ལ་དྭགས་བསོད་ནམས་གླིང་གི་ཞིང་ཆུའི་དཀའ་ངལ་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། ༄༅། །བསོད་ནམས་གླིང་ནང་ཞིང་ཆུ་དཀའ་ངལ་སེལ་ཐབས་ཞུས་པར། བོད་མི་དང་ཡུལ་མི་གཉིས་ཀར་ལྡེང་བའི་འཆར་གཞི་ནང་སྲིད་ལ་འབྱོར་བ་ཡིན་ན་ཐབས་ཤེས་གང་ཐུབ་གནང་རྒྱུ་ཞེས་ཚོགས་དུས་སྔོན་མར་བཀའ་གནང་ཡོད་སྟབས།༡ ད་ཆ་བོད་མི་དང་ཡུལ་མི་གཉིས་ཀར་ལྡེང་བའི་འཆར་གཞི་འབུལ་འབྱོར་བྱུང་ཡོད་དམ་མེད།
༢ ཡོད་ན་དེའི་ཐད་ཐབས་ཤེས་གང་གནང་ཐུབ་ཡོད་པ་དང་གནང་འཆར་ཡོད།
༣ མེད་ན་མི་མང་གི་དཀའ་ངལ་སེལ་ཆེད་དེ་ལྟར་དགོས་པའི་ལམ་སྟོན་གནང་དགོས་གལ་ཆེན་གཟིགས་ཀྱི་མེད་དམ། ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
༡ ས་གནས་ནས་ཆུ་ཡུར་བཟོ་བཅོས་ཆེད་སྒོར་འབུམ་ཉི་ཤུ་རྩ་བདུན་གྱི་འཆར་གཞི་བཟོ་འབུལ་བྱུང་ཡོད།
༢ ཆུ་ཡུར་ཆེན་མོ་ཨ་བྷི་ཀ་ནལ་ཞེས་པ་དེ་ཡུལ་བོད་གཉིས་ཀྱི་ཞིང་ཆུ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། ཆུ་ཡུར་དེ་བཞིན་ས་གནས་གཞུང་གི་ཞིང་ཆུ་འདྲེན་གཏོང་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་སྟབས་རང་ཕྱོགས་ནས་ཐད་ཀར་ཉམས་གསོ་གནང་ཆོག་གི་མེད་པར་སོང་གཅིག་བསྡུས་འཆར་གཞི་གསུམ་པའི་ཁོངས་རོགས་དངུལ་ཐབས་ཤེས་ཆེད་རྒྱབ་གཉེར་ཞུས་ཐོབ་བྱུང་མེད།
༣ བཙན་བྱོལ་གཞུང་ངོས་ནས་ཐེངས་གཅིག་ཉམས་གསོ་ཆ་ཚང་བྱ་རྒྱུར་ས་གནས་མངའ་གཞུང་ལས་ཁུངས་ནས་ཆོག་མཆན་ཐོབ་ཐབས་ས་གནས་འགོ་འཛིན་ལ་བཀོད་ཁྱབ་ཟིན་པས་རིང་མིན་གནས་ཚུལ་འབྱོར་མཚམས་ཆུའི་དཀའ་སེལ་བྱེད་ཕྱོགས་ཇི་འགབ་ཐག་གཅོད་ཞུ་རྒྱུ་ཡིན་ལགས།
དེ་ཡིག་ཐོག་དྲིས་ལན་ཕུལ་བའི་སྐབས་ཀྱི་གནས་ཚུལ་རེད། དྲིས་ལན་དེ་ཕུལ་ཚར་བའི་རྗེས་ལ་ཁ་སང་རང་ཚེས་ ༡༩ ཉིན་ལ་དྭགས་ནས་གནས་ཚུལ་འབྱོར་བ་དེའི་ནང་ཐེངས་གཅིག་ཉམས་གསོ་བྱ་རྒྱུའི་མངའ་གཞུང་ནས་ཆོག་མཆན་དེ་རག་གི་མི་འདུག གང་ཡིན་ཟེར་ན་མངའ་གཞུང་རང་གིས་ཉམས་གསོ་བྱ་རྒྱུའི་འཆར་གཞི་ཆ་ཚང་བསྒྲིགས་ནས་རི་རྒྱུད་ལྷན་ཚོགས་ལ་ཕུལ་ཟིན་པ་ཞིག་དང༌། ད་ལྟ་རི་རྒྱུད་ལྷན་ཚོགས་སང་ཉིན་འཕོ་འགྱུར་གྱི་སྐབས་ཡིན་དུས་དེ་ཆོག་མཆན་སྤྲད་རྒྱུ་ཡོང་གི་མ་རེད་ཅེས་ལབ་ནས་བཀག་སོང་ཞེས་གང་ལྟར་ས་གནས་འགོ་འཛིན་ལ་བཀོད་ཁྱབ་ཟིན་པ་དེའི་ནང་ང་ཚོ་བོད་པས་ཐེངས་གཅིག་ཉམས་གསོ་བྱ་རྒྱུའི་བཀའ་འཁྲོལ་དེ་རག་མི་འདུག་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༩ པའི་ཐོག་ལ་དྲི་བ་འདྲི་རྒྱུར། ལ་དྭགས་ཀྱི་ཞིང་ཆུ་འདྲེན་གཏོང་གི་ཐོག་ལ་ཕྱི་ལོ་ ༢༠༠༣ ཟླ་ ༨ ནང་ང་དང་སྤྱི་འཐུས་ཨོ་རྒྱན་བསྟན་འཛིན་གཉིས་ལ་དྭགས་ལ་འཚམས་གཟིགས་སུ་འགྲོ་བའི་སྐབས་ཀྱི་སྙན་ཐོའི་ནང་དུ་བཀོད་ཡོད། སྐབས་དེར་དེའི་ཐོག་ལ་ཞིབ་འཇུག་དང་འཆར་གཞི་འགོད་རྒྱུ་ཡིན་ཞེས་བཀའ་གནང་སོང༌། ཕྱི་ལོ་ ༢༠༠༥ ཟླ་ ༣ པའི་ནང་གྲོས་ཚོགས་ཚོགས་པའི་སྐབས་ལ་དྭགས་ས་གནས་འཐུས་མི་ཚོས་སྤྱི་འཐུས་རྣམ་པས་དེའི་ཐོག་ལ་གླེང་སློང་གང་ཡང་བྱས་མ་སོང་ལ། ད་བར་གྲུབ་འབྲས་གང་ཡང་སོན་མ་སོང་ཞེས་གསུངས་ཀྱི་འདུག སྐབས་དེར་དེ་སྔོན་འཚམས་གཟིགས་ལ་འགྲོ་མཁན་སྤྱི་འཐུས་ངེད་གཉིས་ཀྱིས་བཀའ་ཤག་ནས་བཀའ་ལན་གང་གནང་བ་བཞིན་འཆར་གཞི་དང་ཞིབ་འཇུག་གནང་གི་ཡོད་རེད་ཅེས་ཞུ་བ་དང་སྦྲགས་བཀའ་ལན་གྱི་ངོ་བཤུས་བཅས་ཀྱང་ཕུལ་བ་ཡིན། དེའི་ལན་འདེབས་ཀྱི་ཚུལ་དུ་ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༢༢ ཉིན་འཁོད་པའི་ལན་འདེབས་ཤིག་གནང་བྱུང་བའི་ནང་དུ་ད་ལྟ་བར་གང་ཡང་གྲུབ་འབྲས་ལག་སོན་གནང་མ་སོང་ཞེས་གསུངས་ཀྱི་འདུག དེ་གཞིར་བཞག་ཐོག་ནང་སྲིད་ལས་ཁུངས་སུ་ ༢༠༠༥ ཟླ་ ༥ ཚེས་ ༢༦ ཉིན་དེའི་ཐོག་ལ་དྲི་བ་དྲིས་པ་ཡིན། བཀའ་ལན་གྱི་ནང་དུ་གསུམ་མདོ་ལ་ཞིང་ཆུ་འདྲེན་གཏོང་བྱ་རྒྱུ་བཟོས་ཡོད་ཅེས་བཀའ་ལན་གནང་སོང༌། དེ་རིང་འདིར་བཀའ་འདྲི་ཞུ་རྒྱུ་འདིར་དེ་དངོས་འབྲེལ་གྱི་དཀའ་ངལ་ཞིག་ཡིན་པར་དགོངས་བཞེས་གནང་གི་ཡོད་དམ་མེད། དངོས་འབྲེལ་ཡིན་པ་ངོས་འཛིན་གནང་གི་ཡོད་ན། ཕྱི་ལོ་ ༢༠༠༣ ཀྱི་ནང་ལ་སྤྱི་འཐུས་འཚམས་གཟིགས་ཕེབས་པ་དེ་དང་ ༢༠༠༤ ནང་དུ་འཚམས་གཟིགས་སུ་ཕེབས་པ་དེ་གཉིས་དང་དེ་མིན་ས་གནས་ས་ཐོག་གི་འཐུས་མིས་རེ་བསྐུལ་སྔ་ཕྱི་ཞུས་པ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་ཐེངས་གཅིག་རིང་ཉམས་གསོ་བྱ་རྒྱུའི་ཆོག་མཆན་དེ་རག་གི་མ་རེད་ཅེས་ཁ་སང་ལན་འབྱོར་ཡོད་ཚུལ་གསུངས་སོང༌། དེ་འདྲའི་བཀའ་ལན་དེ་དངོས་འབྲེལ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། གཞི་རྩའི་ལས་དོན་ཉམས་གསོ་བྱ་རྒྱུའི་བཀའ་ཁྲོལ་དེ་སྔོན་ནས་མ་ཞུས་པར་ད་བར་དུ་ཕར་འགྱངས་སུ་ལུས་དོན་གང་ཡིན་ནམ།

བཀའ་ལན།
ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཞིང་ཆུ་འདྲེན་གཏོང་གི་དཀའ་ངལ་དེ་དངོས་ཡོད་ཀྱི་དཀའ་ངལ་ཡིན་པ་དང་ངེས་པར་དུ་སེལ་དགོས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཛ་དྲག་གི་དཀའ་ངལ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཞེ་ན། ཆུ་ཡུར་དེའི་ནང་ད་ལྟའང་ཆུ་ཡོང་བཞིན་པ་རེད། ཆུ་འབེལ་པོ་ཡོད་མིན་གྱི་གནས་སྟངས་ཙམ་མ་གཏོགས་ཆུ་གཏན་ནས་མེད་པའི་གནས་ཚུལ་ཞིག་མ་རེད། ཉེ་ཆར་ནང་སྲིད་བཀའ་བློན་ལ་དྭགས་ལ་བཅར་སྐབས་ཞིབ་འཇུག་ཞུས་པ་ཡིན། སྤྱིར་བཏང་ལ་དྭགས་སླེ་བྱང་གི་གནས་སྟངས་དེ་བོད་མིའི་གཞིས་ཆགས་གཞན་དག་གི་གནས་སྟངས་དང་མི་འདྲ་བ་ཆེན་པོ་ཡོད་པ་ཞིག་རེད་འདུག ལ་དྭགས་ཀྱི་འཐུང་ཆུ་དང་ཞིང་ཆུ་གཉིས་ཀ་ལ་དེ་སྔ་འགྲོ་སོང་བཏང་བ་ལ་ཆ་མཚོན་པ་ཡིན་ན་མང་དྲགས་པ་ཞིག་མ་གཏོགས་ཉུང་དྲགས་པ་ཞིག་རེད་མི་འདུག ཡིན་ནའང་དཀའ་ངལ་གཙང་སེལ་བྱུང་མི་འདུག་ལ། མ་འོངས་པར་ཡང་དཀའ་ངལ་ཆ་ཚང་སེལ་ཐུབ་པ་ཞིག་ཡོང་བའི་རེ་བ་ཆེན་པོ་མི་འདུག དེའི་རྒྱུ་མཚན་ནི་གཅིག་ནས་ས་ཆའི་གནས་བབ་དང༌། གཉིས་སུ་གཞིས་མི་ཚོའི་བསམ་བློ་འཁྱེར་སྟངས་ལ་ཐུག་བསྡད་པ་ཞིག་རེད་འདུག
ད་ལྟའི་བར་ལས་དོན་དེ་ལུས་བསྡད་པ་གང་ཡིན་ནམ་ཞེས་གསུངས་པའི་ཐད། ལས་གཞི་མ་བརྩམས་པར་ལུས་པ་མ་རེད། འདས་པའི་ལོ་གསུམ་བཞིའི་ནང་ཆུ་ཡུར་ཉམས་གསོ་བྱེད་ཆོག་པའི་བཀའ་ཁྲོལ་ཞུ་རྒྱུའི་ཐབས་ཤེས་མུ་མཐུད་བྱེད་བཞིན་པ་ཡིན་ནའང་མངའ་སྡེ་གཞུང་དང་རི་རྒྱུད་ཚོགས་འདུ་ཁོ་རང་ཚོས་ཉམས་གསོ་གནང་གི་ཡིན། བོད་མིའི་གཞིས་ཆགས་ཀྱིས་ཉམས་གསོ་བྱེད་ཆོག་གི་མ་རེད་ཅེས་གསུངས་པ་ལ་བརྟེན་ནས་ད་བར་འགྱངས་པ་རེད། ཉེ་ཆར་བསྐྱར་དུ་ཉམས་གསོ་ལན་གཅིག་ང་ཚོས་བྱེད་ཆོག་པ་དང༌། དེའི་རྗེས་བདག་སྤྲོད་ས་གནས་ཞིང་ཆུ་འདྲེན་གཏོང་ལས་ཁུངས་ཀྱིས་གནང་བཞིན་པ་དེ་ལ་ང་ཚོས་རྩོད་གླེང་ཞུ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན་ནའང་བཀའ་ཁྲོལ་ཐོབ་མི་འདུག བཙན་བྱོལ་གཞུང་གིས་ཆུ་ཡུར་ཉམས་གསོའི་ལས་དོན་གལ་ཆེན་པོ་མ་བརྩིས་པ་དང༌། ཐབས་ཤེས་མ་བྱས་པ་མིན་ཞེས་ཞུ་རྒྱུ་ཡིན།
བཀུར་འོས་སྤྱི་འཐུས་རྣམ་པ་འཚམས་གཟིགས་སྔ་རྗེས་ཕེབས་པའི་སྐབས་དང༌། ས་གནས་འཐུས་མིའི་ཚོགས་འདུས་སྔ་རྗེས་ཞུས་པ་ཚང་མ་འཆར་ཅན་དཀའ་ངལ་དེ་བསྐྱར་ལྡབ་ཡང་ལྡབ་ཞུས་པ་ཙམ་མ་གཏོགས་ཞིབ་ཚགས་པོས་དེ་སེལ་བའི་ཐབས་ལམ་གང་ཡོད་དཔྱད་ཞིབ་གནང་བ་ཞིག་བྱུང་མི་འདུག ལ་དྭགས་བསོད་ནམས་གླིང་གི་ཞིང་ཆུའི་དཀའ་ངལ་སེལ་བའི་ཆེད་དུ་ཐབས་ལམ་གཞན་པ་ཞིག་བཙལ་ན་མ་གཏོགས་ད་ཡོད་ཆུ་ཡུར་དེ་ཉམས་གསོ་བྱེད་རྒྱུ་རང་ལ་རེ་བ་རྒྱག་བསྡད་པ་ཡིན་ན་སྒྲུབ་ཐབས་མེད་པ་ཞིག་གསལ་པོ་མཐོང་སོང༌། དེ་འདྲ་ཡིན་ཙང་ཆུ་ཡུར་ཙམ་མ་ཡིན་པའི་ལ་དྭགས་སླེ་བྱང་གཉིས་ཀྱི་དགོས་མཁོ་ཡོངས་རྫོགས་ལ་ཞིབ་འཇུག་གིས་དམིགས་བསལ་འཆར་གཞི་གསར་པ་ཞིག་བཟོ་དགོས་པ་ཆགས་ཀྱི་འདུག དེ་འདྲ་ཡིན་ཙང་ྋགོང་ས་མཆོག་གི་ཆིབས་བསྒྱུར་གྲུབ་པ་དང་ནང་སྲིད་ནས་ལས་བྱེད་ཅིག་ཆེད་གཉེར་གྱིས་ལ་དྭགས་སླེ་བྱང་གཉིས་ཀྱི་གནས་ཚུལ་ཡོངས་རྫོགས་བསྐྱར་ཞིབ་དང་འབྲེལ་ལས་འཆར་ཚད་ལྡན་དངོས་སུ་མང་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་བཟོ་རྒྱུའི་བང་བསྒྲིགས་པ་ཡིན། འོན་ཀྱང་དེའི་བར་ལ་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་གནང་བ་ཡིན་ཙང་གནས་སྐབས་ལས་གཞི་གསར་པ་བཟོ་རྒྱུ་དེ་རིགས་འོས་བསྡུའི་ལས་རིམ་མ་གྲུབ་བར་དུ་ཕྱིར་འགྱངས་བྱེད་ན་བསམས་པ་ཡིན། ང་ཚོའི་སྒྲིག་གཞི་ཁག་གི་ནང་གསལ་ཁ་གང་ཡང་མེད་ཀྱང་མང་གཙོའི་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་བཟོ་དགོས་པ་ཡིན་ཙང་གནས་སྐབས་ཕྱིར་འགྱངས་བྱེད་དགོས་མིན་ནམ་བསམ་གྱི་ཡོད། གང་ལྟར་སྔ་ཕྱི་མ་གཏོགས་བསྐྱར་ཞིབ་ཆ་ཚང་བྱས་ཏེ་ལས་གཞིའི་ཐོག་འགྲོ་སོང་བཏང་ཐུབ་ཙམ་ཞིག་མ་ཡིན་པར་འགྲོ་སོང་གང་བཏང་བ་དེ་ས་གནས་ལ་རྒྱུན་གནས་ཐུབ་པའི་ཕན་ཐོགས་ཡོད་པ་ཞིག་བྱེད་རྒྱུའི་རེ་བ་ཡོད།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
ད་ལྟ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་དྲི་བ་གཅིག་དྲི་བའི་ངོ་གདོང་གི་ཐོག་ནས་སེམས་ནང་སླེབས་སོང༌། དེ་ཡང་ཞིང་ཆུའི་དཀའ་ངལ་སེལ་ཐབས་ཞུས་པར་ཞེས་གསུངས་འདུག དེའི་ཐོག་ལ་བཀའ་ལན་འཆར་གཞི་བཟོ་འབུལ་བྱུང་ཡོད་ཅེས་གསུངས་འདུག རྩ་བའི་གོང་དུ་གནས་ཚུལ་བཀའ་བློན་ཁྲི་པས་གསལ་བཤད་གནང་སོང༌། ཡིན་ནའང་དྲི་བ་ཞུ་རྒྱུ་ཞིག་ལ་ས་ཞིང་འདེབས་ལས་བྱེད་ཀྱི་ཡོད་སྟབས། ཞིང་ཆུ་དེ་གལ་ཆེན་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ས་ཞིང་འདེབས་ལས་ཀྱི་ཐོག་ལ་ཆུ་དེས་ལྡེང་ངེས་པ་ཞིག་ད་ལྟ་ཡོད་རེད་དམ། གང་ཡིན་ཞེ་ན་འཚོ་བའི་ཐོན་ཁུངས་དེ་ས་ཞིང་འདེབས་ལས་དེ་ཡིན་དུས་སྟོན་ཐོག་གི་ཐོན་ཁུངས་དེ་ཡང་དེ་ལ་རག་ལས་པ་ཞིག་ཡིན་སྟབས་ཆུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ས་ཞིང་འདེབས་ལས་ཀྱི་ཐོག་ལ་དཀའ་ངལ་མེད་པ་ཆུ་དེ་ལྡེང་ངེས་གཅིག་ཡོད་རེད་དམ་ཞུ་རྒྱུ་ཡིན།
བཀའ་ལན།
ས་ཞིང་འདེབས་ལས་ཀྱི་ཐོག་ལ་ཆུ་འདང་གི་མི་འདུག་ཅེས་གྲོས་ཚོགས་འཐུས་མི་རིམ་བྱུང་གིས་བཀའ་གནང་བསྡད་པ་རེད། ཆུ་འདང་གི་མི་འདུག་གསུངས་པ་མ་གཏོགས་ཆུ་མི་འདུག་ཅེས་གསུངས་ཀྱི་ཡོད་མ་རེད། སྤྱིར་བཏང་ལ་དྭགས་སླེ་བྱང་གཞིས་ཆགས་ཁག་ཏུ་ས་ཞིང་འདེབས་ལས་ཀྱི་གནས་སྟངས་ད་ལྟའི་གནས་སྐབས་ལ་ཧ་ལམ་བརྒྱ་ཆ་བརྒྱད་ཅུ་ལྷག་རྟ་དྲེལ་དང་སྒོ་ཕྱུགས་ཀྱི་བཟའ་རྒྱུའི་རྩྭ་མ་གཏོགས་སྟོན་ཐོག་འདེབས་མཁན་མི་འདུག དེ་འདྲ་ཡིན་དུས་ཞིང་ཆུའི་དཀའ་ངལ་སེལ་རྒྱུ་དང་ཆབས་ཅིག་ཏུ་སྟོན་ཐོག་འདེབས་ལས་བསྐྱར་དུ་འགོ་འཛུགས་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་འདུག ཉེ་ཆར་ངོས་རང་ལ་དྭགས་སུ་ཕྱིན་སྐབས་ཀཤ་མིར་གཙུག་ལག་སློབ་ཁང་གི་སོ་ནམ་ཞིང་ལས་སྦྱོང་བརྡར་སྡེ་ཚན་གྱི་གཙོ་འཛིན་དང་འཕྲོས་མོལ་བྱུང་དོན་བཞིན་མ་འོངས་པར་ལ་དྭགས་ཀྱི་ནང་བོད་མི་ཙམ་མ་ཡིན་པར་ཁྱོན་ཡོངས་ནས་སོ་ནམ་ཞིང་ལས་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་དགོས་པའི་གནས་ཚུལ་མཐོང་སོང༌། དེའི་སྐོར་ང་ཚོས་བསམ་ཞིབ་བྱེད་མུས་ཡིན་ཞེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣