རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་བཀའ་ཤག་གིས་གནང་ན་མི་འགྲིགས་ཚུལ་གསུངས་པ།

སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་འདི་ཚུད་པར་དགག་བྱ་ཞུས་པ་ཡིན་ན། འདྲ་ཆགས་པོ་འདྲ་ཞིག་མ་མཐོང་བས་ཞུས་མེད། ཡིན་ནའང་བསྐྱར་བཅོས་ཀྱི་དོན་གནད་དེའི་ཐོག་བཀའ་ཤག་གིས་གྲོས་ཚོགས་ལ་སྙན་སྒྲོན་གསལ་པོ་ཞིག་མ་ཞུས་ན། རྩ་བའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ཐོག་ལ་ཕན་གནོད་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་གཞུང་ཞབས་འདེམས་ལྷན་དང༌། རྩིས་ཞིབ་ལས་ཁང༌། འོས་བསྡུ་ལས་ཁང་གསུམ་པོ་དེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཡོད་པའི་རང་དབང་ལྡན་པའི་སྡེ་ཚན་ལ་བཞག་ཡོད་རེད། རང་དབང་ལྡན་པ་ཟེར་བ་དེ་འཛིན་སྐྱོང་ནས་རང་དབང་ལྡན་པ་ཟེར་གྱི་ཡོད་རེད་མ་གཏོགས། གྲོས་ཚོགས་དང་ཁྲིམས་ཞིབ་ཁང་གི་འོག་ནས་ཀྱང་རང་དབང་ལྡན་པ་ཆགས་རྒྱུ་མེད། བྱས་ཙང་རང་དབང་ལྡན་པའི་སྡེ་ཚན་དེ་ཚོ་འཛིན་སྐྱོང་གིས་སྟངས་འཛིན་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་སྔ་ལོ་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་མངགས་དགོངས་དོན་རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་དང་ཁྲིམས་ཞིབ་པ་རྣམ་བསྐོ་བཞག་གནང་རྒྱུར་བཀའ་ཤག་གིས་འོས་འཆར་འབུལ་དགོས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་གྲོས་འཆར་ཞིག་བསྣམས་ཕེབས་པ་རེད། དེའི་སྐབས་སུའང་ཁོང་རྣམ་པ་ཐོག་མ་བསྐོ་བཞག་གནང་སྐབས་འོས་འཆར་འབུལ་རྒྱུའི་དབང་ཚད་དེ་བཀའ་ཤག་གི་ལག་པའི་ནང་སླེབས་པ་ཡིན་ན་རང་དབང་ལྡན་པའི་གོ་དོན་མ་ཚང་བ་ཞིག་ཆགས་འགྲོ་གི་རེད་ཅེས་རྒྱས་ཤིང་རྒྱས་པ་ཞུས་པ་ཡིན། དེའི་རྗེས་ལ་མང་གཙོའི་ཀ་བ་གསུམ་གྱི་ཟུར་འཛུགས་བྱས་པའི་ཚོགས་ཆུང་ཟུར་འཛུགས་གནང་རྒྱུའི་བསྐྱར་བཅོས་དེ་གནང་བ་རེད། སྔོན་མ་ཡིན་ན་རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་ཁག་གི་རྩིས་ཞིབ་དེ་ཡང་རྩིས་ཞིབ་ཁང་རང་གིས་གནང་གི་ཡོད་རེད། བར་ལམ་ཞིག་ནས་རྩིས་ཞིབ་ལས་ཁང་གི་རྩིས་ཁྲ་དེ་རྩིས་ཞིབ་གཞན་དག་ཅིག་གིས་གནང་དགོས་ཀྱི་འདུག་ཅེས་བཀའ་མོལ་བྱུང་བའི་སྐབས་སུ་བཀའ་ཤག་ནས་རྩིས་ཞིབ་པ་བསྐོས་ན་ཞེས་གྲོས་ཚོགས་འདིའི་ནང་ལ་གླེང་གཞི་ཡོང་ཟིན་པ་ཞིག་རེད། མཐའ་མ་དེ་འཛིན་སྐྱོང་གིས་ཇུས་གཏོགས་བྱེད་མི་དགོས་པར་སྤྱི་འཐུས་རྒྱུན་ལས་ནས་རྩིས་ཞིབ་པ་བསྐོ་བཞག་གནང་རྒྱུར་གཏན་འབེབས་གནང་བ་རེད། བཅའ་ཁྲིམས་ཀྱི་དོན་སྙིང་དང་མཐུན་པ་ཡག་པོ་བྱུང་སོང་བསམ་པ་ཞིག་མ་གཏོགས་དེ་ལ་བསྐྱར་བཅོས་གནང་དགོས་པ་ཞིག་ང་ཚོས་མཐོང་མ་སོང༌། དེ་རིང་གློ་བུར་དུ་བསྐྱར་བཅོས་གྲོས་འཆར་འདི་ཕེབས་པའི་སྐབས་ལ་བཀའ་ཤག་གི་ངོས་ནས་གསལ་པོ་བྱས་ནས་ཞུ་རྒྱུ་ལ། བཀའ་ཤག་གིས་ཚོགས་ཆུང་ཞིག་འཛུགས་རྒྱུར་དཀའ་ངལ་འཕྲད་མདོག་མ་ཁ་ཡང༌། ཁྱོན་ཡོངས་ཀྱི་གནས་བབ་ཀྱི་ཆ་ནས་རིམ་པས་རྩིས་ཞིབ་ཁང་གིས་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་བཀའ་ཤག་ལ་བསྟུན་དགོས་པ་ཞིག་ཆགས་པ་ཡིན་ན། ཡག་པོ་ཡོང་གི་མ་རེད། དེ་འདྲ་སོང་ཙང་གལ་སྲིད་རྩིས་ཞིབ་པའི་ཚོགས་ཆུང་འཛུགས་པ་གནང་རྒྱུར་རྒྱུན་ལས་ལ་སྐུ་ངལ་འཕྲད་དེ་ངེས་པར་དུ་བསྐྱར་བཅོས་གནང་དགོས་ཀྱི་ཡོད་ནའང༌། རྩིས་ཞིབ་ཚོགས་ཆུང་བཀའ་ཤག་གིས་མ་ཡིན་པར། གཞན་ཞིག་གིས་འཛུགས་རྒྱུ་གནང་ན་ཡག་གི་རེད་ཅེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣