རྣམ་དཔྱོད་ཀྱིས་རབ་ཏུ་ཕྱུག་པའི་མི་ཡུལ་གྱི་སློབ་དཔོན་ཆེན་མོ།
དགེ་བཤེས་སེར་སྨད་བློ་དགའ།
ཐོག་མའི་གླེང་སློང་།
རྣམ་དཔྱོད་ཀྱིས་རབ་ཏུ་ཕྱུག་པའི་མི་ཡུལ་གྱི་སློབ་དཔོན་ཆེན་མོ་ཆོས་སྲིད་གཉིས་ཀྱི་མཁྱེན་པའི་མངའ་བདག་གཞུང་ལུགས་རབ་འབྱམས་པ་བོད་ཀྱི་བཀའ་བློན་ཁྲི་ཟུར་མཁས་པའི་དབང་པོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། སེམས་ཆུང་གུས་པའི་ཤེས་རབ་ཀྱི་བང་རྩལ་ནི་ན་མ་སྨིན་པའི་རྟེའུ་ཡི་གོམ་ཁ་དང་མཚུངས་ཀྱང་། ཀུན་སློང་ལ་ནག་ནོག་ར་རིའི་ཉེས་པ་ཅུང་ཟད་ཀྱང་མི་མངོན་པའི་དབང་གིས་གང་ཉིད་ལ་གུས་བརྩི་ཁོ་ནས་མངོན་པར་བསྟོད་པ་ནི་ཆེས་མི་འོས་པའི་གནས་སུ་མ་མཐོང་ལ། མགོན་པོ་གང་ལ་མངོན་པར་བསྟོད་པར་བྱ་བའི་ནང་མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེན་མོ། གཏན་ཚིགས་རིགས་པའི་དབང་ཕྱུག ཐུན་མོང་རིག་གནས་ཀྱི་སྨྲ་བའི་དབང་པོ། མངོན་པར་རྟོགས་པའི་སེམས་པ་ཆེན་པོར་གྱུར་ཚུལ་སོགས་ནི་འདིར་སྤྲོས་པའི་གོ་སྐབས་དང་འབྲི་བ་པོ་རང་ཉིད་ཀྱི་ནུས་པ་གཉིས་ཀའི་ཐོག་ནས་བྱ་ཐབས་ཟད་པ་ཉིད་དུ་ངེས། ད་ལན་ཐུན་མོང་བའི་མོས་ངོ་ཙམ་གཙོ་བོར་བཟུང་ནས་མཛད་རྗེས་ཆེན་པོ་བཞིའམ་རྒྱུ་མཚན་ཆེན་པོ་བཞིའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་ཏེ་མངོན་པར་བསྟོད་པའི་ལས་ལ་ཞུགས་པ་ཡིན། དེའང་དོན་དངོས་འགྲེལ་བཤད་ཀྱི་ཐོག་ནས་མངོན་པར་བསྟོད་པར་བྱའམ་བསྔགས་པ་བརྗོད་པ་དེ་དོན་དམ་འགྲེལ་བཤད་དུ་དྲངས་པ་གང་ཡང་རུང་ལ། བོད་ཀྱི་སྔ་མོའི་ལུགས་སྲོལ་རྙིང་པར། ཨ་མའི་མངལ་ནས་གྲོལ་བའི་ཚེ་དགུན་ཁར་མེ་ཏོག་སྐྱེས་སོང་། དབྱར་ཁར་ཁ་བ་བབ་སོང་། སྟོན་ཁར་ཁུ་བྱུག་གྲགས་སོང་། ཁང་ཐོག་ཏུ་འཇའ་རིས་ཤར་སོང་ཟེར་བ་ལ་སོགས་པ་སྐྱེས་བུ་དམ་པའི་སྔ་བལྟས་སུ་ངོས་འཛིན་པའམ་སྐྱེས་བུ་ཚད་མར་སྒྲུབ་པ་ལྟ་བུའི་སྒོ་ནས་དང། ཡང་ན། བླ་མ་གཙོ་བོར་འཛིན་པ་དང་དད་པ་ཁོ་ནས་རྗེས་སུ་འབྲངས་པ། ཡིད་ཆེས་འབའ་ཞིག་ལ་བསྙེས་པའམ་ཁྱབ་ཁོངས་གཅིག་པའི་ཀུན་སློང་དེ་གནད་དུ་བཟུང་བ་ལྟ་བུ་མ་ཡིན་པར། ཁུངས་སྐྱེལ་ཡོད་པའི་མཛད་པ་རྣམས་ཡིད་ངོར་ཤར་བཞིན་པ་ལྟར་སུག་བྲིས་ཀྱིས་གང་ཉིད་ལ་མངོན་པར་བསྟོད་པའི་ངལ་བ་ལྷུར་བླངས་པ་ཡིན། རྒྱུ་མཚན་ཆེན་པོ་བཞི་ནི། བོད་མིའི་རང་དབང་གི་ལམ་སྟོན་མཛད་པ། རང་དབང་སྒྲུབ་ཐབས་ཀྱི་ལམ་དབུ་མའམ་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་ཕྱེ་བ། བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་སྣེ་འཁྲིད་མཛད་པ། འཇིག་རྟེན་འདིའི་ཆོས་སྲིད་ཀྱི་མཁྱེན་པའི་མངའ་བདག་ཆེན་མོར་གྱུར་བ་བཅས། འདིར་མངོན་པར་བསྟོད་པ་ནི་དངོས་པོའི་གནས་ལུགས་ཇི་སྙེད་ཅིག་འགྲེལ་བཤད་ཀྱི་ལམ་ནས་བརྡ་སྦྱོར་བའི་ནུས་པ་བསྟན་པ་ཡིན།
བླ་མར་བཀུར་ཞིང་སྔ་ལྟས་བཟང་བ་མངོན་པར་བསྟོད་པའི་རྒྱུ་མ་ཡིན།།
མོས་པ་ཆེ་ཞིང་ཕྱོགས་ཞེན་བཟུང་བ་ཤིན་ཏུ་བསྔགས་པའི་རྐྱེན་མ་ཡིན།།
དོན་གྱི་དངོས་པོ་གཏན་ཚིགས་བྱེད་པ་ཡོངས་སུ་གུས་པའི་རྒྱུ་ཡིན་ན།།
གཟུ་བོར་གནས་ཤིང་ཤེས་རབ་ཅན་རྣམས་སྤྲོས་པ་འདི་ལ་ཅིས་མི་མཉེས།།
ཞྭ་སེར་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པ་ལྟར། མིའི་རིན་ཐང་ནི་གཙོ་བོ་རྣམ་དཔྱོད་ཆེ་ཆུང་ལ་ལྟོས་ནས་འགྲེལ་བརྗོད་བྱེད་ཀྱིན་པའི་སྐབས་འདིར་ཐོག་མར་རིན་པོ་ཆེ་སྐུ་ཉིད་ཀྱི་ཐུགས་གཤིས་སམ་དགོངས་པ་བཞེས་སྟངས་ཤིག་དཔེ་མཚོན་དུ་བཟུང་འདོད་དེ། མཆོག་སྤྲུལ་དམ་པ་གང་ཉིད་ནས་ང་ནི་གཞན་ཕན་ལྷག་བསམ་གྱི་ནུས་པ་མ་སྨིན་པ་དང་ཆོས་སྒོར་ཞུགས་ཀྱང་སྲིད་ཀྱི་ལས་ལ་བསྐོས་པའི་ཐ་ཤལ་བ་ཞིག་ཡིན། དབང་ཆ་དང་མིང་གི་རེ་བ་མེད་ཅིང་ཤཱཀྱའི་དགེ་སློང་ཞིག་ཡིན་པའི་དབང་ལས་དངོས་ཤུགས་ཀྱིས་འདུལ་རྒྱུའི་དགྲ་དང་རྙེད་པས་སྐྱོང་རྒྱུའི་ནང་མི་བུ་ཕྲུག་སོགས་མེད་པའི་གྲྭ་རྐྱང་སྤྲང་འཁྱམས་ཤིག་ཡིན། འོན་ཀྱང་འཇིག་རྟེན་འདིའི་ཞི་བདེ་ནི་ལུས་ཅན་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས་དེ་ལ་འདོད་པ་ཆེན་པོ་ཡོད། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ལུས་ཀྱི་ལྟེ་ཁྲག་འཕོས་ཏེ་འཚར་ལོངས་བྱུང་བ་ཡིན་ཡང་དྲག་པོའི་གནོན་ཤུགས་ཀྱིས་སྐྱབས་བཅོལ་བའི་ཐ་སྙད་ཀྱི་འོག་ནས་མི་ཡུལ་ལ་གྱེར་དགོས་པ་དང་། མི་ཚེ་ཕལ་ཆེར་གཞན་ཡུལ་དུ་གཞན་གྱི་དབང་འོག་ནས་བསྐྱལ་དགོས་བྱུང་ཞེས་ཐུགས་ཅུང་ཟད་ཕམ་པ་ལྟ་བུ་ཡི་ཉམས་ཐོན་ཡང་། གནས་སྟངས་དེ་འདྲའི་འོག་ནས་གཞན་གནོད་བཞི་ལ་གྱ་ཚོམ་མི་འཇུག་པ་སྟེ་འདུལ་བའི་ཁྲིམས་བཞིན་བསྲུང་ནས་ཉེས་པ་ཕྲ་མོ་དག་ལས་ཀྱང་ཡོངས་སུ་ལྡོག་པ་དང་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་ཐམས་ཅད་ནས་རྫོགས་པའི་གསུང་གི་རིག་བྱེད་ཕྱིར་མངོན་པའི་ཚུལ་ཏེ་ཐུགས་སྤོབས་ཆེ་བའི་ཟོལ་ཡང་མཛད། བོད་ཀྱི་རང་དབང་ནི་འཛམ་གླིང་གི་མིའི་སྤྱི་ཚོགས་ཀྱི་ཕན་བདེ་དང་འབྲེལ་བ་དམ་ཟབ་ཡོད་པའི་དབང་གིས་དང་། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་སོ་སོར་འཁྲི་བའི་ལས་འགན་ཞིག་ཡིན་སྙམ་པ་ལས། མི་གཞན་ནས་རོགས་ནུས་ཡོང་མིན་གཅིག་པུར་མི་རེ་བར། རང་དབང་སྒྲུབ་པའི་ཐབས་ལམ་དེར་དོ་བདག་རང་ཉིད་ནས་འབད་བརྩོན་བྱེད་ཀྱི་ཡིན་ཞེས་པའང་ཐོས་ལ། གསུང་གི་རྣམ་པར་རིག་བྱེད་བརྒྱུད་དེ་ང་ཚོ་རྗེས་འཇུག་པ་རྣམས་ལྷག་པར་དད་པའི་རྐྱེན་མང་དུ་མཆིས་ཤིང་། འདིར་ཕྲན་གྱི་ཡིད་ངོར་ཤར་བའི་རིན་པོ་ཆེས་བོད་མི་མང་ལ་གནང་བའི་ལམ་སྟོན་སྐོར་ཞིག་དཔྱད་རྩོམ་གྱི་རྣམ་པས། དོན་དངོས་འགྲེལ་བཤད་ཀྱི་ལམ་ནས་རིན་པོ་ཆེའི་མཛད་པ་རྣམས་མི་རབས་ཕྱི་མ་རྣམས་ལ་ངོ་སྤྲོད་ཙམ་དུ་འབུལ་རྒྱུ་ཡིན།
བོད་ཀྱི་རང་དབང་གི་ལམ་སྟོན་པ་ཆེན་མོ།
དཔལ་ཆོས་ཀྱི་གྲགས་པས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཞེས་གསུངས་པ་ལྟར་གཞན་ལ་ལམ་སྟོན་ཇི་བཞིན་མཛད་པ་ལ་ཐོག་མར་རང་ཉིད་ནས་གནས་ལུགས་དེར་ལྐོག་ཏུ་མ་གྱུར་བར་ཐུགས་སུ་ཆུད་དགོས་པ་ནི། གསུང་དེའི་བསྟན་དོན་དང་དངོས་ཡོད་ཀྱི་གནས་སྟངས་ཤིག་ཀྱང་རེད། རིན་པོ་ཆེ་རང་ཉིད་ནས་བདེན་པ་དང་འཚེ་བ་མེད་པའི་ལམ་སྟོན་གནང་ཕྱོགས་ཐད། དོན་དེ་ཉིད་ཇི་བཞིན་གཟིགས་པའི་སྒོ་ནས་རྒྱུན་དུ་གསུང་བཞིན་པ་ལྟར་བཀའ་ཤག་སྐབས་བཅུ་གཉིས་པའི་ཁྲི་པ་གནང་བའི་སྐབས་སུའང་ཆབ་སྲིད་དང༌། འཛིན་སྐྱོང་གི་ལས་དོན་གང་འདྲ་ཞིག་ཡིན་ནའང་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་གཞི་རྩའི་ལྟ་གྲུབ་ཀྱི་རྩ་དོན་གསུམ་པོ་དང་མ་འགལ་བ་བྱ་རྒྱུ་གལ་ཆེན་པོར་རྩིས་གནང་བ་རེད། དེར་བརྟེན་བོད་མི་ཡོངས་ཀྱིས་བསམ་འདུན་གཅིག་སྒྲིལ་གྱི་སྒོ་ནས་སྙིང་སྟོབས་ཆེས་ཆེར་བསྐྱེད་དེ། སྡང་སེམས་དང༌ཁོང་ཁྲོའི་དབང་གིས་འཚེ་བའི་བྱ་བར་ཞུགས་པ་ནི་སྡུག་བསྔལ་གྱི་རྒྱུ་རང་གིས་དང་དུ་བླངས་ཏེ་སྒྲུབ་པ་ཞིག་ཡིན་པར་སྨོས་མི་དགོས། གུང་ཁྲན་གྱིས་བོད་མིར་གནོད་འཚེ་བྱེད་པར་སྐྱོན་བརྗོད་བྱེད་བཞིན་དུ་རྒྱ་མིར་གནོད་འཚེ་བྱེད་པའི་ལས་ལ་ཞུགས་ན་དེ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། ྋགོང་ས་མཆོག་གིས་ཡང་ཡང་གསུངས་པ་ལྟར་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ལམ་ལ་སྙིང་ནས་ཡིད་ཆེས་དང་ཉམས་ལེན་བྱེད་ཐུབ་ན་བོད་ལྗོངས་རང་དབང་སླར་གསོ་བྱ་རྒྱུར་དཀའ་ཚེགས་དེ་ཙམ་མེད། འཚེ་བ་མེད་པའི་ལས་འགུལ་གྱི་གཞི་རྟེན་ནི་ཆིག་སྒྲིལ་ཡིན་པས། དེ་ནི་བོད་པའི་ཕྱོགས་ནས་གནད་དོན་ཆེན་པོ་ཡིན་པ་མ་ཟད། བོད་རྒྱ་ཞི་མོལ་གྱི་ལས་རིམ་མདུན་སྐྱོད་བྱེད་སྐབས་རྒྱ་ནག་གིས་ཁས་མི་ལེན་པའི་དཀའ་ངལ་དང་པོ་དེ་ཆགས་ཡོད། དེའི་རྒྱུ་མཚན་ལ་རྒྱ་ཕྱོགས་ནས། ད་ལྟ་བོད་ནང་གི་བོད་མི་དེ་ཚོས་དེར་འདོད་པ་མི་བྱེད་པ་དང་། འཛིན་སྐྱོང་བྱེད་ཕྱོགས་ཀྱང་སྟབས་བདེ་པོ་མི་འདུག་ཅེས་རྗུན་སྒྲིག་བྱས་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་པར་བོད་དེ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་ཁས་ལེན་མི་ཐུབ་ན་བོད་དོན་ཆེད་ཞི་འགྲིག་ཡོང་ཐབས་མེད། ཅེས་ལན་འདེབས་གནང་ཡོད། དེའི་ཆེད་དུ་བོད་ནང་ནས་མང་ཚོགས་ཀྱིས་ཆིག་སྒྲིལ་གྱི་འབོད་སྒྲ་ཆེན་པོ་ཞིག་མངོན་གསལ་དོད་པོ་ཡོང་བའི་ཐུགས་རེ་མཛད་པ་རེད།
དོན་དུ་ཆིག་སྒྲིལ་ཟེར་བ་དེ་ཆུ་དང་འོ་མ་འདྲེས་པ་བཞིན་དགོས་པ་མ་གཏོགས། མདའ་གསུམ་སྐུད་པས་བསྡམས་པ་ལྟ་བུ་ག་དུས་ཡིན་ནའང་གསུམ་པོ་དེ་འགྲོ་མཉམ་ལས་མཉམ་གྱིས་གསུམ་ལས་གཅིག་མ་ཚང་ན་མི་འགྲིག་པ། སྐད་ཆ་གཅིག་བཤད་ནའང་གསུམ་མེད་ན་བཤད་ས་མེད་པ་ལྟ་བུ་ཆགས་ན་ཆིག་སྒྲིལ་མ་བྱུང་བ་རེད། གཅིག་གིས་བཤད་པ་དེར་གཉིས་ཀྱིས་ཡིད་ཆེས་ཡོད་པ་ཞིག་ཆགས་ན་དེའི་ཉིན་མོ་ནས་དོན་སྟེང་གི་ཆིག་སྒྲིལ་ཟེར་བ་དེ་ཆགས་པ་ཡིན། ཕན་ཚུན་ཡིད་ཆེས་ཀྱི་གཞི་རྩ་བརྟན་པོ་ཡོད་པའི་ཐོག་ནས་ཆོལ་ཁ་གསུམ་ནི་ཆོས་ལུགས་དང༌། མི་རིགས། སྐད་ཡིག་བཅས་གཅིག་པ་ཡིན། བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་གྱི་ཐབས་ལམ་ནི་འཚེ་མེད་ཞི་བའི་ལམ་ཉག་ཅིག་ཡིན་པས། གཞིས་བྱེས་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་རྙེད་ཐབས་དང༌། ལག་ལེན་གོམས་གཤིས་ཡོང་ཐབས་ལ་འབད་དགོས། འཚེ་མེད་ཞི་བའི་ཐབས་ལམ་ནི་སྙིང་སྟོབས་ཅན་རྣམས་ཀྱི་ཐབས་ལམ་ཞིག་ཡིན་སྟབས། དཔའ་མཛངས་རྟུལ་ཕོད་མེད་པའི་བློ་ཁོག་ཆུང་བའི་སྐྱེ་བོ་རྣམས་ཀྱི་བློ་ཡུལ་དུ་ཤོང་དཀའ་བ་མ་ཟད། ནང་དོན་རིག་པའི་བསླབ་བྱ་དང༌ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་བརྟན་པོ་མེད་མཁན་རྣམས་ཀྱིས་ཀྱང་འདིའི་གནད་དོན་རྟོགས་དཀའ།
འཚེ་མེད་ཞི་བའི་ལས་འགུལ་ཚད་དང་ལྡན་པ་ནི་བདེན་པའི་གཞི་རྟེན་མེད་ན་ཡོང་མི་སྲིད་ཅིང་། བོད་རང་དབང་བསྐྱར་གསོའི་ཐབས་ལམ་རྣམ་གྲངས་ཇི་ཙམ་རྙེད་ཀྱང་དེ་ཐམས་ཅད་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་དགོས་པ་དང། རང་རེར་ཡོད་པའི་བདེན་པ་རྣམས་ངོས་ཟིན་པའི་ཐོག་ནས་འཚེ་བ་མེད་པའི་ལས་འགུལ་ལ་ཞུགས་ཏེ་བརྩོན་འགྲུས་ཀྱིས་མཐའ་འཁྱོལ་བ་བྱ་དགོས། འཚེ་མེད་ཞི་བའི་ལས་ལ་ཞུགས་མཁན་ཚོར། དང་པོ། ལས་འགུལ་དེའི་དམིགས་བསལ་བསྒྲུབ་བྱ་དེ་གྲུབ་པའམ་སྡུག་ས་ནས་ལས་འགུལ་དུ་ཞུགས་མཁན་མི་གཅིག་ཀྱང་མ་ལུས་པར་རྩ་མེད་དུ་ཕྱིན་ཀྱང་ལས་འགུལ་མཚམས་འཇོག་མི་བྱེད་པའི་དམ་བཅའ་བ། གཉིས་པ། ལས་འགུལ་དུ་ཞུགས་རྗེས་ལུས་སེམས་ལ་བཟོད་པར་དཀའ་བའི་དཀའ་སྡུག་ཇི་ཙམ་བྱུང་ཡང་བཟོད་སྲན་གྱིས་ཇི་སྲིད་འཚོ་བའི་བར་དུ་ལས་འགུལ་གྱི་འཕྲོ་མི་བཤོལ་བ། གསུམ་པ། རང་གི་ལྷག་བསམ་ལ་ཉེས་སྐྱོན་མེད་ན་གཞན་གྱི་བསྟོད་སྨད་དང༌། འགྲེལ་བརྗོད་ཇི་འདྲ་ཞིག་བྱུང་ཡང་བློ་མི་འགྱུར་བ་གསུམ་གྱི་ཐག་གཅོད་བརྟན་པོ་བྱ་རྒྱུ་བཅས་ནི་ལས་འགུལ་དེའི་མེད་དུ་མི་རུང་བའི་བློས་གཏོང་གི་ཆ་རྐྱེན་ཡིན། གཞན་ཡང་། འཚེ་བ་མེད་པའི་ལས་འགུལ་སྤེལ་བར་ཤེས་ཡོན་དགོས་ཤིང། དེའི་ཐད་ཤེས་ཡོན་གྱི་སྲིད་ཇུས་ནུས་པ་ལྡན་པ་ཞིག་རིན་པོ་ཆེ་ཉིད་ནས་དབུ་ཁྲིད་དེ་གསར་བཏོད་མཛད་ཡོད། དེའི་སྐོར་ད་ལྟ་བཙན་བྱོལ་སློབ་གྲྭ་ཙམ་མ་ཟད་བོད་ནང་གི་སློབ་གྲྭ་ཁག་ཏུའང་སྲིད་ཇུས་དེའི་ནང་དོན་སྒྲུབ་བཞིན་ཡོད་པ་རེད། ཡང་། རིན་པོ་ཆེ་ཉིད་ནས། འཚེ་བ་སྤངས་པའི་བདེན་པའི་ལས་འགུལ་འདིར་སུ་ལའང་མོས་མཐུན་ཡོང་བའི་བསྐུལ་མ་ཞུ་རྒྱུ་མིན་ལ། འཐད་སྒྲུབ་ཀྱི་རིགས་པ་བཀོད་དེ་གཞན་བློ་འགུག་ཐབས་ཀྱི་འབད་བརྩོན་ཡང་ཞུ་རྩིས་མེད། འོན་ཀྱང་བོད་ལྗོངས་རང་དབང་བསྐྱར་གསོའི་དགོས་པ་གཟིགས་ཤིང༌། བདེན་པ་དང་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་ཡོད་པའི་གཟུར་གནས་ཀྱི་སྐྱེ་བོ་རེ་ཟུང་གི་ཐུགས་ལ་འཐད་པ་ཤར་ཚེ་ཐུགས་སྣང་གནང་ན་དགའ་བསུ་ཞུ་རྒྱུ་མ་ཟད། བདེན་པའི་ལས་འགུལ་གྱི་ནང་དངོས་བརྒྱུད་གང་རུང་ནས་ཞུགས་པའི་རེ་བའང་ཞུ་རྒྱུ་ཡིན། ཞེས་གསུངས་པ་དེས་ནི་ངོ་སྲུང་སྤངས་པའི་རིན་པོ་ཆེའི་དྲང་ཚུགས་ཀྱི་ཐུགས་གཤིས་དེ་མཚོན་ཐུབ་པ་ཡིན།
དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ།
བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ཡིད་བཞིན་ནོར་བུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་རྗེས་འཛིན་པའམ། ལམ་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་བོད་ཀྱི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་དངོས་ཡོད་དགོས་མཁོ་དང་འབྲེལ་བའི་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་འདི་ལྟར་ཕྱེ་བ། རང་ཉིད་ཀྱིས་མཐོང་ཚོད་ཐོས་ཚོད་ཀྱིས་འགྲེལ་བཤད་ཙམ་ཞུ་རྒྱུ། དང་པོ། ལམ་དབུ་མའི་དམིགས་ཡུལ་གྱི་སྐོར། བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་ཐབས་བྱེད་རྒྱུ་ནི་ཐབས་ལམ་དེའི་འདོར་དུ་མི་རུང་བའི་དམིགས་ཡུལ་ཆེ་ཤོས་དེ་ཡིན་པ་དང་། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་བཟུང་། བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་གོ་སྐབས་ཉུང་ཉུང་ལས་མ་བྱུང་ལ། བར་ལམ་ནས་བཟུང་བོད་རིགས་ཡོངས་རྫོགས་གཅིག་གྱུར་མ་བྱུང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་གི་ཞན་ཆ་ཆེ་ཤོས་ཤིག་ཡིན། དེས་ན་གོང་དུ་བརྗོད་ཟིན་པ་ལྟར་བོད་རིགས་ཡོངས་རྫོགས་གཅིག་སྒྲིལ་དགོས་པ་དེ་མི་རིགས་དང་ཆབ་སྲིད་གཉིས་ཀའི་གཞི་རྟེན་ཡིན་པས། དབུ་མའི་ལམ་གྱི་ཡང་དམིགས་ཡུལ་གཙོ་བོ་ཞིག་ཏུ་གཟིགས་གནང་པ་རེད།
དབུ་མའི་ལམ་གྱི་རྒྱུ་མཚན་ནི། དེང་སང་འཛམ་གླིང་ནང་མི་རིགས་དང་རྒྱལ་ཁབ་ཀྱི་ལྟ་གྲུབ་དེ་ཉམས་དམས་སུ་འགྲོ་བའི་སྐབས་ཏེ། དཔེར་ན། དམག་ཆེན་དང་གཉིས་ཀྱི་གོང་དུ་མི་རིགས་གཅིག་ལ་རྒྱལ་ཁབ་གཅིག་དགོས་པའི་བསམ་ཚུལ་དེ་ཤུགས་ཆེན་པོ་བྱུང་ཡང་གྲུབ་འབྲས་ཐོན་མེད། དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཧ་ཅང་མང་པོ་ཞིག་རང་བཙན་གྱི་ཐོབ་ཐང་རྣམས་བློས་གཏོང་གིས་དང་བླངས་ཀྱི་ཐོག་ནས་རུབ་རུབ་བྱེད་བཞིན་པའི་གོ་སྐབས་ཤིག་དང་། གོ་ལ་གཅིག་གྱུར་གྱི་བསམ་ཚུལ་འདིའི་འོག་རྒྱལ་ཁབ་སོ་སོའི་རང་བཙན་མངའ་དབང་ཟེར་བ་དེ་མིང་སྟོང་ཙམ་དུ་འགྱུར་བཞིན་པ། རྒྱལ་ཁབ་དང་མི་རིགས་ཁེར་གནས་ཀྱི་བསམ་བློ་དང་ལག་ལེན་དེའི་རྗེས་སུ་ཞི་བདེ་བརྟན་ལྷིང་ཡོང་རྒྱུ་ནི་ཤིན་ཏུ་དཀའ་བ་ཞིག་ཡིན་པ་བཅས་ལ་ཐུག་ཡོད། ལམ་དབུ་མའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐབས་ལམ་གང་ཡིན་པ་དེ་གསལ་པོ་མཁྱེན་པར་བྱེད་རྒྱུ་དེ་མི་མང་གི་ངོས་ནས་དབུ་མའི་ལམ་ལ་འགན་ཁུར་ཞུ་ཕྱོགས་གཙོ་བོ་དེ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཟེར་བ་ཙམ་བྱེད་ན། དེ་རྨོངས་དད་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་མེད། དེས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་ཁུར་ཞུ་ཕྱོགས་དེ་ངེས་པར་དུ་རྒྱུ་མཚན་མཐོང་བའི་སྟེང་ནས་ངེས་པ་རྙེད་པ་བྱེད་རྒྱུ་དེ་ཐབས་ལམ་ཡག་ཤོས་ཤིག་ཡིན།
དེའི་དམིགས་ཡུལ་ནང་ཕུགས་བསམ་གཉིས་ཡོད་པ་རེད། དང་པོ་ནི་བོད་རིགས་ཡོངས་རྫོགས་ཆབ་སྲིད་འཛིན་སྐྱོང་གཅིག་གི་འོག་ལ་ཚུད་ཐུབ་པ་བྱུང་ན། སྔ་མོ་བཞིན་བོད་མི་ས་ཡ་དྲུག་མ་གཏོགས་མེད་པ་དེ་ཁ་འཐོར་དགུ་འཐོར་ལ་བསྡད་མི་དགོས་པར་རུབ་རུབ་ཆགས་ཐུབ་པས། རང་བཙན་ལས་དམིགས་ཡུལ་མཐོ་བ་ཞིག་རེད། གཉིས་པ་དེ། མིང་དོན་མཚུངས་པའི་ཚད་ལྡན་གྱི་རང་སྐྱོང་ཞིག་བྱུང་ན་བོད་མི་རིགས་ཀྱི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གྱི་གོམས་པའི་གཤིས་ལུགས་ལེགས་བྱང་དང་བཅས་པ་རྒྱུན་འཛིན་ཁྱབ་སྤེལ་བྱེད་ཐུབ། བདག་ཉིད་ཆེན་པོ་གྷན་ངྷིས་རང་དབང་རྩོད་པ་ལས་ཆབ་སྲིད་ཀྱི་རང་བཙན་རྩོད་གནང་གི་མེད་པ་ལྟར་ཆབ་སྲིད་ཀྱི་མངའ་དབང་སུས་བཟུང་དང་མ་བཟུང་ལ་དེ་ཙམ་ཁྱད་པར་མེད་པ་ཡིན། མདོར་ན། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་ནི། བོད་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་དང༌། ད་ལྟའི་བོད་ཀྱི་གནས་བབ་རང་འཇགས་བསྡད་རྒྱུའི་མཐའ་གཉིས་དང་བྲལ་བའི་དབུས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་སྲིད་བྱུས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་པ་ཡིན།
རེ་འགས་དབུ་མའི་ལམ་གྱི་སྲིད་བྱུས་ནི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་མིན་ཚུལ་སོགས་བཤད་ཀྱང་། གྲོས་ཚོགས་ཀྱིས་ྋགོང་ས་མཆོག་གིས་གཏན་འབེབས་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་འབེབས་བྱུང་ཡོད་པ་རེད། ཡང་། གུང་ཁྲན་གྱི་བསམ་བློ་གཏོང་སྟངས་ཕར་ཙམ་བཞག་ནས་དོན་དངོས་ཀྱི་ཐོག་ནས་བལྟས་ན་༸གོང་ས་མཆོག་གི་ལམ་སྟོན་དེ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་འདི་ཕྱིའི་ལམ་སྟོན་ཡག་ཤོས་ཤིག་ཏུ་བརྩི་བཀུར་ཞུས་པ་དེས། ༸གོང་ས་མཆོག་གིས་ལམ་སྟོན་གང་མཛད་ཀྱང་མང་ཚོགས་ཀྱི་མང་མོས་ཚད་མཐོ་ཤོས་དང་བཟང་ཤོས་དེ་ཆགས་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ལྟ་གྲུབ་འཛིན་མཁན་ཚོས། གཞི་རྩ་མེད་པའི་བསྙོན་འཛུགས་དང༌གཞི་རིམ་མང་ཚོགས་ལ་ལོག་འགྲེལ་བྱེད་པ་སོགས་འུ་ཐུག་གི་སྤྱོད་ཚུལ་དེ་རིགས་མི་གནང་བའི་རེ་བ་དེ་བོད་ཕྱི་ནང་གཉིས་ཀར་ཡོད་བསྡད་པ་ཞིག་རེད། བདག་ཉིད་ཆེན་པོ་གྷན་དྷིས་ཆབ་སྲིད་ཀྱི་ལས་དོན་ངོ་མ་ནི་འཛུགས་སྐྲུན་གྱི་ལས་དོན་དེ་ཡིན་པ་དང༌། དབང་འཛིན་པའི་མཉམ་དུ་འཐབ་རྩོད་བྱེད་རྒྱུ་དེ་ལས་དོན་གཉིས་པ་རེད། ཅེས་གསུངས་པ་ལྟར། བོད་པའི་སྤྱི་ཚོགས་ནང་རྩ་དོན་གྱི་ལས་ཀ་བྱེད་དགོས་ཞེས་བརྗོད་དུས་རྔམ་སྟོན་ཁྲོམ་སྐོར་དང༌། ཟས་བཅད་ངོ་རྒོལ། གསར་འགོད་གསལ་བསྒྲགས་ཙམ་མ་གཏོགས། དེ་ལས་གཞན་པའི་ཉིན་རེ་ཉིན་རེའི་མི་ཚེའི་འཚོ་བའི་ནང་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་བྱེད་རྒྱུ་ཡོད་པ་དེ་ངོས་མ་ཟིན་པའི་དཀའ་ངལ་མང་པོ་ཡོད་པ་རེད།
བོད་ཀྱི་མང་གཙོའི་དབུ་ཁྲིད་ཆེན་མོ།
བོད་ཀྱི་མང་གཙོའི་ལམ་སྲོལ་གྱི་སྟོན་པ་ཆེན་པོ་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཡེ་ཤེས་ཀྱི་དབྱིངས་དཔྱད་ཁོ་ནས་བོད་ཀྱི་འཕྲལ་ཡུན་ཕན་བདེའི་ཆེད་དུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་སྲོལ་ལ་བསྒྱུར་གནང་མཛད། ལར་ནས། ཡིད་བཞིན་ནོར་བུའི་ཐུགས་ཀྱི་བཞེད་དགོངས་གཙོ་བོ་གཉིས་ཡོད། གཅིག་ནི། བོད་པའི་ཆབ་སྲིད་ཀྱི་རང་བཞིན་དེ་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ལ་བསྒྱུར་གནང་རྒྱུ་དེ་རེད། གཉིས་ནི། བོད་རང་དབང་བསྐྱར་གསོ་བྱ་རྒྱུས་མཚོན་པའི་བོད་མིའི་ཆབ་སྲིད་ཀྱི་ད་ལྟ་དང་མ་འོངས་པའི་ལས་འགུལ་ཡོངས་སུ་རྫོགས་པ་འཚེ་མེད་ཞི་བའི་ལམ་ལ་འཁྲིད་ཐབས་གནང་རྒྱུ་དེ་གཉིས་རེད། སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚེ་རྒྱ་གར་དུ་རྒྱལ་པོའི་ལམ་ལུགས་དང༌མང་གཙོའི་ལམ་ལུགས་གཉིས་ཀ་ཡོད་པ་དང་། ནུབ་ཕྱོགས་ལ་དེ་དུས་མང་གཙོའི་ལམ་ལུགས་བྱུང་མེད་ཟེར་གྱི་ཡོད། མང་གཙོའི་ནང་དོན་གཙོ་བོ་ནི། མི་ཚང་མར་འདྲ་མཉམ་དགོས་པ་དེ་རེད། ནང་པའི་ལྟ་ཚུལ་ནས་བཤད་ན། ཉན་ཐོས་ཐེག་པ་བ་རྣམས་ཀྱིས་སེམས་ཅན་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཉིས་མཉམ་པ་ཡིན་པའི་རྒྱུ་མཚན་བཟུང་སྟེ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་དགོས་པའི་ལམ་གྱི་རྣམ་གཞག་བསྟན། ཐེག་པ་ཆེན་པོས་འདྲ་མཉམ་ལས་ཀྱང་རྩ་ཆེ་བ་ནི་རང་ལས་གཞན་གཅེས་པ་དང་སྒེར་ལས་སྤྱི་གཙོ་ཆེ་བའི་བསམ་བློ་དང་ཐོབ་ཐང་དེ་གཙོ་ཆེར་བཟུང་ཡོད། དེ་དག་མང་གཙོའི་འདྲ་མཉམ་གྱི་བསམ་ཚུལ་ལས་ཀྱང་ཆེས་མཐོ་བའི་རླབས་ཆེ་བའི་དགོངས་ཚུལ་ཞིག་ཡིན། དེར་བརྟེན་མང་གཙོའི་ལམ་སྲོལ་གཙོ་བོར་གྱུར་པའི་ལེགས་བྱང་ཚང་མ་ནུབ་ཕྱོགས་པའི་རིག་གནས་ཤིག་ལ་ངོས་འཛིན་བྱེད་ན། ཏག་ཏག་ཅིག་བསྡད་མེད་པའི་སྐོར་གཤམ་དུ་འགྲེལ་བཤད་བྱས་ན། མང་གཙོའི་འདྲ་མཉམ་གྱི་གོ་དོན་གཙོ་ཆེ་བ། ཁྲིམས་ཀྱི་མདུན་སར་འདྲ་མཉམ། དཔལ་འབྱོར་གྱི་ཁེ་ཕན་འདྲ་མཉམ། གོ་སྐབས་འདྲ་མཉམ་ཞེས་པ་གསུམ་པོ་དེ་རེད།
རིན་པོ་ཆེ་མཆོག་གིས། ཨིན་སྐད་ཀྱི་ Demo ཞེས་པ་མི་མང་དང་ Cracy ཞེས་པ་དབང་བསྒྱུར་གྱི་དོན་དང་དེའང་མི་མང་གིས་དབང་བསྒྱུར་ཞེས་པར་གོ་དགོས་ཤིང་། དེའི་དོན་དམངས་གཙོ་ཞེས་པར་བསྒྱུར་བ་ནི་ཇི་བཞིན་མ་མཐོང་བ་དང། སྟབས་ཉེས་པ་ཞིག་ལ་རྒྱ་སྐད་ནས་གུང་ཁྲན་དམར་པོའི་འདོད་ཚུལ་ལྟར་བསྒྱུར་ཏེ། དམངས་གཙོ་ཞེས་པའི་ཚིག་ནི་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་རྗེས་སུ་སྐད་ཡིག་གི་བཙན་གནོན་གྱི་ཆ་ཤས་སུ་བྱུང་བ་ཡིན། ཞེས་གསུངས་ཏེ། ཚིག་དེའི་འགྲེལ་བརྗོད་ཤིན་ཏུ་ཟབ་མོར་མཛད། ཚིག་དོན་ཞིབ་ཕྲར་མི་ཤེས་པ་ཆེས་ཉུང་ཤས་ཤིག་ཕུད། བོད་གཞུང་འབྲེལ་གྱི་བཀའ་ཤག་དང་སྤྱི་འཐུས། རང་དབང་ཅན་གྱི་སྡེ་ཚན་ཁག གསར་འགྱུར་བརྒྱུད་ལམ་ཁག དགའ་ལྡན་ཕོ་བྲང་གིས་གཙོས་རིས་མེད་བླ་བྲང་ཁག སྤྱི་སྒེར་གྱི་སློབ་གྲྭ་ཁག རིས་མེད་དགོན་སྡེ་ཁག་སོགས་སུ་མང་གཙོ་ཞེས་པའི་ཚིག་དེ་རྒྱུན་ལྡན་བེད་སྤྱོད་གཏོང་བའི་ཡོངས་ཁྱབ་ཚིག་བརྗོད་ཅིག་ཏུ་གྱུར་ཡོད་པ་རེད། བོད་ཀྱི་ལམ་ལུགས་དེ་གསར་དུ་མང་གཙོའི་རིང་ལུགས་ནང་བསྐྱོད་པར་ཤེས་ཡོན་དང་ཉམས་མྱོང་གིས་མི་འདེང་བ། སྔོན་གོམས་བག་ཆགས་བཅས་ཀྱི་དབང་གིས་དཀའ་ངལ་དང་འགལ་རྐྱེན་ཇི་སྙེད་ཅིག་འཕྲད་བཞིན་པའི་སྐབས་སུ། ༸གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་ཕྱིར་བསྡུ་གནང་སྟེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་བཙུགས་གནང་བ་དང་མང་གཙོ་ཡར་རྒྱས་གཙོ་བོར་གྱུར་པའི་ལས་དོན་བྱེད་ཕྱོགས་ཐད་བཀའ་སློབ་སྔ་རྗེས་སུ་ཕེབས་པ་མ་ཟད། མང་ཚོགས་ནས་ཡིད་ཆེས་ཆེན་པོ་ཡོད་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་ཉིད་ཀྱིས་ལྷན་ཚོགས་དེའི་ཚོགས་གཙོ་མཛད། དེ་ནས་བཟུང་བཙན་བྱོལ་གཞུང་མང་གཉིས་ཙམ་མ་ཟད་གཞིས་བཞུགས་བོད་མི་ཡོངས་ནས་ཀྱང་ཡིད་ཆེས་དང་མོས་སེམས་ཆེན་པོས་རིན་པོ་ཆེ་མཆོག་ལ་བློས་བཀལ་ཤིན་ཏུ་ཆེན་པོ་ཞུས། མགོན་པོ་གང་ཉིད་ནས་ཀྱང་གོང་འཁོད་དཀའ་ངལ་དེ་དག་ལ་གདོང་ལེན་ཆེན་པོ་གནང་ནས་བོད་མི་རྣམས་ཁྲིམས་ལུགས་དང༌སྲིད་བྱུས། ལས་རིམ་སོགས་མང་གཙོའི་ལམ་སྲོལ་མིང་དོན་མཚུངས་པ་ཞིག་ཏུ་འཁྲིད་གནང་མཛད་ཡོད།
གཞོན་སྐྱེས་ཤེས་ཡོན་པ་རྣམས་ཀྱིས་གོ་སྐབས་དེ་བཟུང་ནས་མང་གཙོ་བེད་སྤྱོད་དང་སྲུང་སྐྱོབ་བྱས་ཏེ་གསར་བརྗེའི་འགྱུར་འགྲོས་མདུན་སྐྱོད་མ་ཐུབ་ཚེ་ལམ་སྲོལ་བཟང་ཡང་། འཆར་ཅན་གྱི་དུས་དྲན་བྱེད་པ་ལྟ་བུར་གྱུར་ཏེ་ལྟ་གྲུབ་དང་ལམ་སྲོལ་གྱི་ལེགས་ཆའི་ནུས་པ་རིམ་གྱིས་ཡལ་ནས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་པ་ལ་ཕན་མེད་དུ་འགྱུར་སྲིད། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ནི་རིག་གནས་ཀྱི་སྲོལ་རྒྱུན་ལྟར་འགྱུར་མེད་རྒྱུན་འཛིན་བྱ་རྒྱུ་ཞིག་མིན་པར། འགྱུར་བ་དང་གསར་བརྗེའི་འཕེལ་ཤུགས་མ་ཉམས་པ་བྱེད་དགོས་པ་དང༌བྱེད་ཆོག་པ། བྱེད་ཐུབ་པ་བཅས་ནི་མང་གཙོའི་ཁྱད་ཆོས་ཡིན། ཁྲིམས་དང་སྒྲིག་གཞི་ལ། བོད་མི་ཚོས་ཁྲལ་དང་ཁུར་པོའི་སྣང་བ་ཤར་བ་དེ་འདྲ་མ་ཡིན་པར་སྤྱི་དོན་ལས་སླ་པོ་དང༌ཚགས་ཚུད་པོ། དྲང་པོ་དྲང་བཞག་ཡོང་ཐབས་བཅས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པའི་སྐོར་བཅོས་མ་མ་ཡིན་པའི་འདུན་པ་བསྐྲུན་པ་དང་ཁྲིམས་སྒྲིག་གི་ཐད་ནས་རིགས་ལམ་གཏིང་ཟབ་ཆགས་ཐུབ་པ་ཞིག་དགོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྒྲིག་གཞི་དང་བཅས་པ་བོད་པའི་དམིགས་བསལ་གྱི་གནས་སྟངས་དང༌། སྐབས་བབ་ཀྱི་དགོས་མཁོ་དང་བསྟུན་ནས་བཟོས་པ་ཤ་སྟག་ཡིན་པ་དང་རྒྱ་གར་སོགས་རྒྱལ་ཁབ་གཞན་གྱི་འགྲོ་སྟངས་དང་དཔེ་ལེན་འདྲ་བཤུས་བྱས་མེད་པའི་དབང་གིས། གཞན་གྱི་ལམ་ལུགས་དེ་དག་མཐུན་འགྱུར་གྱི་རྒྱུ་མཚན་དུ་དྲངས་ནས་བོད་ཀྱི་ཁྲིམས་སྒྲིག་བསྒྱུར་བཅོས་གཏོང་ཐབས་མེད་པ་ཡིན། བོད་ཀྱི་ཁྲིམས་སྒྲིག་གི་ལམ་སྲོལ་དེ་ནི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ལམ་ལུགས་གཉིས་ཀ་མ་ཡིན་པའི་ལམ་ལུགས་གསུམ་པ། སྲིད་དོན་གྱི་ཚོགས་པ་མང་པོ་མེད་ནའང་བསྐྱང་ཐུབ་པའི་མང་གཙོའི་འགྲོ་སྟངས་གསར་པ་ཞིག་རེད། ཡིན་ནའང་གཞི་རིམ་གྱི་དགོས་མཁོ་འཛིན་སྐྱོང་དང༌། ཁྲིམས་བཟོ། ཁྲིམས་ལུགས་དབང་འཛིན་གསུམ་པོ་དེ་སྡེ་ཚན་མ་འདྲེས་པ་དང༌། གཅིག་འོག་ཏུ་གཅིག་མ་ཚུད་པ། སྡེ་ཚན་རེར་ཡན་ལག་ཡོངས་སུ་ཚང་བ་ཞིག་བཟོས་པ་དེ་མང་གཙོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡིན། ཁྲིམས་སྒྲིག་དེ་དག་ལ་འགྲིག་མིན་གྱི་བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་བོད་ཀྱི་ཡུལ་མི་ཚང་མར་ཡོད། འོན་ཏེ་དེར་བསྐྱར་བཅོས་ཀྱི་འཆར་གཞི་དང་ལམ་སྟོན་ཅི་ཡང་མེད་ན་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་ཀྱི་མེད་པ་རེད།
ཆོས་སྲིད་གཉིས་ཀྱི་མཁྱེན་པའི་མངའ་བདག་ཆེན་མོ།
གོང་དུ་བཤད་ཟིན་པ་ལྟར། མགོན་པོ་གང་ལ་འདིར་མངོན་པར་བསྟོད་པ་ནི། མང་ཐོས་འདུལ་བའི་མངའ་བདག་དང་གཏན་ཚིགས་རིགས་པའི་དབང་ཕྱུག ཐུན་མོང་རིག་གནས་སྨྲ་བའི་དབང་པོ། མངོན་པར་རྟོགས་པའི་སེམས་པ་ཆེན་པོར་གྱུར་བ་སོགས་ཆོས་དང་ཐུན་མོང་རིག་གནས་ཀྱི་མཁྱེན་པ་ཇི་ལྟར་རྒྱས་ཚུལ་སོགས་ཀྱི་ཐད། ཕྲན་ལ་ཇི་བཞིན་སྤྲོས་པའི་ནུས་པ་མེད་ལ། གསུང་ཚད་མ་ལ་བརྟེན་ནས་གང་ཟག་དེ་ཚད་མའི་སྐྱེས་བུར་སྒྲུབ་པ་ནི་རིགས་པའི་འགྲོས་ཤིག་རེད། དེ་བཞིན་ཆོས་སྲིད་ཀྱི་ལམ་སྟོན་ཚད་མ་ལ་བརྟེན་ནས་གང་ཟག་དེ་ཆོས་སྲིད་གཉིས་ཀྱི་མཁྱེན་པའི་མངའ་བདག་ཏུ་སྒྲུབ་ནུས་པའང་སྨོས་མེད་ཡིན། དེས་ན། མངོན་བསྟོད་འབྲི་བ་པོ་རང་གིས་སློབ་དཔོན་ཆེན་མོ་སྐུ་ཉིད་ནས་འདི་ལྟར་ཐོས་ཏེ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་འཇིག་རྟེན་སྲིད་ལུགས་དེ་གཙོ་བོ་དང་རྒྱ་ཆེ་བ་བྱས་ནས་གསུངས་མེད་ཀྱང་། སྤྱི་ཚོགས་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་པ་དང༌གང་ཟག་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པ། གང་ཟག་ཚང་མས་རང་ལས་གཞན་གཅེས་པར་བཟུང་མ་ཐུབ་ནའང་རང་དང་གཞན་མཉམ་པར་བཟུང་དགོས་པ་ཞིག་ཡིན་པའི་དབང་གིས། ཆབ་སྲིད་ཀྱི་སྐོར་ངེས་པར་གསུངས་དགོས་པ་ཆགས་ཡོད། དེའི་སྐོར་གཙོ་ཆེ་ཤོས་འཕགས་པ་གསེར་འོད་དམ་པའི་མདོ་དང༌། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་གཉིས་ཡིན། མདོ་ཕྱི་མའི་བདེན་པར་སྨྲ་བ་ལུང་སྟོན་པའི་ལེའུ་ཡི་ནང་དོན་ནི་ཤར་ཕྱོགས་པའི་མང་གཙོའི་ལྟ་བའི་གཞུང་གི་ཁུངས་རྩ་བའི་གྲས་ཡིན། དེ་བཞིན་མདོ་སྡེ་དྲན་པ་ཉེར་གཞག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལས་ཐབས་ཀྱི་རྣམ་འཕྲུལ་བསྟན་པའི་མདོ། ཀླུ་ཡི་རྒྱལ་པོ་རྔ་སྒྲས་ཞུས་པའི་ཚིགས་སུ་བཅད་པ་བཅས་བོད་དུ་བསྒྱུར་བའི་སངས་རྒྱས་ཀྱི་གསུང་རབ་ད་ལྟ་མཇལ་དུ་ཡོད་པ་དེ་དག་ཡིན། བོད་སྐད་དུ་མ་བསྒྱུར་བའི་མདོ་དང་རྒྱུད། བསྒྱུར་ཟིན་པའི་རྒྱ་གར་མཁས་པའི་བསྟན་བཅོས་དང་བོད་ཀྱི་མཁས་པའི་བསྟན་བཅོས་མི་ཉུང་བ་ཞིག་མཐོང་ཐོས་སུ་གྱུར་བཞིན་པ་དེ་དག་སྟེ། དེར་བརྟེན་མང་གཙོའི་ལྟ་བ་དང་མང་གཙོའི་ཆབ་སྲིད་ཀྱི་ལམ་སྲོལ་དེ་བརྒྱ་ཆ་བརྒྱ་ཐམ་པ་ནུབ་ཕྱོགས་ནས་ཐོན་མེད་པ་ཤིན་ཏུ་གསལ་པོ་ཆགས་ཡོད།
ཆབ་སྲིད་ཀྱི་མཁྱེན་པའི་མངའ་བདག་ཏུ་གྱུར་པ་ནི། བོད་མིའི་རང་དབང་གི་ལམ་སྟོན་ཇི་ལྟར་མཛད་པ། རང་དབང་སྒྲུབ་ཐབས་ཀྱི་ལམ་དབུ་མའམ་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་ཕྱེ་བ། བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་སྣེ་འཁྲིད་མཛད་པ་སོགས་ཀྱི་སྒོ་ནས་གང་འཚམས་ཤིག་གསལ་བཤད་ཟིན་ལ། དེའི་འཕྲོས་ཙམ་ཅུང་ཟད་བཤད་ན་ཆབ་སྲིད་དང་འབྲེལ་བའི་ངོས་འཛིན་ཆེན་པོ་ལྔ་མཛད་པའང་ཐོས་མྱོང་ལ། དང་པོ། བོད་པས་བོད་མིའི་སྤྱི་ཚོགས་ལ་འགན་ཁྱེར་དགོས་པའི་སྐོར། སྤྱི་ཚོགས་ལ་བརྟེན་ནས་གནས་དགོས་པ་ཞིག་ཡིན་པའི་རྗེས་ལ། རྗེ་བཙུན་མི་ལ་དང་འདྲ་བའི་རྣལ་འབྱོར་པ་རྣམས་ཕུད། དེ་མིན་དགེ་འདུན་པ་དང་ཁྱིམ་ན་གནས་པ་བཅས་བོད་མི་སུ་ཞིག་ཡིན་ཡང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་འགན་དེ་ངེས་པར་དུ་སྒྲུབ་དགོས་ངེས་ཡིན། གཉིས་པ། བོད་ཀྱི་འཐབ་རྩོད་ཀྱི་ངོས་འཛིན་སྐོར། བོད་ཀྱི་འཐབ་རྩོད་དེ་སྲིད་དོན་ལྟ་གྲུབ་ཀྱི་འཐབ་རྩོད་དང་མི་རིགས་ཕན་ཚུན་དབར་གྱི་འཐབ་རྩོད། ཆབ་སྲིད་དབང་ཆའི་འཐབ་རྩོད་བཅས་མིན་ལ། འཐབ་རྩོད་ཀྱི་ངོ་བོ་ངོ་མ་ནི། བདེན་པ་དང་རྫུན་པའི་དབར་གྱི་རྩོད་གླེང་དང༌། ཁྲིམས་མཐུན་དང་ཁྲིམས་མཐུན་མིན་པའི་དབར་གྱི་རྩོད་གླེང༌། ཡང་ན། ལས་འགན་སྒྲུབ་ཕྱོགས་ཀྱི་རྩོད་གླེང་ཞིག་སྟེ། བོད་མི་རིགས་ལ་དམིགས་བསལ་འཁྲི་བའི་འཇིག་རྟེན་སྤྱིའི་འགན་ཁུར་སྒྲུབ་ཐབས་ཀྱི་ཆེད་དང་། འགྲོ་བ་མི་ལ་ཉེ་བར་མཁོ་བའི་བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ། བོད་ཀྱི་བདེ་སྐྱིད་དང་ལྷག་པར་འཕགས་ཡུལ་ནས་བྱུང་བའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་རྫོགས་ནང་དོན་རིག་པའི་སྲོལ་རྒྱུན་རྩ་ཆེ་བ་དེ་དག འགྲོ་བ་སྤྱི་ཡོངས་ལ་དགོས་མཁོ་ཆེན་པོ་ཡོད་པ་དེ་རྩ་བརླག་ཏུ་མི་འགྲོ་བའི་ཐབས་ལམ་ཞིག་བཙལ་རྒྱུ་དེ་ཡིན། གསུམ་པ། བོད་ཀྱི་རང་དབང་ཤོར་སྟངས་སྐོར་ལ། བོད་མི་རྣམས་ཀྱི་རྒྱུད་ལ་དུས་བསྟུན་སྤྱི་ཚོགས་ཀྱི་ཤེས་ཡོན་མེད་པ་དང་ཡ་རབས་ཀྱི་བསམ་ཚུལ་ཉམས་ཏེ་དབང་འཛིན་པ་དང༌ལས་ཀྱི་སྣེ་མོ་བ་མང་ཆེ་བས་རང་དོན་འབའ་ཞིག་བསྒྲུབས་པ་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་བརྩི་བཀུར་བརླགས་པ། དགོན་སྡེ་དམག་གིས་བཅོམ་པ་དང༌རབ་བྱུང་སེར་དམག་ཏུ་བཀོལ་བ་སོགས་ཆོས་དད་ཅན་རྣམས་ཧོན་འཐོར་དགོས་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་བའི་དབང་གིས་བོད་ཀྱི་རང་དབང་ཤོར་བ་མ་གཏོགས། ཕ་རོལ་དམག་གི་སྟོབས་ཤུགས་རྐྱང་པའི་དབང་གིས་མ་ཡིན་པ་ནི་དངོས་ཡོད་ར་སྤྲོད་ཐུབ་པ་ཞིག་ཡིན། བཞི་པ། གུང་ཁྲན་གྱི་དབང་སྒྱུར་འོག་གི་དཀའ་སྡུག་སྐོར། བོད་མི་རྣམས་གུང་ཁྲན་གྱི་མནར་གཅོད་འོག་འཇིག་རྟེན་དུ་དཔེ་མཚོན་མི་རྙེད་པའི་སྡུག་བསྔལ་སྣ་ཚོགས་པ་མྱོང་དགོས་བྱུང་ཞིང༌། བོད་མི་འབུམ་ཕྲག་བཅུ་གཉིས་བརྒལ་བ་རྒྱ་དམར་གྱི་དྲག་གནོན་འོག་མནར་གཅོད་ཚད་མེད་ཀྱིས་རང་སྲོག་དོར་དགོས་བྱུང་བ་དང༌། ཆོས་སྡེ་སྟོང་ཕྲག་མང་པོ་དང༌རིན་བྲལ་གནའ་རབས་ཀྱི་དངོས་རྫས། ཆོས་དང་ལེགས་བྱང་ཡུལ་གོམས་གཤིས་ལུགས་བཅས་པ་རྩ་གཏོར། ཤིང་ནགས་གཏེར་ཁ་སོགས་རྩ་མེད་བཟོས་ཏེ་འབྱུང་ཁམས་ཆ་མ་སྙོམས་པའི་གནས་སྟངས་ཧ་ཅང་སྐྱོ་པོར་གྱུར་པ་སོགས་སྡུག་བསྔལ་ཉིན་མཚན་མི་འཁྱོལ་བ་མྱོང་དགོས་བྱུང་དང་འབྱུང་བཞིན་ཡོད། ལྔ་པ། གུང་ཁྲན་གྱི་སྐད་ཆར་བཀའ་ལན་ཐུང་ཙམ་ཞིག་གནང་སྟེ། གུང་ཁྲན་གྱིས། བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དེ་ྋགོང་ས་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་ཟེར་བར། ༸གོང་ས་མཆོག་གིས་འགྲིག་འཇགས་བྱུང་ན་ང་ཚོ་རྒྱ་ནག་གི་དབང་སྒྱུར་འོག་སྡོད་ཀྱི་ཡིན་ཞེས་གསུངས་ཟིན་པར་བརྟེན། འགྲིག་འཇགས་བྱུང་ན་བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་འགྱུར་རྒྱུ་ཡིན་པ་དེ་བརྗོད་མ་དགོས། ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞེས་པའི་ཚིག་དེ་ལོ་རྒྱུས་དང་སྦྲགས་ནས་བེད་སྤྱོད་བཏང་ན་རྫུན་ཆགས་ཀྱི་ཡོད་སྟབས། ང་ཚོ་བདེན་པ་ལ་གཞི་རྩ་བཅོལ་བའི་འཐབ་རྩོད་བྱེད་མཁན་ཞིག་ཡིན་པས་རྫུན་སྒྲིག་བྱ་ཐབས་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། གུང་ཁྲན་གྱིས། ཐེ་ཝན་རྒྱ་ནག་གི་མངའ་སྡེ་ཡིན་པར་བཤད་དགོས་ཟེར། ཐེ་བོད་ཀྱི་གནད་དོན་དེ་ཐ་དད་རེད། ཐེ་ཝན་དེ་རྒྱ་ནག་གི་མངའ་སྡེ་ཞིག་ཆགས་མིན་དེ་ྋགོང་ས་མཆོག་གིས་བཀའ་གནང་མིན་ཞིག་ལ་ཐུག་མེད། བོད་གཞུང་དང་ྋགོང་ས་མཆོག་ནས་རྒྱ་ནག་གཅིག་གི་ལྟ་གྲུབ་ལ་ནམ་ཡང་རྩོད་པ་རྒྱག་གནང་གི་མེད་པ་རེད།
དེ་ལྟར་མི་ཡུལ་གྱི་སློབ་དཔོན་མོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་བཞིན་མངོན་པར་བཀུར་བའི་བསྔགས་པ་དེ་དག་ནི། མགོན་པོ་གང་གིས་ཆོས་སྲིད་ཇི་ལྟར་བསྐྱངས་པའི་གནས་ལུགས་རྣམས་རགས་རིམ་ཙམ་དུ་འགྲེལ་བཤད་ཀྱིས། དོན་སྟེང་ནས་མངོན་པར་བསྟོད་པའི་གོ་བ་ཡོང་ཐབས་དང་དེ་ཡང་དཔྱད་རྩོམ་གྱི་ངོ་བོར་སྤེལ་ནས་བསྟོད་ཚིག་གི་རྗེས་འབྲས་དེ་རྣམས་བོད་ཀྱི་མི་རབས་ཕྱི་མའི་མདུན་ལམ་ཐད་ཕན་ཐོགས་ཡོང་རེ་བྱས་པའང་མངོན་བསྟོད་འདིའི་དམིགས་ཡུལ་གྱི་ཁུངས་སུ་གཏོགས་པ་བཅས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་དགེ་བཤེས་སེར་སྨད་བློ་དགའ་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༢༤ ཉིན་སྤེལ།