིང་བསྒྱུར་དེབ་སྐྱེལ་བྱེད་དགོས་རྒྱུ་དང༌། དེ་བཞིན་གཞིས་ཆགས་སྤྱི་ཡོངས་ལྟར་གཞུང་གི་སྒྲིག་ལམ་ཆ་ཚང་འཁྱེར་དགོས་ཀྱི་རེད་ཅེས་ཞུས་ཡོད། ཁོ་ཚོས་ཆ་ཚང་རྩིས་སྤྲད་རྒྱུར་དཀའ་ངལ་གང་ཡང་མེད། འོན་ཀྱང་ས་ཆ་མིང་བསྒྱུར་བྱ་རྒྱུར་འགྲོ་སོང་ཆེན་པོ་རེད་ཅེས་གསུངས་སོང༌། ས་ཆ་མིང་བསྒྱུར་དེབ་སྐྱེལ་བྱ་རྒྱུའི་འགྲོ་སོང་དབུས་ངལ་སེལ་ཚོགས་པས་གཏོང་དགོས་བྱུང་ཡང་ཁྱད་པར་མི་འདུག་ཅེས་ཞུས་པ་ཡིན། འོན་ཀྱང་དེའི་རྗེས་དེ་ཚོའི་སྐོར་གླེང་སློང་གནང་མཁན་མི་འདུག ནང་སྲིད་ལས་ཁུངས་ངོས་ནས་རྩིས་ལེན་རྒྱུའི་འབད་བརྩོན་བྱ་རྩིས་མེད། གལ་སྲིད་གཞིས་ཆགས་མི་མང་གིས་ནང་སྲིད་ཀྱིས་རྩིས་ལེན་དགོས་པར་གཟིགས་ཀྱི་ཡོད་ན་ཐོག་མ་རོགས་ཚོགས་དང་བཀའ་བསྡུར་གནང་དགོས་ཀྱི་རེད། རྩིས་སྤྲོད་ཀྱི་འགོ་འཛུགས་ས་ཆ་མིང་བསྒྱུར་བྱ་རྒྱུ་ནས་བྱེད་དགོས་ཀྱི་རེད། སྔ་ལོ་གཞིས་ཆགས་དབུ་འབྱེད་སྐབས་ས་གནས་སུ་ཕེབས་མཁན་གྱི་རོགས་ཚོགས་ཀྱི་དབུ་ཁྲིད་རྣམ་པ་ཚོར་ཡང་དེ་སྔོན་ཝ་ཤིང་ཀྲོན་ཚོགས་འདུའི་ནང་གང་ཞུས་པ་ལྟར་ཆ་ཚང་ཞུས་ཡོད།
བཀུར་འོས་སྤྱི་འཐུས་ཤིག་གིས་བལ་ཡུལ་བོད་མི་ལྟ་རྟོག་ཚོགས་ཆུང་ཞེས་པ་དེའི་སྙན་ཐོའི་ཐོག་ནང་སྲིད་ལས་ཁུངས་ཀྱིས་ག་རེ་བྱས་ཡོད་ཅེས་བཀའ་གནང་སོང༌། དེའི་ཐོག་གང་ཡང་བྱས་ཐུབ་མ་སོང་ཞེས་ཞུ་རྒྱུ་ཡིན། བལ་ཡུལ་སྐོར་བཙུགས་པའི་ཚོགས་ཆུང་དེས་ཞིབ་འཇུག་གཙོ་བོ་བལ་ཡུལ་དུ་ཡོད་པའི་ས་ཁང་མཁར་དབང་རྣམས་ཀྱི་བདག་དབང་དང༌། ཚོགས་པ་དེབ་སྐྱེལ་ཡོད་པ་ཚོའི་མ་འོངས་པའི་གནས་སྟངས་ཇི་ཆགས་སྐོར་གནང་འདུག རྒྱབ་གཉེར་སྙན་ཐོའི་ནང་འཕྲལ་དུ་ལག་བསྟར་ཐུབ་པའི་གནས་ཚུལ་གང་ཡང་མི་འདུག དེ་ཙམ་མ་ཟད་སྤྱིར་བཏང་བལ་ཡུལ་གྱི་ནང་ལས་དོན་གང་ཡང་བྱེད་ཐུབ་པའི་གོ་སྐབས་མེད་པ་ཞིག་ཆགས་པ་ཡིན་ཙང་གང་ཡང་ཞུས་ཐུབ་མི་འདུག
དེ་ནས་ཡང་བདེ་སྐྱིད་གླིང་ཉེ་འགྲམ་གཞིས་ཁང་གསར་སྐྲུན་བྱེད་རྒྱུའི་འཆར་གཞི་དེ་ལོ་བཅོ་ལྔ་ཙམ་ཕྱིན་པ་རེད། ད་ལྟའང་གཞིས་ཁང་བརྒྱབས་ཐུབ་མི་འདུག ག་རེ་བྱེད་ཀྱི་རེད་ཅེས་བཀའ་གནང་འདུག དེའི་གནས་ཚུལ་ད་ལྟའང་སྔོན་མ་ནང་བཞིན་མ་གཏོགས་འགྱུར་བ་ཆེན་པོ་ཕྱིན་མེད། རྒྱ་གར་དབུས་གཞུང་གིས་གཞིས་ཆགས་བཙུག་ཆོག་པ་དང༌། ཁང་པ་བརྒྱབ་ཆོག་པའི་བཀའ་ཁྲོལ་དེ་ཐོབ་ཡོད། དེའི་དགོས་དངུལ་མངའ་གཞུང་བརྒྱུད་ནས་ཞུ་དགོས་ཙང་ད་ལྟ་ལག་སོན་མ་བྱུང༌། གཞིས་ཁང་གི་ས་བཀྲ་འབྲེལ་ཡོད་ལས་ཁུངས་སུ་ཆོག་མཆན་ཞུ་རྒྱུར་ཕུལ་ནས་དུས་ཡུན་གང་འཚམས་ཕྱིན་པ་རེད། བར་སྐབས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཚང་མས་ལས་དོན་མཚམས་འཇོག་གི་ངོ་རྒོལ་བྱས་ནས་ཟླ་གཅིག་ལྷག་ཕྱིན་འདུག ས་བཀྲ་བཀའ་ཁྲོལ་ཐོན་མཚམས་རྒྱ་གར་གཞུང་གི་བཀའ་ཁྲོལ་ཡོད་པའི་རོགས་དངུལ་དང༌། དེ་མིན་རོགས་དངུལ་གང་ཡོད་པ་དེ་དག་བེད་སྤྱོད་བྱས་ཏེ་མཐའ་མའི་ཐག་གཅོད་ཅིག་གང་མགྱོགས་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ལོ་འཁོར་ལས་བསྡོམས་ནང་བཙན་བྱོལ་བོད་མིའི་མི་འབོར་ཆིག་འབུམ་ཉིས་ཁྲི་སྟོང་མེད་སུམ་བརྒྱ་ཉི་ཤུ་རྩ་དགུ་གསལ་འདུག དེའི་ནང་ས་གནས་འགོ་འཛིན་མེད་པའི་ཁ་ཐོར་གྱི་མི་འབོར་ཚུད་ཡོད་དམ་ཞེས་བཀའ་འདྲི་གནང་སོང༌། དེ་ཚོ་ཚང་མ་ཚུད་ཡོད་ཞུ་རྒྱུ་ཡིན།
དེ་ནས་བཀུར་འོས་སྤྱི་འཐུས་ཤིག་གིས་ཏི་ཛུ་ཞིང་ཆུ་འདྲེན་གཏོང་གི་ལས་གཞི་དེ་བེད་སྤྱོད་ཡོད་དམ་མེད་ཅེས་བཀའ་འདྲི་གནང་འདུག ལས་གཞི་དེ་ཕྱི་ལོ་ ༡༩༩༧།༩༨ ནང་མཇུག་བསྒྲིལ་ཟིན་པའི་ལས་གཞི་ཞིག་རེད། ད་ལྟ་བེད་སྤྱོད་གང་ཡང་མི་འདུག ལས་གཞི་དེ་ཐོག་མ་འཆར་འགོད་དང་ལག་བསྟར་ཚང་མའི་ཐོག་ཚད་ལྡན་ཞིག་མ་བྱུང་བ་ཡིན་ཙང་ད་ཆ་བཟོ་བཅོས་བྱ་རྒྱུ་ཅང་མི་འདུག ལྟ་གྲུབ་ཀྱི་ཆ་ནས་བཤད་ན་ཞིང་ས་ཨེ་ཀར་ ༤༥ ལ་ཆུ་གཏོང་ཐུབ་ཀྱི་ཡོད་ཟེར་གྱི་ཡོད་རེད། འོན་ཀྱང་ཆུ་བཏང་བ་ཡིན་ན་སྣུམ་གྲོན་ཧ་ཅང་ཆེ་བའི་དབང་གིས་བྱུང་སོང་འགོ་ཐུག་གི་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དྷ་སའི་གསུང་ཆོས་སྐབས་དང༌། སློབ་ཕྲུག་གུང་སེང་སྐབས་ལ་སྣུམ་འཁོར་གྱི་གླ་ཆ་སྤར་བའི་ལམ་སྲོལ་ངན་པ་ཞིག་ཆགས་འདུག དེ་ལ་ས་གནས་འགོ་འཛིན་ནས་འབྲེལ་ཡོད་སྣུམ་འཁོར་བདག་པོ་ལ་ཞུ་གཏུག་བྱེད་དགོས་ཞེས་གསུངས་སོང༌། སྣུམ་འཁོར་བདག་པོ་ལ་ཞུ་གཏུག་བྱས་ནས་ཕན་ཐོགས་ཡོད་མིན་མི་ཤེས། སྣུམ་འཁོར་མང་ཆེ་བ་སྒེར་བདག་ཅན་རེད། འོན་ཀྱང་འབྲེལ་གཏུག་བྱེད་དགོས་ཚུལ་ཉེ་ཆར་སྤྱི་འཐུས་རྒྱུན་ལས་ཀྱི་ཕྱག་བྲིས་ཕེབས་སྐབས་འབྲེལ་ཡོད་ས་གནས་འགོ་འཛིན་ལ་ལམ་སྟོན་ཞུས་ཡོད། ནང་སྲིད་དང་འབྲེལ་བའི་གནད་དོན་ང་ཚོའི་བརྗེད་ཐོའི་ནང་ཐེབས་པ་དེ་ཙམ་ཞིག་ཡིན།
དེ་ནས་བདེ་སྲུང་དང་འབྲེལ་བའི་དྲི་བ་ཁག་ལ་གསལ་བཤད་ཞུ་རྒྱུར། བཀུར་འོས་སྤྱི་འཐུས་ཁ་ཤས་ཤིག་གིས་གསར་འབྱོར་བ་དམིགས་བསལ་འཛུལ་ཞུགས་ལག་འཁྱེར་མེད་མཁན་དེ་ཚོ་རྒྱ་གར་ནང་གནས་སྡོད་ཆོག་པའི་དེབ་སྐྱེལ་བྱ་རྒྱུའི་སྐོར་ད་ལྟ་ག་རེ་ཆགས་ཡོད་ཅེས་བཀའ་འདྲི་གནང་སོང༌། དེའི་སྐོར་ཁ་སང་དྲི་བ་ཞིག་གི་ལན་དུའང་ཞུས་ཟིན་པ་ཡིན། སྔ་ལོ་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་གར་གཞུང་གི་ཁོང་ཚོའི་དེབ་སྐྱེལ་བྱ་རྒྱུའི་ཆོག་མཆན་ཐོན་ཟིན་པ་དང༌། མིང་གཞུང་ཆ་ཚང་དིལླཱི་དོན་གཅོད་བརྒྱུད་རྒྱ་གར་གཞུང་ལ་ཕུལ་སྟེ་ངོ་བཤུས་འབྲེལ་ཡོད་ས་གནས་ཡོངས་རྫོགས་ལ་དབྱེ་བ་ཕྱེ་ནས་བཏང་ཟིན། ས་གནས་འགའ་ཤས་སུ་དེབ་སྐྱེལ་བྱེད་འགོ་ཚུགས་པ་དང༌། ཁ་ཤས་ལ་ད་ལྟ་འགོ་མ་བཙུགས་པ་ཅི་རིགས་འདུག གང་མྱུར་ཟིན་དགོས་པའི་ལམ་སྟོན་ནན་པོ་བྱས་ཡོད། ང་ཚོས་མིང་ཐོ་ཕུལ་བའི་སྐབས་མི་གྲངས་ ༧༣༧༩ འདུག དེ་ཚོའི་ནང་ཁ་ཤས་དེབ་སྐྱེལ་རྫུན་མ་བྱས་ཟིན་པའང་ཡོད་མདོག་ཁ་པོ་རེད། མང་ཤོས་ཧི་མ་ཅལ་མངའ་སྡེའི་ནང་ ༤༧༩༥ ཡོད། དྷ་ས་ལྟ་བུར་མཚོན་ན་འཆར་ཟླ་བཞི་པའི་བདུན་ཕྲག་དང་པོ་ནས་འགོ་འཛུགས་བྱེད་ཀྱི་ཡིན་གསུངས་འདུག ཨུ་ཏ་རན་ཅལ་གྱི་ནང་ ༡༢༢༨ འདུག ས་གནས་འགོ་འཛིན་གྱིས་འབྲེལ་ཡོད་ལས་ཁུངས་ལ་མིང་ཐོ་ཕུལ་ཟིན་འདུག ཀར་ན་ཊ་ཀའི་ནང་ ༡༢༡༩ འདུག མོན་གྷོ་འདོད་རྒུ་གླིང་ལ་དེབ་སྐྱེལ་བྱེད་བཞིན་པ་རེད་འདུག སྦེལ་ཀོབ་ཏུ་ད་ལྟ་འགོ་བཙུགས་ཐུབ་མི་འདུག མགྱོགས་པོ་འགོ་འཛུགས་བྱེད་རྒྱུ་ཡིན་ཚུལ་འདུག ཝཱ་ཎ་དང༌། ལ་དྭགས། ཤི་ལོང༌། ཨ་སམ། དིལླཱི་བཅས་ཀྱི་ནང་ ༩༦ འདུག མིང་ཐོ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ཟིན་འདུག གང་ལྟར་སྔ་ཕྱི་མ་གཏོགས་མིང་ཐོ་ཕུལ་བའི་མི་གྲངས་ ༧༣༧༩ ལ་ཨཱར་སི་བཟོ་ཐུབ་ཀྱི་རེད། འོན་ཀྱང་ས་གནས་འགོ་འཛིན་སོ་སོས་དོ་ནན་པོ་མ་བྱེད་ན་གསར་འབྱོར་བ་ཚོའི་ཁྲིམས་མཐུན་དེབ་སྐྱེལ་བྱེད་རྒྱུའི་བཀའ་ཁྲོལ་ཐོན་པ་ལ་བརྟེན་ནས་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཚོའི་ཡོང་འབབ་ཆེ་ཤོས་ཤིག་འགགས་པ་རེད། བོད་མིའི་ངོས་ནས་ལྐོག་རྔན་མི་སྤྲད་པའི་དམ་བཅའ་བརྟན་པོ་ཞིག་མ་བྱུང་བར་ས་གནས་སོ་སོའི་ནང་འགོག་རྐྱེན་ཡོང་མི་སྲིད་པ་མ་རེད།
དེ་ནས་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་ཆབ་སྲིད་བཙོན་ཟུར་ངོས་འཛིན་བྱེད་སྟངས་ག་འདྲ་རེད་ཅེས་བཀའ་གནང་སོང༌། དེ་ལས་བསྡོམས་ནང་བཀོད་པ་ནང་བཞིན་ཡིན། དང་པོ་དོ་བདག་ནས་ཚིག་ཐོ་དང་རྒྱབ་རྟེན་ཡིན་ཆ་ཁག་ལེན། དེ་ལ་འབྲེལ་ཡོད་ཀྱིས་དཔྱད་ཞིབ་བྱས། དེའི་རྗེས་སྡེ་ཚན་གཞན་པས་ཞིབ་འཇུག་དང༌། དཔང་པོ་རྣམས་ལ་འདྲི་བརྩད། དེ་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་བསྐྱར་ཞིབ་དང་བོད་ནང་གནས་བཞུགས་འབྲེལ་ཡོད་རྣམས་ལའང་འདྲི་བརྩད་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དྭང་སློབ་ནང་གསར་འཇུག་གི་སྐོར་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་བཀའ་གནང་འདུག དྭང་སློབ་གསར་འཇུག་དུས་ཐོག་སོ་སོར་འགྲོ་བཞིན་པ་རེད། ད་ལྟ་གྲངས་ཚད་ལོངས་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དེབ་སྐྱེལ་ལག་འཁྱེར་དུས་འགྱངས་ཞུ་བར་འབྲེལ་ཡོད་ལས་ཁུངས་སུ་མི་ངོ་བཅར་དགོས་ཀྱི་དཀའ་ངལ་བཟོས་འདུག དེ་བཅར་མི་དགོས་པའི་ཐབས་ཤེས་གང་བྱེད་ཀྱི་ཡོད་ཅེས་བཀའ་གནང་སོང༌། མི་ངོ་བཅར་མི་དགོས་པའི་ཐབས་ཤེས་བྱེད་རྒྱུ་གང་ཡང་མི་འདུག དེབ་སྐྱེལ་སྒྲིག་གཞིའི་ནང་འཕར་འགྱངས་ཞུ་སྐབས་མི་ངོ་བཅར་དགོས་པ་དང༌། ཐོག་མའི་འདྲ་དཔར་དང་མཚུངས་མིན་བལྟ་དགོས་པ་འཁོད་ཡོད་འདུག བར་ལམ་རྒྱ་གར་འབྲེལ་ཡོད་ལས་བྱེད་ཚོས་བཟང་པོ་བློས་འགེལ་བྱས་ཏེ་མི་གཞན་གྱི་བརྒྱུད་དུས་འགྱངས་སྤྲོད་ཀྱི་ཡོད་པ་རེད། བར་སྐབས་ས་གནས་མི་ཉུང་བ་ཞིག་གི་ནང་མི་ངོ་ཕྱི་རྒྱལ་ལ་ཕྱིན་ནས་ལོ་མང་ཕྱིན་པ་དེ་ཚོའི་ཨཱར་སི་མུ་མཐུད་རྒྱ་གར་ནང་དུས་འགྱངས་ཞུས་བསྡད་པ་དེ་འདྲ་ཇི་སྙེད་ཅིག་ར་འཕྲོད་བྱུང་འདུག་པའི་དབང་གིས་སྒྲིག་གཞི་གཞིར་བཟུང་དོ་དམ་པོ་མ་བྱས་ཐབས་མེད་བྱུང་བ་རེད། ཉེ་ཆར་རྒྱ་གར་གཞུང་ལ་ནད་པ་དང༌། རྒས་འཁོགས། བསྙེན་མཚམས་པ། སློབ་ཕྲུག་བཅས་ལ་ངོ་བཅར་མི་དགོས་པའི་རེ་འདུན་ཞུས་ཡོད། དེ་བཞིན་སྦྲུམ་མ་ཐུ་པོ་དང༌། ཕྲུ་གུ་བཙལ་མ་ཐག་པ་རྣམས་ཀྱང་ནད་པའི་ཁོངས་བརྩི་དགོས་ཞུས་ཡོད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ཨམ་ར་ཝ་ཏིའི་དུས་འཁོར་དབང་ཆེན་མ་གནང་གོང་བརྙན་འཕྲིན་ནང་ྋགོང་ས་མཆོག་གི་སྐུ་ཕྱྭར་ཉེ་ཞོ་ཡོད་པའི་གནས་ཚུལ་ཐོན་པ་དང༌། དེ་ཚོའི་སྐོར་བདེ་སྲུང་ལས་ཁུངས་ནས་ག་རེ་བྱས་ཡོད་ཅེས་བཀའ་འདྲི་གནང་སོང༌། ས་གནས་སྐོར་རྒྱག་པས་བརྙན་འཕྲིན་ནང་བསྟན་པ་དེ་ཚོ་མཐའ་གཅིག་ཏུ་ཚད་ལྡན་ཡིན་པའམ་ཡང་ན་རྫུན་མ་ཡིན་པ་ཞུ་ཐུབ་ཀྱི་མེད་ཀྱང༌། ཕལ་ཆེར་ལོ་ལྔ་དྲུག་ཕྱིན་པའི་གནས་ཚུལ་རྙིང་པ་ཡིན་སྲིད་པ་ཞིག་རེད་བསམ་གྱི་ཡོད། བདེ་སྲུང་ལས་ཁུངས་ཀྱིས་ཕྱི་ནང་གསང་གསུམ་གྱི་རྟོག་ཞིབ་གསང་མྱུལ་བྱ་རྒྱུ་དང༌། བསམ་སྦྱོར་ངན་བཅངས་ཀྱི་མིའི་རིགས་འབྱོར་ཡོད་མེད་དང༌། ཡོད་ཚེ་དེ་དག་གི་གནས་ཚུལ་ཉམས་ཞིབ་བྱེད་རྒྱུ་བཅས་སྐབས་མཚམས་སོ་སོར་ཞུ་དགོས་གང་ཡོད་འཐུས་ཤོར་མེད་པར་ཞུས་ཏེ་མདོ་དོན་དུས་དབང་ཐོག་མཐའ་བར་གསུམ་དུ་གེགས་སྐྱོན་གང་ཡང་མེད་པར་ཐུགས་གྲྭ་ལེགས་འགྲིགས་བྱུང་བ་རེད།
བལ་ཡུལ་སྣེ་ལེན་ཁང་གི་ནང་གསར་འབྱོར་བ་མང་པོ་ཡོད་པ་དེ་ཚོའི་དཀའ་ངལ་བསལ་དགོས་ཀྱི་འདུག་ཅེས་བཀའ་གནང་སོང༌། བལ་ཡུལ་རྒྱ་གར་གཞུང་ཚབ་ནས་ཉིན་རེར་མི་ལྔ་ལས་ལྷག་པར་འཛུལ་ཞུགས་ལག་འཁྱེར་གནང་ཐུབ་ཀྱི་མེད་ནའང༌། བར་ལམ་འབོད་སྐུལ་མུ་མཐུད་ཞུས་ཏེ་མི་བཅོ་ལྔའི་བར་སྤར་ཐུབ་པ་བྱུང་བ་མ་ཟད། མི་ཚོགས་མང་སྐབས་ཉིན་རེར་མི་ཉི་ཤུ་ཡས་མས་ལ་ལག་འཁྱེར་གནང་ཐུབ་པ་ཆགས་ཡོད། བྱས་ཙང་དེ་ཙམ་གྱི་དཀའ་ངལ་ཡོད་མ་རེད། དུས་འཁོར་དབང་ཆེན་གྱི་སྐབས་བལ་ཡུལ་གཞུང་གི་ཕྱིར་ཐོན་ཆོག་མཆན་མ་སྤྲད་པའི་དབང་གིས་མི་མང་པོ་ཞིག་བསྒུག་དགོས་པའི་གནས་ཚུལ་ཞིག་བྱུང་བ་རེད། དེའི་སྐབས་ང་ཚོའི་ངོས་ནས་ཕྱི་ནང་གསང་གསུམ་གྱི་ཐབས་ཤེས་ཤུགས་ཆེ་ཞུས་ཏེ་མཐའ་མར་ཁོ་ཚོ་ཚང་མ་དུས་འཁོར་དབང་ཆེན་ཞུ་བར་དུས་ཐོག་འབྱོར་ཐུབ་པ་བྱུང་ཡོད། བལ་ཡུལ་སྣེ་ལེན་ཁང་གི་ཁང་པའང་ཉམས་གསོ་དང་རྒྱ་བསྐྱེད་བྱེད་བཞིན་པ་ཡིན་ཙང་མ་འོངས་པར་དཀའ་ངལ་ཕྲན་བུ་ཆུང་དུ་འགྲོ་རྒྱུ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བོད་ནང་མི་བསད་དེ་བཙོན་དུ་ཚུད་པ་དེ་ཚོའང་ཆབ་སྲིད་བཙོན་ཟུར་ནང་ཚུད་དེ་ཨོ་སི་ཀྲི་ལི་ཡར་བཏང་འདུག་ཅེས་བཀའ་གནང་སོང༌། ཡིན་ནའང་མི་དེའི་མིང་དང་ལོ་རྒྱུས་གང་ཡང་གསུངས་མ་སོང༌། ང་ཚོའི་ངོས་ནས་དེ་འདྲ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཆགས་ཚང་མའི་འདེམས་སྒྲུག་གོང་དུ་ཞུས་པ་ལྟར་ཞིབ་འཇུག་ཞིབ་ཚགས་པོའི་ཐོག་ནས་བྱེད་ཀྱི་ཡོད། ལར་ནས་ཆབ་སྲིད་ཀྱི་ལས་དོན་བྱེད་མཁན་དང༌། མི་གསོད་མྱོང་མཁན་གཉིས་ཀ་ཡིན་པའང་ཡོང་མི་སྲིད་པ་མ་རེད། གལ་སྲིད་ཆབ་སྲིད་ཀྱི་ལས་དོན་གཏན་ནས་མ་བྱས་པར་མི་བསད་ནག་ཉེས་རྐྱང་པའི་དབང་གིས་བཙོན་དུ་ཚུད་མཁན་ད་ལྟ་ཆབ་སྲིད་བཙོན་ཟུར་ནང་ཚུད་པ་དེ་འདྲ་ཡོད་པ་ཡིན་ན་མིང་དང་གནས་ཚུལ་ལོ་རྒྱུས་རྒྱབ་ལྗོངས་ཆ་ཚང་ཞིག་གནང་བ་ཡིན་ན། ང་ཚོས་ངེས་པར་དུ་བསྐྱར་ཞིབ་བྱེད་ཀྱི་ཡིན། གལ་སྲིད་ཨོ་སི་ཀྲོ་ལི་ཡར་ཐོན་ཟིན་པ་ཡིན་ནའང་ཞིབ་འཇུག་བྱེད་མ་ཆོག་པ་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ཨཱར་སི་དུས་ཡུན་འཕར་འགྱངས་ཞུ་རྒྱུ་དེ་ལོ་གསུམ་ནས་ལྔའི་བར་ཞུ་རྒྱུ་ཡོད་པ་ཞིག་བཟོ་ཐུབ་མིན་བཀའ་འདྲི་གནང་འདུག དེ་ནི་ཚོགས་དུས་སྔོན་མ་རྣམས་སུའང་གསལ་བཤད་ཞུས་ཟིན་པ་ཡིན། དེ་འདྲ་བཟོ་ཐུབ་ཀྱི་མི་འདུག
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ངོ་སྤྲོད་ལག་འཁྱེར་དེབ་སེར་པོ་དེ་ཤོག་གྲངས་ཉུང་དྲགས་འདུག དེའི་ཤོག་གྲངས་མང་དུ་གཏོང་དགོས་ཀྱི་འདུག་ཅེས་བཀའ་གནང་སོང༌། དེའི་སྐོར་སྔོན་མ་ནས་རྒྱ་གར་གཞུང་ལ་ཞུས་ཏེ་ཤོག་ལྷེ་མང་དུ་གཏང་རྒྱུའི་ཐག་གཅོད་གནང་ཟིན་པ་རེད། ཡིན་ནའང་པར་བརྒྱབས་ཟིན་པའི་ད་ཡོད་ཤོག་ལྷེ་ཉུང་ཉུང་དེ་རྫོགས་པའི་རྗེས་ལ་མ་གཏོགས། ཤོག་ལྷེ་མང་པོ་ཡོད་པ་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་པ་རེད། དེང་སྐབས་ལག་འཁྱེར་ཞུ་མཁན་གྱི་གྲངས་འབོར་ལ་གཞིགས་ན་ད་ཡོད་དེབ་མགྱོགས་པོ་རྫོགས་པའི་རེ་བ་འདུག ལར་ནས་ཤོག་ལྷེ་ཉུང་ཡང་དེབ་འཕར་མ་ཞུ་རྒྱུར་དཀའ་ངལ་གང་ཡང་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དྭང་སློབ་དམག་སྒར་དུ་འཚམས་གཟིགས་ཕེབས་པའི་རྗེས་ལ་མཇུག་ནོན་དང་འབྲེལ་བ་གང་གཟབ་དགོས་ཀྱི་འདུག་གསུངས་སོང༌། དེ་ནི་ཞུས་དང་ཞུ་བཞིན་པ་ཡིན། འབྲེལ་བ་དམ་ཟབ་མ་ཞུས་པའི་དབང་གིས་འཐུས་ཤོར་ཕྱིན་པ་གང་ཡང་མེད་བསམ་གྱི་ཡོད། གལ་སྲིད་འདུག་ན་མཛུབ་སྟོན་གནང་རོགས་གནང་ཞུ་རྒྱུ་ཡིན།
དཔལ་ལྡན་ཚོགས་གཙོ་མཆོག དུས་ཚོད་རྒྱུན་རིང་འགོར་སོང་བར་དགོངས་སེལ་ཞུ་རྒྱུ་དང༌། དྭོགས་འདྲི་གནང་བའི་དོན་ཚན་གསལ་བཤད་ཞུ་རྒྱུ་ལུས་པ་དང༌། ཡང་ན་གསལ་བཤད་གསལ་པོ་མ་ཆགས་པ་དེ་འདྲ་བྱུང་ཡོད་ནའང་དགོངས་སེལ་ཞུ་རྒྱུ་ཡིན། བཀུར་འོས་སྤྱི་འཐུས་རྣམ་པར་ཐུགས་དྭོགས་མ་ཆོད་པ་ཡོད་ན་འབྲེལ་ཡོད་ལས་ཁུངས་སོ་སོར་ཐད་ཀར་བཀའ་བརྩད་གནང་ན་གསལ་བཤད་ངེས་པར་དུ་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩