ལ་དྭགས་ཁུལ་བུན་གཏོང་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས། སྐར་རྟགས་ཅན་གྱི་དྲི་བ་འདི་སྙན་སྒྲོན་མ་ཞུས་གོང་ལ་དྲི་བ་འདི་འབུལ་དགོས་པའི་རྒྱུ་མཚན་ཐུང་ཐུང་ཞིག་ཞུ་རྒྱུ་ཡིན། སྤྱི་འཐུས་རྒྱུན་ལས་ནས་བཀའ་ཤག་ལ་ཕུལ་ཟིན་པའི་དྲི་བར་ལན་འདེབས་གནང་ཟིན་པ་ཞིག་དེ་རིང་སླར་ཡང་གྲོས་ཚོགས་ལ་འབུལ་དགོས་པའི་རྒྱུ་མཚན་ནི་སྤྱི་འཐུས་རྣམ་པ་ཕྱོགས་མཐའི་གཞིས་ཆགས་ཁག་དང་བོད་མི་གནས་སྡོད་བྱ་ཡུལ་ཁག་ཏུ་ཆབ་སྲིད་སློབ་གསོ་དང་འབྲེལ་བདེ་སྡུག་གཟིགས་རྟོག་ལ་བསྐྱོད་སྐབས་མང་ཚོགས་ཀྱི་དཀའ་ངལ་གང་ཡོད་པ་དེ་མི་མང་གི་སྐུ་ཚབ་བརྒྱུད་ནས་བཀའ་ཤག་ལ་སྙན་གསན་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད་པ་རེད། དེ་ལྟར་བཀའ་འདྲི་ཞུ་བའི་སྐབས་བཀའ་ལན་ཕལ་ཆེ་བ་ག་རེ་གནང་ཟིན་དང༌། གང་གནང་འཆར་ཡོད་པ་གསལ་པོ་བཀའ་ལན་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་བཀའ་ལན་ཁ་ཤས་ཁ་གསལ་མེད་པར་སྦུག་སྦུག་ལྟ་བུ་གནང་ཡོང་དུས་བཞུགས་ས་དྷ་སའི་དཀྱིལ་འཁོར་ནང་ཡོད་ནའང་ཡིག་རྙོག་སངས་མི་ཐུབ་པ་དེ་འདྲ་ཡོང་གི་འདུག དྲི་བ་དེ་རྒྱུན་ལས་བརྒྱུད་ནས་ཕུལ་བ་ཡིན་ན་བཀའ་ལན་ཁ་གསལ་ཞིག་ཡོང་མིན་ཤེས་ཐུབ་ཀྱི་མི་འདུག་པས་དེ་རིང་འདིར་དྲི་བ་དེ་ཞུས་པ་ཡིན། དེ་དང་ཆབས་ཅིག་ཁ་སྔོན་འཚམས་གཟིགས་ཕྱི་ཟླ་བརྒྱད་པའི་ནང་བསྐྱོད་རྗེས་དྲི་བ་ཁག་གཅིག་འབྲེལ་ལས་ཁག་གིས་འབུལ་ཡུལ་འཛོལ་ནས་གནང་འབྱོར་བྱུང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་དྲི་བ་འདི་འདོན་རྒྱུ་ཡིན།

༄༅། །ལ་དྭགས་སླེ་བྱང་གཉིས་ཀྱི་པདྨའི་ལས་འཆར་ཐད་བཀའ་ལན་ཕེབས་དོན། བྱབྱརྩ་འཛིན་ཡིག་ཆ་ལྟར་ཞིབ་བཀང་གིས་འབུལ་དགོས་ཞུས་ཡོད་བྱབྱ ཅེས་དང༌། ཡང་ བྱབྱའགེངས་ཤོག་འདི་དག་བཀང་འབུལ་ཞུ་རྒྱུར་ས་གནས་སུ་པདྨའི་ལས་གཞིའི་ལས་བྱེད་ཡོད་མུས་ཀྱིས་དཀའ་ངལ་འཕྲད་གཞི་མེད་ཞུ་བྱབྱ གསལ་ཐད་ལ་དྭགས་ཁུལ་འཚམས་གཟིགས་སུ་བསྐྱོད་སྐབས་པདྨའི་ལས་གཞིའི་ལས་བྱེད་ཀྱི་ཐོག་ནས་འགེངས་ཤོག་འགེངས་སྟངས་མ་འགྲིག་པས་གཞིས་མིར་རོགས་སྐྱོར་གཅིག་ཀྱང་མ་ཐོབ་པའི་གནས་ཚུལ་འགྲེལ་བརྗོད་དང་འབྲེལ་དཀའ་སེལ་ཡོང་བའི་འབོད་བསྐུལ་བཞིན་ཞུས་པ་ལས་དྲི་བ་ཞུ་རྒྱུར།
༡ ལ་དྭགས་སླེ་བྱང་པདྨའི་ལས་གཞིའི་འགེངས་ཤོག་སྒྲིག་གསལ་ལྟར་བཀང་སྟེ་འབུལ་འབྱོར་གྲངས་ཇི་ཙམ་བྱུང་ཡོད་དམ།
༢ སྒྲིག་གསལ་ལྟར་འགེངས་ཤོག་བཀང་འབུལ་ཇི་ཙམ་ལ་ན་གཞོན་རོགས་འདེགས་ཀྱི་དངུལ་བུན་གཏོང་གནང་ཡོད་དམ།
༣ ན་གཞོན་རོགས་འདེགས་ཀྱི་དངུལ་བུན་བཏང་བའི་ནང་ལས་གཞི་གང་དང་གང་ཡོད་བཅས་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
༡ ལ་དྭགས་སླེ་བྱང་ཁུལ་ནས་ན་གཞོན་རམ་འདེགས་བུན་འཁོར་ལས་གཞིའི་འགེངས་ཤོག་བཀང་སྟེ་ཞུ་སྙན་འབྱོར་བ་གྲངས་ ༣༣ བྱུང་ཡོད། ལས་བྱེད་པས་འགེངས་ཤོག་འགེངས་སྟངས་མ་འགྲིག་པ་བྱུང་མི་འདུག
༢ འགེངས་ཤོག་གྲངས་ ༣༣ འབྱོར་ཁོངས་ནས་སྒྲིག་གསལ་ཆ་རྐྱེན་ཚང་བ་ན་གཞོན་ ༦ ལ་དངུལ་བུན་བཏང་ཡོད།
༣ གོང་གསལ་དངུལ་བུན་བཏང་བའི་ནང་གཤམ་གསལ་ལས་གཞི་རྣམས་ཡོད།
ཀ གྱོན་ཆས་ཚོང་ཁང༌།
ཁ ཟ་ཁང༌།
ག བཟའ་བཅའི་ཚོང་ཁང༌།
ང བྱ་སྤུའི་སྟོད་གོས་བཟོ་བསྐྲུན་བཅས་ཡོད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
དྲི་བ་དང་པོའི་བཀའ་ལན་གྱི་ནང་དུ་ལས་བྱེད་པས་འགེངས་ཤོག་འགེངས་སྟངས་མ་འགྲིགས་པ་བྱུང་མི་འདུག་ཅེས་གསལ་བ་ཏན་ཏན་ཡིན་གྱི་རེད། ད་ལྟ་གོང་ལ་ཞུས་པའི་ལས་བྱེད་པས་འགེངས་ཤོག་འགེངས་སྟངས་མ་འགྲིག་པས་རོགས་སྐྱོར་ཐོབ་མ་སོང་ཞུས་པ་དེ་ལ་ཧེ་བག་གང་ཡང་མེད། སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཉམ་བཅར་ཡོད་པས་ཁོང་གིས་མཁྱེན་གྱི་ཡོད། འོན་ཀྱང་ལས་བྱེད་པས་འགེངས་ཤོག་འགེངས་སྟངས་མ་འགྲིགས་པ་མེད་ན་ཧ་ཅང་ཡག་པོ་ཡིན་སྟབས་དེས་འཐུས་པ་ཞུ་རྒྱུ་ཡིན། འགེངས་ཤོག་གྲངས་ ༣༣ ཡོད་པ་ལས་གྲངས་ ༦ ལ་མ་གཏོགས་ན་གཞོན་རོགས་འདེགས་ཀྱི་དངུལ་བུན་རག་གི་མེད་སྟབས་གྲངས་ ༢༧ སྒྲིག་གསལ་ཆ་རྐྱེན་མ་ཚང་བ་རྣམས་ཆ་རྐྱེན་གང་དང་གང་ཚང་མེད་དམ། རོགས་སྐྱོར་མི་ཐོབ་མཁན་རྣམས་ལ་རོགས་འདེགས་ཐབས་ལམ་ལམ་སྟོན་གང་གནང་འཆར་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
ལ་དྭགས་སླེ་བྱང་ཁུལ་ནས་ན་གཞོན་རམ་འདེགས་ཀྱི་ལས་གཞི་འགེངས་ཤོག་ ༣༣ འབྱོར་བ་དེ་དག་འགེངས་མཁན་ལས་བྱེད་གཅིག་པ་ཡིན་གྱི་རེད། དེ་ཚོའི་ནང་ནས་མི་དྲུག་ལ་རོགས་སྐྱོར་ཐོབ་ཡོད་པ་རེད། འགེངས་ཤོག་འགེངས་སྟངས་འགྲིགས་ཡོད་པ་སྟོན་གྱི་ཡོད། གལ་ཏེ་འགེངས་ཤོག་འགེངས་སྟངས་མ་འགྲིག་པ་ཡིན་ན་ཚང་མར་གཅིག་གྱུར་གྱིས་རོགས་སྐྱོར་ཐོབ་ཀྱི་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ལས་བྱེད་པས་འགེངས་ཤོག་འགེངས་སྟངས་ནོར་མི་འདུག་ཞུ་རྒྱུ་ཡིན། དོ་བདག་རང་ཉིད་ཀྱི་ངོས་ནས་འགེངས་ཤོག་ནང་སྒྲིག་གསལ་ཆ་རྐྱེན་མ་ཚང་བའི་རྐྱེན་གྱིས་རེད། ཡང་འཕྲོས་དོན་དྲི་བ་གཅིག་ལ། ཆ་རྐྱེན་གང་དང་གང་ཚང་མེད་པ་རེད་དམ་ཞེས་གསུངས་སོང༌། ཐོག་མར་འགེངས་ཤོག་འགྲེམས་དུས་ནས་ཆ་རྐྱེན་གང་དགོས་ཀྱི་ཡོད་པ་གསལ་པོ་ཞུས་ཡོད་པ་རེད། འགེངས་ཤོག་བཀང་ནས་ཕུལ་བ་དེ་ཚོའི་ནང་མང་ཆེ་བ་མ་གནས་ཞིབ་ཕྲ་མེད་པའི་དབང་གིས་ཆ་རྐྱེན་མ་ཚང་བ་རེད་འདུག དཔེར་ན་ཕུན་ཚོགས་རྡོ་རྗེ་དངུལ་འབོར་ཧིན་སྒོར་ཆིག་འབུམ་ཞུས་ཡོད་ཀྱང་དེ་སྐོར་བ་རྒྱག་སྟངས་དང་གང་དུ་གཏོང་གི་ཡིན་མིན་གསལ་པོ་མེད་པ་དང༌། ཚེ་རིང་ཉི་སྒྲོན་དང་ཉི་མ་དཔལ་མོ་གཉིས་ཀྱིས་ཚོང་ཁང་རྒྱག་གི་ཡིན་ཞེས་བཀོད་ཡོད་ཀྱང་ཁྲོམ་རྭ་ཡོད་མེད་དང༌། རྒྱུན་གནས་ཐུབ་པ་ཡིན་མིན་ཉམས་ཞིབ་ཆ་ཚང་བྱས་མེད་པ། སངས་རྒྱས་བསྟན་དར་གྱི་ལས་གཞི་གཞུང་གི་ལྟ་གྲུབ་འཚེ་བ་མེད་པ་དང་འགལ་བ་བཅས་ལ་བརྟེན་ནས་ཕྱིར་སློག་བྱས་འདུག ཁོང་ཚོ་ཚང་མ་ཚོང་འཆར་ཡོང་དམིགས་ཀྱི་ཉམས་ཞིབ་དང༌། མ་གནས་ཞིབ་ཆ་མེད་པ། ལྟ་གྲུབ་དང་འགལ་བ་བཅས་ཀྱི་རྐྱེན་བྱས་ནས་ཕྱིར་སློག་བྱེད་དགོས་བྱུང་ཡོད།
བཀའ་འདྲི་གནང་མཁན་བྱུང་མ་སོང་ཡང༌། གྲོས་ཚོགས་ནས་དོན་ཚན་གཉིས་ངེས་པར་དུ་མཁྱེན་དགོས་ཀྱི་འདུག པདྨའི་ལས་གཞིའི་བུན་གཏོང་གི་མ་དངུལ་དེ་ཚད་དང་ལྡན་པ་ཞིག་རེད་མ་གཏོགས་ཚད་མེད་པ་ཞིག་མ་རེད། ལས་གཞི་དེ་གཞིས་ཆགས་གང་མང་ཞིག་ལ་ཁྱབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན་ལ་དྭགས་སླེ་བྱང་ས་ཁུལ་དེ་སྔོན་མ་མེད་པ་གསར་དུ་བཅུག་པ་ཞིག་རེད། འགེངས་ཤོག་འགེངས་མཁན་ཚང་མས་འགེངས་ཤོག་ཆ་རྐྱེན་ཚང་བ་ཞིག་བཀང་ཡོད་ནའང་གཞིས་ཆགས་ཆེ་ཆུང་ལ་གཞིགས་པས་མི་གྲངས་ངེས་ཅན་ཞིག་འདེམས་ཁ་བྱས་ནས་འབུལ་རྒྱུ་མ་གཏོགས་ཚང་མར་ཕུལ་ཐུབ་ཐབས་མེད་པ་དེ་མཁྱེན་དགོས་པ་ཞིག་རེད། དོན་ཚན་གཉིས་པ་ད་ལྟ་འགེངས་ཤོག་ཕྱིར་སློག་བྱས་པ་དེ་ཚོ་བསྐྱར་དུ་ཕུལ་ཆོག་གི་མ་རེད་ཅེས་ཞུས་ཡོད་པ་མ་རེད། འགེངས་ཤོག་ཕྱིར་སློག་བྱེད་པའི་སྐབས་དོན་ཚན་གང་དང་གང་འགྲིག་མེད་པ་དེ་གསལ་བཤད་བྱས་ཡོད། ཡང་བསྐྱར་དོན་ཚན་དེ་དག་འགྲིག་པ་བཟོས་ཏེ་ཕུལ་ན་མ་དངུལ་གྱིས་འདེང་ཚེ་དགོངས་བཞེས་གནང་གི་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཐོགས་མེད་ལགས་ནས།
ཆ་རྐྱེན་མ་ཚང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཡིན་ཙང་ཆ་རྐྱེན་གང་དང་གང་ཚང་དགོས་ཀྱི་ཡོད་དམ། མ་གནས་ཞིབ་ཕྲ་མེད་པའི་མི་གྲངས་ ༢༢ དེ་ལ་མ་གནས་ག་ཚོད་ཙམ་ཞིག་དགོས་ཀྱི་ཡོད་དམ། དེའི་ཐོག་ལ་བཀའ་ལན་ཁ་གསལ་ཞིག་གནང་རོགས།

བཀའ་ལན།
ཆ་རྐྱེན་གང་དང་གང་དགོས་ཀྱི་ཡོད་དམ་གསུངས་པར་ཆ་རྐྱེན་ཆ་ཚང་འཁོད་པའི་ཡིག་ཆ་ངས་དེ་རིང་འདིར་འཁྱེར་མི་འདུག དགོས་གལ་གཟིགས་ན་བཀུར་འོས་སྤྱི་འཐུས་མཆོག་ལ་དེའི་ཡིག་ཆ་ཟུར་དུ་ཕུལ་ཆོག་པ་ཞུ་རྒྱུ་ཡིན། ཡོངས་གྲགས་ཀྱི་ཆ་རྐྱེན་ཚང་དགོས་པ་ནི་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ་བཅས་གསུམ་པོ་དེ་ལས་གཞི་ག་འདྲ་ཞིག་ཡིན་ནའང་ཚང་དགོས་པ་ཞིག་རེད། དེ་བཞིན་སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་འབུལ་དེབ་ཆད་མེད་དགོས་པ་སྨྲོས་མེད་ཐོག་ལས་གཞི་དེ་རྒྱུན་གནས་ཐུབ་པའི་ངེས་པ་རྙེད་པ་ཞིག་དགོས། དཔེར་ན་ཚོང་ཁང་ལྟ་བུ་ཡིན་ན་ཚོང་འགྲོ་རྒྱུགས་དང་ཁེ་བཟང་ཡོད་པ་ར་འཕྲོད་པ་ཞིག་དགོས་པ་ཡིན།
ཡང་མི་གྲངས་དྲུག་ཕུད་པའི་ལྷག་མ་རྣམས་ཀྱིས་མ་གནས་ག་ཚོད་ཞུས་པ་རེད་དམ་ཞེས་གསུངས་སོང༌། ཁོང་ཚོ་མང་ཆེ་བས་ཧིན་སྒོར་ཆིག་འབུམ་རེ་ཞུས་འདུག ལྔ་ཁྲི་ཞུ་མཁན་གཅིག་དང་སུམ་ཁྲི་ཞུ་མཁན་གཅིག་ལས་མི་འདུག ཚང་མར་བུ་ལོན་སྤྲད་པ་ཡིན་ན་ཧིན་སྒོར་འབུམ་ ༣༣ ཙམ་དགོས་ཀྱི་འདུག་པས་ཚང་མར་སྤྲོད་ཐུབ་ཐབས་མེད་པ་གསལ་པོ་རེད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
པདྨའི་ལས་གཞི་དེ་གཞིས་ཆགས་ཁག་ཚང་མར་མེད་པ་ཡིན་དུས་བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག་གི་མི་མང་གཙོས་པའི་མི་མང་མང་པོ་ཞིག་གིས་གསུང་སྐད་བསྐྱོན་གྱི་འདུག་པས་ད་ལྟའི་ཆར་པདྨའི་ལས་གཞི་མེད་པའི་ས་གནས་ཁག་ཏུའང་རིམ་པས་བཙུག་རྒྱུའི་འཆར་གཞི་ཡོད་དམ། པདྨའི་ལས་གཞིའི་ཐོག་ནས་བུན་གཏོང་གནང་བ་དེ་དག་ནང་སྲིད་ལས་ཁུངས་སུ་ཕྱིར་འབུལ་ཐུབ་དང་མི་ཐུབ་དེ་འདྲ་གང་བྱུང་ཡོད་དམ། ཡང་དྲི་བ་གསུམ་པའི་བཀའ་ལན་གྱི་ནང་དུ་ཟ་ཁང་དང་བཟའ་བཅའི་ཚོང་ཁང་དང་བྱ་སྤུའི་སྟོད་གོས་བཟོ་བསྐྲུན་བཅས་ཀྱི་ཆེད་དུ་བུ་ལོན་གཏོང་གནང་ཡོད་པ་འཁོད་འདུག་པས་དེ་ཚོ་ཁོར་ཡུག་སྲུང་སྐྱོབ་དང་འཚེ་བ་མེད་པ་ཞིག་ཡོང་ཐུབ་ཀྱི་ཡོད་དམ།

བཀའ་ལན།
པདྨའི་ལས་གཞི་དེ་གཞིས་ཆགས་ཡོངས་རྫོགས་ལ་ཁྱབ་ཀྱི་མི་འདུག་སྙམ་པའི་བསམ་ཚུལ་མི་མང་ནང་དུ་ཤུགས་ཆེན་པོ་འདུག་ཅེས་གསུངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ཡིན་ནའང་པདྨའི་ལས་གཞི་ཧ་ཅང་གཞི་རྒྱ་ཆེན་པོ་མེད་སྟབས་ད་ལྟའི་ཆར་སོ་ནམ་གཞིས་ཆགས་བཅུ་གཉིས་ལ་མ་གཏོགས་བཟོ་ལས་སོགས་ཀྱི་གཞིས་ཆགས་གཞན་ཚོར་ཁྱབ་ཐུབ་ཡོད་པ་མ་རེད། མ་འོངས་པར་གང་མང་ལ་ཁྱབ་ཐུབ་པའི་དམིགས་ཡུལ་གཟུང་གི་ཡོད། ད་ཕན་པདྨའི་ལས་གཞི་ནས་བུ་ལོན་ཕྱིར་འབུལ་གཏན་ནས་མ་ཞུ་མཁན་བྱུང་མི་འདུག དུས་ཐོག་ལ་ཕུལ་མ་ཐུབ་པ་གསུམ་བཞི་ཙམ་བྱུང་འདུག་ཀྱང་དེ་ཚོ་དུས་ཡུན་རིང་པོ་སོང་མེད་སྟབས་བུན་ནག་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད། དེ་ཚོ་ཞིབ་ཕྲ་མཁྱེན་འདོད་ཡོད་ན་ཡིག་ཐོག་ནས་ཕུལ་ཆོག
ཟ་ཁང་དང་བཟའ་བཅའི་ཚོང་ཁང་དེ་ཚོ་ཁོར་ཡུག་ལ་གནོད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། གལ་སྲིད་དེ་ཚོ་ཁོར་ཡུག་ལ་གནོད་ཀྱི་ཡོད་ན་ང་ཚོ་ཁ་ལག་མ་བཟས་པར་བསྡད་རྒྱུ་རེད་དམ། ཁ་ལག་ཟ་དགོས་ཕྱིན་ཆད་ཟ་ཁང་དང་བཟའ་བཅའི་ཚོང་ཁང་དགོས་ངེས་རེད།
བྱ་སྤུའི་སྟོད་གོས་བཟོ་སྐྲུན་ཚོང་ཁང་དེ་བྱ་སྤུའི་གྱོན་ཆས་རྙིང་པ་དེ་ཚོ་བསྐྱར་བཟོ་བྱས་ནས་སྟོད་ཐུང་སོགས་བཟོ་རྒྱུ་མ་གཏོགས་ཁོང་ཚོ་རང་གིས་བྱ་བསད་ནས་བྱ་སྤུ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་མ་རེད། དམག་མིའི་གྱོན་ཆས་རྙིང་པ་དེ་ཚོ་བསྐྱར་བཟོ་བྱས་པ་ཞིག་ཡིན་སྟབས་འཚེ་བ་ཡོད་པ་ཞིག་མཐོང་མ་སོང༌།
གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨