རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གནང་བའི་བཀའ་ཤག་གི་གསུང་བཤད།

༄༅། །ངས་བཙན་བྱོལ་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་ཁྱེད་ཚོ་ཚང་མ་འདིར་འཛོམས་ནས་བོད་མི་མང་གི་དྲང་བདེན་གྱི་རྩ་དོན་ལ་རྒྱབ་སྐྱོར་ལྡན་པའི་རྣམ་འགྱུར་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ང་ཚོར་གདུང་སེམས་མཉམ་བསྐྱེད་དང༌། ཕྱར་བ་གྲུ་འདེགས་གནང་བ་དེ་ནི་བོད་དོན་གྱི་ལས་འགུལ་འདིའི་ནུས་ཤུགས་གང་ལས་བྱུང་བའི་འབྱུང་ཁུངས་གཙོ་བོ་ཡིན། བོད་མི་མང་གི་དྲང་བདེན་གྱི་རྩ་དོན་ཐོག་ཁྱེད་རྣམས་ཀྱིས་སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་དང་གནང་མུས་སུ་ཡོད་པ་འདི་དག་གཞིས་ཀྱི་བོད་རིགས་སྤུན་ཟླ་རྣམས་དང༌། དེ་བཞིན་ཁོང་ཚོའི་རང་དབང་ལྡན་པའི་མགྲིན་ཚབ་པའི་ངོ་བོར་ལས་འགན་སྒྲུབ་བཞིན་པའི་ང་ཚོ་བོད་མི་བཙན་བྱོལ་བ་ཡོངས་ཀྱི་བློ་སྟོབས་ལྷག་པར་བསྐྱེད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད།

ང་ཚོ་ཚང་མས་ཤེས་གསལ་ལྟར་འཛམ་གླིང་ཁྱོན་གྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་པོའི་ལྟ་གྲུབ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་དང༌། དྲང་བདེན་བཅས་ལ་དོན་དམ་གྱི་རྒྱབ་སྐྱོར་བྱེད་མཁན་ཡིན། བོད་དོན་རྒྱབ་སྐྱོར་བ་བྱེ་བྲག་རེ་རེ་ནས་དཔལ་འབྱོར་དང༌། ཆབ་སྲིད་ཀྱི་ཁེ་ཕན་སོགས་རང་དོན་ཡིད་བྱེད་ཀྱི་བསམ་བློའི་རིགས་སྤངས་ཏེ་རང་རང་གི་སྙིང་ཁོང་རུས་པའི་གཏིང་ནས་ཐོན་པའི་ནང་གི་འབོད་སྒྲར་དྭང་བས་ཀུན་བླངས་ཀྱིས་བརྡ་ལན་བྱེད་པ་ཞིག་ཡིན་པ་ལས། དེ་དག་རྒྱལ་སྤྱིའི་ནང་རྒྱལ་འབྲེལ་ཆབ་སྲིད་ཀྱི་གནས་སྟངས་ནས་རང་ཉིད་གང་དུ་གཏོགས་པའི་རྒྱལ་ཁབ་དེའི་ཁེ་ཕན་རྩོད་ལེན་བྱེད་པ་ལས་བྱུང་བའམ། ཡང་ན་བཙན་བྱོལ་བོད་གཞུང་ངམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་བརྟེན་ནས་བྱུང་བ་ཞིག་ག་ནས་ཡིན། དེར་བརྟེན་ཁྱེད་ཅག་ཚང་མ་བཟང་སྤྱོད་ཀྱི་རྣམ་འབྱེད་བློ་གྲོས་དང་ལྡན་ཞིང་རང་དབང་ཅན་གྱི་བསམ་ཡོད་མི་སྣར་གྲུབ་ཡོད་ཅིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྟག་ཏུ་བོད་དོན་རྒྱབ་སྐྱོར་བ་རྣམས་ནི་རྒྱ་ནག་ལ་རྒྱབ་ཕྱོགས་པ་དང༌། བོད་མིར་མདུན་ཕྱོགས་པ་དེ་འདྲ་མ་ཡིན་པར། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཞེས་གསུང་གི་ཡོད་པ་བཞིན། ང་ཚོའི་ཁྲོད་ནས་སུ་ཞིག་གིས་ཀྱང་རྒྱ་མི་རིགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་འགྲོ་གཞིའམ། ཁོང་ཚོའི་ཁེ་ཕན་དང་འགལ་འདས་གྱུར་པའི་བྱ་སྤྱོད་གང་ཡང་སྤེལ་གྱི་མེད།
ངས་དེ་སྔ་སྤེལ་ཟིན་པའི་གཏམ་བཤད་ཅིག་འདིར་ནན་ཏན་ཆེན་པོས་བསྐྱར་གླེང་བྱ་རྒྱུར། བཙན་བྱོལ་བོད་གཞུང་གི་ངོས་ནས་ཁྱེད་རྣམས་ལ་ང་ཚོའི་འཆར་གཞིའམ། ཐབས་བྱུས་དང་མཐུན་པའི་དམིགས་བཀར་ལས་དོན་འདི་གནང་རོགས་ཞེས་རྒྱུད་སྐུལ་ལམ། ཁྲིད་སྟོན། ཡང་ན་རེ་འདུན་ཞུ་རྒྱུའི་འདོད་པ་གང་ཡང་མེད། ཕྱི་དྲིལ་ལས་ཁུངས་ནས་ཚོགས་ཆེན་འདི་གོ་སྒྲིག་མཉམ་རོགས་བྱེད་པོའི་ངོ་བོར་ལས་འགན་སྒྲུབ་པ་དེ་ནི་ཁྱེད་རྣམས་ལ་སྡིངས་ཆ་འདིའི་ཐོག་ནས་ཕན་ཚུན་བློའི་འཆར་སྒོ་དང་ཉམས་མྱོང་སྤེལ་རེས། དེ་བཞིན་ནང་ཁུལ་འབྲེལ་མཐུད་དང་མཉམ་ལས་བཅས་གོང་འཕེལ་གཏོང་ཐུབ་པའི་མཐུན་འགྱུར་བྱ་རྒྱུ་ཙམ་རེད།
བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བྱེ་བྲག་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ང་ཚོའི་སྲིད་བྱུས་དང༌། ལས་དོན་བྱེད་ཕྱོགས་ལ་མོས་མཐུན་གནང་གི་མེད་པ་དེ་ངས་ཡང་དག་པར་ཤེས་ཀྱི་ཡོད། ང་ཚོ་ཕན་ཚུན་གྱི་བསམ་ཚུལ་ལ་མཐུན་ཆ་མེད་པའམ། ཡང་ན་མོས་མཐུན་ཡོང་མིན་ལ་མ་ལྟོས་པར། ང་ཚོས་ཁྱེད་རྣམ་པའི་རྒྱབ་སྐྱོར་དེ་རྩ་འགངས་ཆེན་པོར་བརྩི་གི་ཡོད། གང་ཡིན་ཞེ་ན། ཁྱེད་རྣམས་ཀྱིས་བོད་རྒྱལ་ཁབ་ཀྱི་མི་མང་ལ་དྲང་བདེན་ཡོང་བའི་དོན་དུ་འབད་བརྩོན་གནང་གི་ཡོད་པས་ཡིན། འོན་ཀྱང་ངས་ནན་ཏན་གྱིས་བརྗོད་རྒྱུ་ཞིག་ལ། ང་ཚོས་ཁྱེད་རྣམ་པའི་ཕྱག་ལས་ལ་བརྩི་བཀུར་ཞུ་བ་འདི་དག་དབུ་མའི་ལམ་གྱི་ཐབས་ཚུལ་ལ་ང་ཚོས་ལྷག་བསམ་རྣམ་དག་གིས་ཡིད་ཆེས་བྱེད་ཀྱི་མེད་པའམ། ཡང་ན་ཁྱེད་ཚོར་རང་བཙན་གྱི་ལངས་ཕྱོགས་རྒྱུན་སྐྱོང་བྱེད་དགོས་པ་དང༌། བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་དགོས་པར་སྐུལ་མ་བྱེད་ཀྱི་ཡོད་པའི་དན་རྟགས་ཤིག་ལ་འགྲེལ་བརྗོད་གཏན་ནས་གནང་མི་རུང་ཞིང༌། ངས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ང་ཚོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་སྦས་པའི་ཕུགས་དམིགས་ཤིག་ཡོད་ངེས་རེད། ཁོང་གིས་རང་བཙན་རྩོད་མཁན་གྱི་བོད་མི་རྣམས་དང༌། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱི་བྱེད་སྤྱོད་ལ་བཀག་འདོམས་གནང་གི་མི་འདུག་ཅེས་རྒྱུན་དུ་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་ཡིན། ཁོང་ཚོའི་སྐྱོན་བརྗོད་དེ་དག་ཡོངས་སུ་གཞི་རྩ་བྲལ་བ་ཞིག་ཡིན་པ་སྨོས་མ་དགོས་ཀྱང༌། དེ་ལྟ་བུའི་བསམ་བློའི་འཁྱེར་སོ་དེ་ཁོང་ཚོ་རང་དབང་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་རྨོངས་པའམ། བྱང་གོམས་མེད་པར་བརྟེན་ནས་ཡོང་གི་ཡོད་པས། རྒྱ་ནག་དེ་ཉིད་སྔར་བས་རང་དབང་མང་གཙོ་ཅན་དུ་འགྱུར་བ་འགྲོ་བ་དང་སྟབས་བསྟུན་ཁོང་ཚོས་ང་ཚོ་ལ་བསམ་ཤེས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ཁྱེད་རྣམ་པ་ཚང་མས་ཕྱི་ལོ་ ༡༩༥༡ ནས་བཟུང་བོད་ཀྱི་གནས་ཚུལ་འཕེལ་རིམ་སྤྱི་དང༌། ལྷག་པར་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་མཁྱེན་ཆུབ་ཡིན་མུས་ལ་བརྟེན། ངས་བོད་ཀྱི་ལོ་རྒྱུས་དང་འགྱུར་འགྲོས་སྐོར་གླེང་སྐྱོར་བྱས་ཏེ་ཁྱེད་ཅག་གི་དུས་ཚོད་ཆུད་ཟོས་སུ་གཏོང་རྒྱུ་མིན། ངས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱི་གཙོ་གནད་དོན་ཚན་ཁ་ཤས་དང༌། ང་ཚོའི་རང་དབང་འཐབ་རྩོད་ལས་འགུལ་གྱི་ཁྱད་ཆོས་བཅས་སྙིང་བསྡུས་ཙམ་ངོ་སྤྲོད་ཞུ་གི་ཡིན།
ཚང་མས་ཤེས་གསལ་ལྟར་ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་ཡ་མཚན་མངོན་པར་ཆེ་བའི་ཁོར་ཡུག་ཅིག་ནང་ལས་དོན་བྱེད་དགོས་ཀྱི་ཡོད་པ་དང༌། དེ་ལྟ་བུའི་ཁོར་ཡུག་ནང་སྟོབས་ཤུགས་ནི་བདེན་པ་རེད་ཅེས་ལྟ་གྲུབ་ཀྱི་འཛིན་སྟངས་དེས་སྔར་མ་གྲགས་པའི་ཚད་མཐོའི་གནས་བབ་བཟུང་ཡོད་པར་བརྟེན། བདེན་པ་དང༌། དྲང་བདེན་གྱི་ཕྱོགས་སུ་ལངས་རྒྱུ་ཆེས་དཀའ་བའི་གནས་སུ་གྱུར་ཡོད། མི་སྡེའི་སྤྱི་ཚོགས་ཕལ་མོ་ཆེའི་ངོས་ནས་དཔལ་འབྱོར་དང༌། ཆབ་སྲིད་ཀྱི་སྟོབས་ཤུགས་ནི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་གཅིག་ཉིད་དེ་ཡིན་པར་ངོས་འཛིན་དང་སྦྲགས། དེ་དག་སྒྲུབ་པའི་ཆེད་དུ་གཞན་དག་ཚང་མ་བློས་གཏོང་བྱེད་ཀྱི་ཡོད་པ་རེད། རང་དབང་དང༌། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང༌། མང་གཙོ་བཅས་ཀྱི་སྐོར་ཀུ་ཅོ་སྒྲོག་མཁན་མང་པོ་ཡོད་ཀྱང༌། དོན་དངོས་སུ་དེང་སྐབས་འཛམ་གླིང་ཁྲོད་ཀྱི་རྒྱལ་ཁབ་གང་ཞིག་གི་ནང་དུའང་དེ་ལྟ་བུའི་རང་དབང་མེད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ཐད་དོ་སྣང་ཙམ་ཡང་བྱེད་མཁན་མེད་ཅིང༌། ད་ལམ་དབང་ཤེད་དཔུང་ངོམས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་གིས་རང་བཙན་རང་བདག་གི་རྒྱལ་ཁབ་ཅིག་ལ་གནོན་ཤུགས་སྤྲད་དེ་ྋགོང་ས་མཆོག་གདན་འདྲེན་ཞུ་རྒྱུར་བཀག་འགོག་བྱེད་ཐུབ་པ་འདི་ནི་དེང་སྐབས་འཛམ་གླིང་གི་གནས་སྟངས་དངོས་མཚོན་པར་བྱེད་པའི་དཔང་རྟགས་གསལ་ཤོས་དེ་ཡིན། འོན་ཀྱང་ནམ་ཕུགས་བདེན་པ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པར་ང་ཚོས་ད་དུང་ཡང་ཡིད་ཆེས་བྱེད་ཀྱི་ཡོད།
བོད་ནང་དཀའ་སྡུག་ཕྲད་དང་འཕྲད་མུས་ཀྱི་ལོ་དུས་ཚང་མའི་ནང་བོད་མི་ཚོས་བཟོད་བསྲན་ཁོག་ཡངས་ཀྱི་ལམ་ནས་རང་མི་རིགས་ཀྱི་འཐབ་རྩོད་ཀྱི་དྲང་བདེན་རང་བཞིན་དང༌། རྩ་ཆེའི་ལེགས་བྱང་གི་ཤུལ་གཞག་བཟང་པོའི་རིན་ཐང་ཁག་ལ་ཡིད་ཆེས་བློ་གཏད་ཀྱི་བསམ་བློ་དེ་བསླད་སྐྱོན་མེད་པར་བདག་སྲུང་བྱེད་ཐུབ་པ་བྱུང་ཡོད། བོད་ནང་གི་དབང་འཛིན་པ་ཚོས་དུས་རྟག་ཏུ་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་ཐེ་བྱུས་དང༌། དོན་མེད་ཀྱི་དཀྲོག་རྐྱེན་སློང་བ་སོགས་བྱས་ཡོད་ནའང༌། གཞིས་ལུས་བོད་མིའི་ངོས་ནས་ཁྲོ་ལན་ཁྲོ་འཇལ་མ་ཡིན་པར་རང་ཚུགས་ཟིན་ཏེ་སྒོ་གསུམ་གྱི་སྤྱོད་ལམ་བག་ཡོད་ཅན་ཞིག་བསྟེན་ཡོད་པ་འདི་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་སྒོ་ནས་ལམ་སྟོན་བཀའ་སློབ་སྔ་རྗེས་སུ་གནང་བ་དང༌། ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ལེགས་བྱང་དང་ཆོས་ཕྱོགས་ཀྱི་ཤུལ་གཞག་བཟང་པོའི་ནུས་མཐུ་བཅས་ལ་བརྟེན་ནས་བྱུང་བ་ཡིན།
གོང་གསལ་རྒྱུ་མཚན་ལ་བརྟེན་ནས་ྋགོང་ས་མཆོག་གིས་བོད་མིའི་འཐབ་རྩོད་འདི་ཆབ་སྲིད་ཀྱི་ངོ་བོ་མ་ཡིན་པར། ལེགས་བྱང་གི་ངོ་བོའི་ཐོག་ནས་འགྲེལ་བརྗོད་གནང་གི་ཡོད། དུས་རབས་མང་པོའི་རིང་བོད་མི་ཚོས་རང་གི་ལེགས་བྱང་དང༌། འཚོ་བའི་ལམ་སྲོལ་ནང་རྒྱ་གར་དུ་དར་ཁྱབ་བྱུང་བའི་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ནས་ལེགས་ཆ་ཁག་བླངས་ཏེ་ཁ་སྐོང་བྱས་ཡོད་ཅིང༌། དེས་ང་ཚོ་བོད་མི་རྣམས་ལ་བདེ་སྐྱིད་དོན་སྙིང་ལྡན་པའི་འཚོ་བ་ཇི་ལྟར་སྐྱེལ་དགོས་པའི་བསླབ་བྱ་བྱེད་ཀྱི་ཡོད་པ་དང༌། བདེ་སྐྱིད་ནི་འགྲོ་བ་མིའི་རིགས་ཀུན་གྱིས་འདོད་པའི་གནས་ཚུལ་ཞིག་ཡིན། བོད་ཀྱི་ལེགས་བྱང་འདི་དག་སྐྱེ་བོ་སོ་སོའི་བདེ་སྐྱིད་དང༌། ཁེ་ཕན་བཅས་གོང་འཕེལ་གཏོང་རྒྱུས་མཚོན་པའི་མི་སྡེའི་སྤྱི་ཚོགས་ཐུན་མོང་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་དུ་བེད་སྤྱོད་ཡོང་སླད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཅིག་ལ་གཅིག་བརྟེན་དུ་འགྱུར་ཤུགས་ཆེ་བའི་འཛམ་གླིང་འདིའི་ནང་བོད་མི་ཚོར་རང་གི་ལེགས་བྱང་དང༌། ཆོས་ཕྱོགས་ཀྱི་ཤུལ་གཞག་བཟང་པོའི་རིན་ཐང་ཁག་སྲུང་སྐྱོབ་བྱ་རྒྱུ་ཐེ་བའི་ནང་གི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་རང་དབང་རྣམས་ལོངས་སུ་སྤྱོད་དབང་བྱུང་ན། ཆབ་སྲིད་ཀྱི་རང་བཙན་གལ་འགངས་ཆེན་པོ་མིན་པ་དེ་དུས་ཡུན་རིང་པོའི་གོང་ནས་དགོངས་བཞེད་གནང་ཡོད།
དེས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་ལམ་ནས་དབུ་མའི་ལམ་གྱི་ཐབས་ཚུལ་དུ་གྲགས་པ་འདི་འདོན་གནང་མཛད་པ་དང༌། ཐབས་ཚུལ་འདི་ལྟར་ན། བོད་རང་བཙན་རྩོད་ལེན་མི་བྱེད་པར་དེའི་ཚབ་ཏུ་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་སྤྱོད་དབང་དགོས་པ་ཡིན། དེ་ལྟ་བུའི་བཀོད་སྒྲིག་ཅིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་མཐུན་འགྱུར་ལ་བརྟེན་ནས་མངོན་གྱུར་བྱུང་བ་ཡིན་ན། བོད་མི་ཚོར་རང་གི་ལེགས་བྱང་གི་རིན་ཐང་དང༌། བསླབ་བྱ་རྣམས་དེང་སྐབས་ཆབ་སྲིད་དང་མི་རིགས་ཀྱི་དབྱེ་མཚམས་ལས་ཡོངས་སུ་བརྒལ་ཡོད་པ་འདི་དག་མུ་མཐུད་ཡར་རྒྱས་གཏོང་ཐུབ་པའི་རང་དབང་འཐོབ་རྒྱུ་ཡིན། ལེགས་བྱང་འདིས་འཕོ་འགྱུར་གྱི་ཡོ་ལང་ཆེ་བའི་དུས་མཚམས་འདིར་རྒྱ་མི་རིགས་ཀྱིས་གཙོས་པའི་འཛམ་གླིང་ཁྱོན་གྱི་མི་མང་ས་ཡ་མང་པོར་གོ་སྐབས་དང༌། དཀའ་ངལ་གསར་པའི་རིགས་འཕྲད་བཞིན་པ་དེ་དག་སོ་སོར་གདོང་ལེན་བྱེད་སྐབས་རེ་བ་སྤྲོད་ཐུབ་པ་དང༌། ཕན་གྲོགས་བྱེད་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
གོང་གསལ་རྒྱུ་མཚན་ལ་བརྟེན་ནས་ངས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་མཛད་བྱུས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་མུས་འདི་དག་བོད་མི་མང་གི་རྩ་དོན་ལ་རྒྱབ་སྐྱོར་མཚོན་པའི་རྣམ་འགྱུར་ཁོ་ན་མ་ཡིན་པར། འཚེ་བ་སྤངས་པ་དང༌། ཞི་མོལ། གུ་བཤངས་བྱེད་པའི་བློ་ཁོག རང་བྱུང་ཁོར་ཡུག་དང་ཕ་རོལ་པོའི་དོན་དམ་གྱི་སེམས་འཚབ་ཁག་ལ་བརྩི་བཀུར་བྱེད་པ་བཅས་ཀྱི་རྨང་གཞིར་གྱུར་པའི་རྩོད་རྙོག་འདུམ་འགྲིགས་བྱེད་ཐབས་ཀྱི་ལམ་སྲོལ་ལ་རྒྱབ་སྐྱོར་མཚོན་པའི་རྣམ་འགྱུར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། གལ་ཏེ་མི་སྡེའི་སྤྱི་ཚོགས་དེ་ཉིད་འཛམ་གླིང་སའི་གོ་ལ་ཆེན་པོ་འདིའི་ཐོག་འཚོ་ཞིང་རྒྱུན་གནས་ཐུབ་པ་ཞིག་ཡོང་དགོས་ན། བཟང་པོའི་ལྟ་གྲུབ་ཀྱི་རིན་ཐང་འདི་དག་ཞི་བའི་ལས་རིམ་མམ། རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཅི་རུང་གི་གཙོ་གནད་དུ་བཟུང་དགོས་པ་ཡིན།
ང་ཚོ་དང༌། རྒྱ་ནག་གཞུང་གི་དབུ་ཁྲིད་དབར་གྱི་འབྲེལ་བར་མཚོན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུར་ཐབས་ཤེས་ཡོད་རྒུ་སྤྱོད་དགོས་པའི་ལམ་སྟོན་ཕེབས་ཡོད་ལ། ང་ཚོའི་ངོས་ནས་གནས་དུས་གང་དུའང་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡིན། བར་སྐབས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་མིའི་ཕྱོགས་ཀྱི་འདོད་ཚུལ་སྙིང་པོ་ཇི་ཡིན་ངོ་སྤྲོད་གསལ་བཤད་མཐིལ་ཕྱིན་བྱས་ཟིན་ཞིང༌། དེ་དག་བཀའ་ཤག་གི་ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་གཏམ་བཤད་ནང་དུའང་བསྐྱར་གླེང་བྱས་ཡོད། ང་ཚོའི་དགོས་འདུན་གཉིས་ནི། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དེ་དག་ཚིག་དོན་འགལ་མེད་ལྷག་བསམ་རྣམ་དག་གི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང༌། བོད་མི་མང་ཐུན་མོང་གི་མངོན་འདོད་ཇི་བཞིན་བོད་རིགས་ཡོངས་རྫོགས་རང་སྲིད་རང་སྐྱོང་གི་གཞུང་སྲིད་ལམ་སྲོལ་གཅིག་གི་འོག་འཛིན་སྐྱོང་བྱེད་དགོས་པ་བཅས་ཡིན། གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་འདུན་པ་ཡོད་ན། ང་ཚོའི་དགོས་འདུན་དེ་དག་ལས་སླ་པོའི་ངང་ནས་སྒྲུབ་ཐུབ་པ་ཞིག་ཡིན་ཞིང༌། ཁོང་ཚོའི་ངོས་ནས་རྩ་ཁྲིམས་ལ་བསྒྱུར་བཅོས་བྱ་དགོས་མེད་ལ། སྲིད་བྱུས་ལའང་འགྱུར་ལྡོག་ཆེ་རིགས་གཏོང་དགོས་པ་ཅི་ཡང་མེད།
ང་ཚོས་རང་སྐྱོང་གི་ཚད་གཞི་མཐོ་པོའམ། དམའ་པོ་གང་ཡང་རྩོད་ཀྱི་མེད། ང་ཚོས་ག་རེ་རྩོད་ཀྱི་ཡོད་ཅེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཞིག་རང་སྐྱོང་གི་ཁྲིམས་གཞིའི་ནང་རྒྱས་བཤད་བྱས་ཡོད་པ་དེ་དག་ལྷག་བསམ་རྣམ་དག་གི་སྒོ་ནས་ལག་བསྟར་ཡོང་བ་ཁོ་ན་རྩོད་ཀྱི་ཡོད། དེ་མཚུངས་བོད་མི་རྣམས་ལ་མཚོན་ན། རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པའི་གྲངས་ཉུང་མི་རིགས་ ༥༥ ཡོད་པའི་ནང་ནས་གཅིག་རང་ཡིན་པ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། ང་ཚོ་གོང་བུ་གཅིག་གི་གྲུབ་ཆ་ཡིན་པ་དེ་ཡང་མི་རིགས་དང༌། སྐད་ཡིག ལེགས་བྱང༌། འཚོ་བ་སྐྱེལ་སྟངས་བཅས་གཅིག་གྱུར་ཡིན་པའི་ཐོག་གདོད་མའི་དུས་སྐབས་ནས་བཟུང་བོད་ཀྱི་མཐོ་སྒང་དུ་མཉམ་སྡོད་བྱས་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་བོད་ཆེན་པོའམ། ཆུང་ངུ་གང་ཡང་རྩོད་ཀྱི་མེད་ཅིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚད་མཐོའི་རང་སྐྱོང་ངམ། ཆེས་མཐོའི་རང་སྐྱོང༌། ཡང་ན་བོད་ཆེན་པོ་རྩོད་ཀྱི་འདུག་ཅེས་ཧ་ལམ་ང་ཚོས་རྩ་ཁྲིམས་ནང་ཇི་འཁོད་ལས་ལྷག་པ་ཞིག་རྩོད་ཀྱི་ཡོད་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེའི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱ་རྒྱུ་གལ་ཆེན་པོ་ཡིན།
གོང་དུ་བཤད་མ་ཐག་པའི་ང་ཚོའི་མངོན་འདོད་དེ་དག་གང་ལས་བྱུང་བའི་འབྱུང་ཁུངས་ལྟ་བུ་ནི། ས་མཐོའི་བོད་དུ་གནས་བཅའ་བའི་བོད་རིགས་ཚང་མ་འཛིན་སྐྱོང་གཅིག་གི་འོག་འཇུག་ཐུབ་པ་བྱུང་ན། དེས་བོད་མི་ཚོར་རང་གི་སྤྱི་ཚོགས་དཔལ་ཡོན་གྱི་རིན་ཐང་ཁག་ལ་དེང་སྐབས་རྒྱ་ཆེའི་འཛམ་གླིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྔགས་བརྗོད་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་དག་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པའི་ནུས་ཤུགས་འཕར་སྐྱེད་ཡོང་རྒྱུའི་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་དེ་ལ་ཐུག་ཡོད། ད་ཆ་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་སྡོད་རྒྱུའི་ཁས་ལེན་བྱས་ཟིན་པ་དང༌། རང་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་གི་གྲུབ་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་གྲངས་མང་ཧཱན་མི་རིགས་ཀྱིས་གཙོས་པའི་རྒྱ་ནག་གི་ཆབ་འབངས་མི་སེར་གཞན་དག་དང་མཚུངས་པར་རྒྱལ་ཁབ་ལ་གཅེས་ཞེན་གྱི་བསམ་བློ་གཅིག་གྱུར་འཆང་གི་ཡོད། དེ་ལྟ་བུའི་གནས་སྟངས་འོག་ང་ཚོ་ལ་རྒྱལ་གཅེས་ཀྱི་བསམ་བློ་མེད་པ་དང༌། ཁ་བྲལ་རིང་ལུགས་པ་རེད་ཅེས་མིང་འདོགས་བྱེད་པ་འདི་ནི་གཞི་རྩ་དང༌། རྒྱུ་མཚན་ཡོངས་སུ་བྲལ་བ་ཞིག་ཡིན་ཞིང༌། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། སྤྱིར་ན་རྒྱ་ནག་གི་དབུ་ཁྲིད་ཚོའི་མཁྲེགས་འཛིན་གྱི་རྣམ་འགྱུར་དང༌། སྒོས་སུ་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགོ་བྱེད་ཚོའི་ཐབས་སྡུག་གི་བྱེད་བབས་རྣམས་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། ང་ཚོར་དྭོགས་པ་རྣམ་རྟོག་ཡོང་གཞི་ཞིག་ལ་བོད་དོན་ཐག་གཅོད་མ་བྱས་པར་དེ་མུར་འཇོག་པ་འདི་ནི་ཕ་རོལ་པོའི་ཆབ་སྲིད་ཀྱི་དགོས་དབང་ལ་བརྟེན་ནས་ཡིན་པ་དང༌། ཁོང་ཚོ་རང་ཉིད་ཀྱི་དབང་ཆའི་འཐབ་རྩོད་ནང་ང་ཚོའི་ཕྱོགས་ཀྱི་མི་སྣ་ཁག་ཅིག་ཁ་བྲལ་རིང་ལུགས་པའི་གཟུགས་སུ་གྲུབ་སྟེ་རྒྱ་ནག་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་དང༌། བརྟན་ལྷིང་ལ་འཇིག་ཉེན་བཟོ་གི་ཡོད་པའི་ཁག་དཀྲི་བྱེད་ས་ཞིག་འཚོལ་གྱི་མེད་དམ་སྙམ་གྱི་འདུག གོང་དུ་བརྗོད་ཟིན་པ་ལྟར་འདས་པའི་འབྲེལ་མོལ་གྱི་ལས་རིམ་ཐེངས་ ༥ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམས་ཀྱིས་ང་ཚོའི་མངོན་འདོད་རྣམས་གསལ་པོ་བཟོས་ཟིན་ཞིང༌། ང་ཚོའི་འདོད་བབས་ལ་དྭོགས་གནས་ཡོང་གཞིའམ། ཡང་ན་དེའི་རྒྱབ་ཏུ་སྦས་པའི་ཕུགས་དམིགས་ཤིག་འདུག་སྙམ་པ་ཡོང་རྒྱུའི་ས་བཅད་སྟོང་པ་ཅི་ཡང་བཞག་མེད། ད་དུང་ཡང་རྒྱ་ནག་གི་དབུ་ཁྲིད་ཚོས་དྭོགས་པ་རྣམ་རྟོག་བློས་མ་ཐོངས་པ་ལྟ་བུས་རྒྱལ་སྤྱི་དང༌། རྒྱལ་ནང་བཅས་པའི་གླེང་སྟེགས་རིམ་པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ལྷག་བསམ་རྣམ་དག་གནང་གི་མེད་པའི་མཐོང་སྣང་སྐྲུན་ཐབས་དང༌། དེ་ལྟར་ཁྱབ་སྤེལ་དུའང་གཏོང་གི་ཡོད། དེར་བརྟེན་ཁོང་ཚོའི་དྭོགས་པ་རྣམ་རྟོག་རྣམས་དངོས་འབྲེལ་ལམ། བཅོས་བཅོ་ཡིན་ནམ། ཡང་ན་སྲིད་དོན་གྱི་ཐབས་བྱུས་ཤིག་ལ་བེད་སྤྱོད་བྱེད་ཀྱི་ཡོད་ང་ཚོས་རྟོགས་དཀའ་བའི་གནས་སུ་གྱུར་འདུག
བོད་ཀྱི་གནའ་བོའི་གཏམ་དཔེའི་ནང་རྒྱ་དྭོགས་པས་ཕུང༌། བོད་རེ་བས་ཕུང་ཞེས་བརྗོད་སྲོལ་ཡོད་པ་དེ་དག་ད་ཆ་བདེན་དཔང་དུ་གྲུབ་ཀྱི་ཡོད་ཤས་ཆེ། གནས་སྟངས་དེ་འདྲའི་འོག་བོད་མི་དང༌། བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ང་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋགོང་ས་མཆོག་ལ་ཡིད་ཆེས་ཞུ་གི་མེད་པས། ཁྱེད་ཚོས་ཁོང་ཚོ་ལ་ཅིའི་ཕྱིར་ཡིད་ཆེས་བྱེད་ཀྱི་ཡོད་དམ། ཁོང་ཚོ་དང་འབྲེལ་མོལ་གྱི་ལས་རིམ་ཅིའི་ཕྱིར་གཉེར་གྱི་ཡོད་དམ་ཞེས་མཛུབ་སྟོན་དང་སྦྲགས་དྲི་བ་གཏོང་གི་འདུག་པ་དེ་དག་ལ་ང་ཚོའི་ལན་འདེབས་ནི་འདི་ལྟར་ཏེ། བདག་ཉིད་ཆེན་པོ་གཱན་དྷིས་ང་ཚོ་བདེན་པའི་ཨུ་ཚུགས་རྒྱག་མཁན་ཞིག་ཡིན་པའི་ངོས་ནས་རང་གི་ཁ་གཏད་ལ་ཡིད་ཆེས་བྱེད་དགོས་པ་ཡིན། ཁོང་ཚོ་ཡང་འགྲོ་བ་མི་ཞིག་རེད་ཅེས་གསུངས་ཡོད་པ་ལྟར། འགྲོ་བ་མིའི་རིགས་སུ་གཏོགས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང༌། ཡིད་ཆེས་འཕེར་བ་ཞིག་བྱེད་ཐུབ་པའི་ས་བོན་ནམ་ནུས་མཐུ་ལྡན་ཡོད་ཅིང༌། གནད་དོན་འདི་གཞི་ལ་བཞག་པའི་ཐོག་ནས་ང་ཚོས་རྒྱ་ནག་གི་དབུ་ཁྲིད་ཚོར་ཡིད་ཆེས་བློས་འགེལ་བྱས་ཏེ་ད་ཡོད་འབྲེལ་མོལ་གྱི་ལས་རིམ་མུ་མཐུད་རྒྱུན་སྐྱོང་བྱེད་ཀྱི་ཡོད་ལ། ནམ་ཕུགས་ཁོང་ཚོའི་རྣམ་འབྱེད་ཀྱི་བློ་གྲོས་གྱི་རྨོངས་གཉིད་སད་དེ་བདེན་པའི་འབོད་སྒྲར་བརྡ་ལན་བྱེད་ངེས་ཡིན་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། ཁྱེད་ཚོས་ང་ཚོའི་བྱེད་བབས་འདི་གོང་དུ་བཤད་པའི་བོད་གཏམ་བཞིན་བོད་མི་རྣམས་རེ་བས་ཕུང་ཞེས་འགྲེལ་བརྗོད་བྱས་ཆོག་ནའང༌། དུས་ཚོད་ཀྱིས་དེ་ལ་ལྕི་ཡང་འདེགས་པའི་ཐག་གཅོད་བྱ་རྒྱུ་རེད།
ངའི་འཛིན་སྐྱོང་དང༌། རྒྱ་ཆེའི་བོད་མི་མང་བཅས་ཕལ་མོ་ཆེའི་ངོས་ནས་འདས་པའི་ཟླ་ངོ་ ༡༢ རིང་བོད་རང་སྐྱོང་ལྗོངས་ཟེར་བའི་དབང་འཛིན་པ་རྣམས་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག་ཅིག་གིས་ཁོང་ཁྲོ་གཏིང་ནས་སློང་གཞིའི་དྲིལ་བསྒྲགས་དང༌། བྱེད་སྤྱོད་སྣ་ཚོགས་ཤིག་སྤེལ་བའི་རྗེས་སུ་མ་བསྙེགས་པར་རང་ཚུགས་ཟིན་ཏེ་གནས་པ་འདི་ལ་ང་རང་དགའ་སྤོབས་ཆེན་པོ་སྐྱེ་གི་འདུག བྱ་སྤྱོད་དེ་དག་གིས་ཁོང་ཚོའི་དམིགས་ཡུལ་ཇི་བཞིན་འགྲུབ་རྒྱུ་ལས་ལྡོག་སྟེ་ང་ཚོས་རང་གི་དམིགས་ཡུལ་བསྒྲུབ་རྒྱུའི་ལམ་ཕྱོགས་དམ་འཛིན་བྱེད་པ་འདི་ལ་སླར་ཡང་གདེང་ཚོད་དང༌། ཡིད་ཆེས་བཅས་བསྐྱེད་ཐུབ་པ་བྱུང་ཞིང༌། རྒྱ་ནག་གི་དབུ་ཁྲིད་ཚོའི་ཀུན་སྤྱོད་དང་མི་འདྲ་བ་ང་ཚོའི་བཟང་སྤྱོད་དམ་འཛིན་གྱི་ཀུན་སློང་འདི་དུས་ནམ་ཡང་ཉམས་དམས་སུ་འགྲོ་རུ་མི་འཇུག་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ད་ཆ་ང་ཚོས་བཟང་སྤྱོད་དང་མི་ཆོས་རིང་ལུགས་ཀྱི་སྐས་རིམ་མི་འདྲ་བ་ཞིག་གི་ཐོག་ནས་ལས་དོན་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གི་དབུ་ཁྲིད་ཚོའི་ནང་གི་ཤེས་པ་སྟེ། རྣམ་འབྱེད་བློ་གྲོས་ཀྱི་ཀུན་སློང་བྱས་ཏེ་ཁོང་ཚོ་ང་ཚོ་དང་མཉམ་པའི་སྐས་རིམ་ཞིག་གི་ཐོག་ཁྲིད་སྟོན་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་འཕྲལ་སེལ་ལམ། གཞི་རིམ་གྱི་སེམས་འཚབ་དོན་གནད་ཁག་གསུམ་ཡོད་པ་ནི། བོད་མི་རིགས་ཀྱི་ལེགས་བྱང་སྲུང་སྐྱོབ་བྱ་རྒྱུ་དང༌། མི་རིགས་ཀྱི་ངོས་འཛིན་སྲུང་སྐྱོབ་བྱ་རྒྱུ། ས་མཐོའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་པ་དེ་གསུམ་ག་ད་ལྟའི་ཆར་ཉེན་ཁ་ཆེན་པོའི་ནང་ལྷུང་ཡོད། བོད་ནང་མི་འབོར་གྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་དེས་སྐད་ཡིག་གཙོ་གྱུར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང༌། སྤྱི་ཚོགས་དཔལ་ཡོན་ཐོག་ཚབས་ཆེའི་ངན་འབྲས་བྱུང་ཡོད་པར་མ་ཟད། མི་རིགས་དབྱེ་འབྱེད་ཀྱི་རྐྱེན་རྩ་བསྐྲུན་ཏེ་བོད་མི་རྣམས་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོག་ནས་ཟུར་ཕུད་ཀྱི་གནས་སུ་གྱུར་བཞིན་ཡོད། ཚོད་འཛིན་མེད་པའམ། རང་བཞིན་མ་ཡིན་པའི་མི་འབོར་འཕེལ་རྒྱས་དང༌། འཆར་གཞིའི་གོ་རིམ་དང་མི་ལྡན་པའི་སྒྲོམ་གཞིའི་འཛུགས་སྐྲུན་རྒྱ་བསྐྱེད། དེ་བཞིན་བོད་ཀྱི་རང་བྱུང་འཐོན་ཁུངས་ཁག་བཤུ་གཞོག་བྱས་པ་བཅས་ལ་བརྟེན་ནས་བོད་མཐོ་སྒང་གི་སྐྱེ་དངོས་ཁམས་ཀྱི་གནས་སྟངས་ལ་ཚབས་ཆེའི་གཏོར་སྐྱོན་བཏང་བས་མ་ཚད། བོད་མི་རིགས་ཀྱི་ངོས་འཛིན་ཡང་རྩ་བརླག་ཏུ་འགྲོ་ཉེའི་དུས་མཚམས་སུ་སླེབས་ཡོད། བོད་མི་རིགས་ཀྱི་ལེགས་བྱང་གི་ཤུལ་གཞག་དང༌། དེའི་ངོས་འཛིན། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་ལམ་སྲོལ་བཅས་ནི་བོད་མི་ཙམ་མ་ཡིན་པར། འགྲོ་བ་མིའི་རིགས་ཐམས་ཅད་དང༌། འཛམ་གླིང་སའི་གོ་ལ་སྤྱི་ཡོངས་ལ་འབྲེལ་ལྟོས་ཤིན་ཏུ་ཆེ་བ་ཡོད། བོད་ཀྱི་ཁོར་ཡུག་ཉམས་ཉེས་སུ་གཏོང་བ་དང༌། ཆུ་བོ་ཁག་འབག་བཙོག་བཟོ་བ། ཆུ་རྒྱུན་དཀྲུགས་པ་བཅས་ཀྱིས་རྒྱ་ནག་སྐམ་ས་ཆེན་པོ་ཚུད་པའི་ཤར་གླིང་ཨེ་ཤི་ཡ་ཐུན་མོང་ལ་དེའི་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན། དེར་བརྟེན་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འཐབ་རྩོད་བྱེད་པའི་གཞི་རྩ་ནི་ཆབ་སྲིད་ཀྱི་ལྟ་བའམ། ཆབ་སྲིད་ཀྱི་དབང་ཆ། ཡང་ན་མི་རིགས་ཀྱི་རྩོད་རྙོག་ཅིག་མ་ཡིན་པར། རྒྱ་ནག་རང་ཉིད་ཀྱི་མི་མང་རྣམས་ལའང་རིན་ཐང་ཆེན་པོ་ལྡན་པའི་གནའ་བོའི་སྤྱི་ཚོགས་དཔལ་ཡོན་ཞིག་འཚོ་གནས་ཐུབ་མིན་གྱི་འཐབ་རྩོད་ཡིན།
ཕྱི་ལོ་ ༢༠༠༦ ཟླ་ ༧ པ་ནས་བཟུང་མདོ་སྨད་གོར་མོ་ནས་ལྷ་ས་བར་རི་ལིའི་འཁོར་ལམ་གསར་དུ་སྒོ་དབྱེ་བྱས་པ་དེས་མཐོ་སྒང་དུ་མི་འབོར་སྤོ་ཤུགས་བྱ་རྒྱུ་དང༌། བོད་ཀྱི་ཁོར་ཡུག་ཉམས་དམས་སུ་གཏོང་རྒྱུ། ཆུ་བོ་ཁག་འབག་བཙོག་བཟོ་རྒྱུ། དེ་བཞིན་བོད་ཀྱི་རྒྱ་ཆེའི་རང་བྱུང་འཐོན་ཁུངས་ཁག་བཤུ་གཞོག་བྱ་བདེའི་མཐུན་རྐྱེན་བསྐྲུན་ཏེ་ཕྱི་རང་བྱུང་གི་བཀོད་པ་དང༌། ནང་བཅུད་སེམས་ཅན་མཐའ་དག་ལ་ཚབས་ཆེའི་ཉམས་ཉེས་བཟོ་བཞིན་ཡོད།
ཕྱོགས་གཞན་ནས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༡ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་ལག་བསྟར་བྱ་རྒྱུའི་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་ཁག་ ༡༨༠ ཐོག་དེ་སྔ་བཏང་མྱོང་མེད་པའི་སྔོན་རྩིས་རྒྱ་སྒོར་ཐེར་འབུམ་ ༡༠༠ ཨ་སྒོར་ཐེར་འབུམ་ ༡༢ དང་གྲངས་ཆུང་ ༩༥ཟུར་བཅད་བྱས་འདུག གོང་གསལ་ལས་གཞིའི་རྣམ་གྲངས་ཁག་ནས་ངོས་འཛིན་ཐུབ་པའི་ལས་གཞི་ཁ་ཤས་ནི་གཞིས་རྩེ་བར་ལྕགས་ལམ་རྒྱ་བསྐྱེད་གཏོང་རྒྱུ་དང༌། མངའ་རིས་དང་གཞིས་རྩེ་གཉིས་སུ་གནམ་ཐང་རེ་གསར་རྒྱག་བྱ་རྒྱུ། ཆུ་གློག་ཁང་མང་པོ་འཛུགས་སྐྲུན་བྱ་རྒྱུ། གསེར་དང་ཟངས་ཀྱི་གཏེར་ཁ་སྔོག་འདོན་བྱ་བདེའི་མཐུན་རྐྱེན་བསྐྲུན་རྒྱུ། རྒྱ་ནག་ཏུ་བོད་ནས་ཡོང་བའི་སློབ་ཕྲུག་ཚོ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཡིན་པ་དེ་དག་གི་ཁྱོན་བསྡོམས་འགྲོ་གྲོན་གོང་གསལ་སྔོན་རྩིས་འབབ་ཀྱི་ཆ་ཤས་ཆུང་ངུ་ཙམ་ཡིན་པར་བརྟེན། དངུལ་འབོར་གཞན་དག་གང་དུ་གཏོང་གི་ཡོད་མེད་དང༌། ལྷག་པར་དུ་ལས་གཞིའི་རྣམ་གྲངས་མང་པོ་ཞིག་ད་དུང་ངོས་འཛིན་ཐུབ་ཀྱི་མེད་པ་བཅས་ནི་ང་ཚོར་སེམས་འཚབ་ཡོང་གཞིའི་གནད་དོན་ཡིན།
ངོས་འཛིན་ཐུབ་པའི་གོང་གསལ་ལས་གཞིའི་རྣམ་གྲངས་ཁག་དམིགས་ཡུལ་བཟང་པོ་ཞིག་འཁྱེར་ཏེ་ལག་བསྟར་བྱེད་ཀྱི་ཡོད་ཚོད་ཀྱང༌། དེ་དག་ཐུན་མོང་གི་མཇུག་འབྲས་ཇི་ཡོང་ལ་བསམ་གཞིགས་བྱས་ཚེ། འཛུགས་སྐྲུན་གྱི་ལས་གཞི་དེ་ཚོ་བོད་མི་མང་གི་དོན་དམ་གྱི་དགོས་མཁོ་དང་མི་འཚམས་པའི་ཁར། བོད་མིའི་ལེགས་བྱང་དང༌། འཚོ་བ་སྐྱེལ་སྟངས་བཅས་ལ་དེ་བས་ངན་འབྲས་ཚབས་ཆེ་ཡོང་ངེས་འདུག བོད་མི་མང་གི་དོན་དམ་གྱི་དགོས་མཁོ་རྣམས་ནི་འཚོ་ཐབས་དང་འཕྲོད་བསྟེན་ལྟ་སྐྱོང༌། ཤེས་ཡོན་སློབ་གསོ་བཅས་འདང་ངེས་དང༌། དེ་བཞིན་བོད་ཀྱི་ཆོས་ཉམས་ལེན་དང་སྐད་ཡིག་བེད་སྤྱོད་བྱེད་ཆོག་པ་བཅས་ཡིན། གལ་ཏེ་རྒྱ་ནག་གིས་བོད་ཀྱི་མི་མང་ལ་དངོས་འབྲེལ་ཐོག་ནས་ལྟ་སྐྱོང་བྱ་བློ་ཡོད་པ་དང༌། ཁོང་ཚོར་བོད་མིའི་དགའ་ཞེན་ཡོང་དགོས་ན། བོད་འཛུགས་སྐྲུན་བྱེད་པའི་ཁོང་ཚོའི་ལས་འཆར་ནང་བོད་མི་མང་གི་སེམས་འཚབ་དང༌། མངོན་འདོད་ཁག་ལ་ཚད་མཐོའི་སྣང་འཇོག་བྱེད་དགོས་པ་ཡིན། འདི་ཕྱོགས་བཙན་བྱོལ་དུ་ང་ཚོ་བོད་མི་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རེ་བ་བཟང་ས་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་དེའི་རྗེས་སུ་འགྲོ་གི་ཡོད། དེར་བརྟེན་ང་ཚོས་བོད་དོན་གྱི་བདེན་མཐའ་མྱུར་དུ་གསལ་བའི་རེ་བ་བྱེད་བཞིན་པ་དང་ཆབས་ཅིག ང་ཚོའི་འཐབ་རྩོད་འདི་ལོ་ངོ་སྟོང་ཕྲག་བར་རྒྱུན་མཐུད་ཐུབ་པའི་གྲ་སྒྲིག་ཀྱང་བྱེད་ཀྱི་ཡོད། ངས་སྤོབས་པ་ཆེན་པོའི་ངང་ནས་གསལ་བསྒྲགས་བྱ་རྒྱུ་ཞིག་ལ་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་སྔར་མེད་མཐུན་འབྲེལ་རྡོག་རྩ་གཅིག་བསྒྲིལ་གྱི་ངང་ནས་གནས་ཡོད། དེ་ནི་བཀའ་ཤག་གི་ཕྱི་ལོ་ ༢༠༠༧ ལོའི་གསུམ་དུས་གཏམ་བཤད་ནང་བརྗོད་ཡོད་པ་ལྟར། བཙན་བྱོལ་ནང་འཚོ་བཞུགས་ཆོས་ལུགས་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་ཞིང༌། ཁོང་རྣམས་ཀྱིས་ྋགོང་ས་མཆོག་ནས་དབུལ་ཕོངས་ཉམ་ཐག་དང༌། རྒན་རྒོན་རྣམས་ལ་ལྟ་སྐྱོང་དང༌། བྱིས་པ་ཚོར་འོས་འཚམས་ཀྱི་ཤེས་ཡོན་སློབ་གསོ་མཐུན་སྦྱོར། དེ་བཞིན་བོད་ཀྱི་ཆོས་དང༌། ལེགས་བྱང་གི་ཤུལ་གཞག་བཟང་པོའི་རིན་ཐང་ཁག་མི་ཉམས་རྒྱུན་འཛིན་བཅས་བྱེད་ཐུབ་པའི་གོང་བུ་གཅིག་གྱུར་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐུགས་བརྩོན་གནང་བཞིན་པ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད།
བཙན་བྱོལ་བོད་མི་རྣམས་ཀྱི་གོང་བུའི་ནུས་ཤུགས་འདི་ནི་ཆོས་ལུགས་ཁག་གི་དབུ་འདོམས་བླ་ཆེན་ཁག་གི་ཡང་དག་པའི་དབུ་ཁྲིད་དང༌། ཁོང་རྣམ་པས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཅངས་པའི་གཡོ་མེད་ཀྱི་ཡིད་ཆེས་དད་དམ། དེ་བཞིན་མགོན་པོ་གང་ཉིད་ནས་ལོ་མང་རིང་བཙན་བྱོལ་ཁྲོད་ཀྱི་འཛིན་སྐྱོང་དང༌། རྒྱ་ཆེའི་བོད་མིའི་སྤྱི་ཚོགས་ནང་ཨུ་ནན་ཆེན་པོས་ངོ་སྤྲོད་བསྐྱངས་པའི་མང་གཙོའི་སྒྲིག་འཛུགས་ཁག་སྲ་བརྟན་ཚུགས་ཡོད་པ་བཅས་ལ་བརྟེན་ཡོད། དེང་ཆར་བཙན་བྱོལ་བོད་གཞུང་འདི་ལ་རང་དབང་ཅན་གྱི་ཁྲིམས་ཞིབ་ཁང་དང༌། མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་བསྐོ་གཞག་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད། ནུས་ཤུགས་ལྡན་པའི་གྲོས་ཚོགས་བཅས་གསུམ་ག་ཡོད་པའི་ཐོག་ནས་ལས་དོན་བྱེད་ཀྱི་ཡོད་ལ། རང་རེའི་སྲིད་དོན་ཚོགས་པ་མེད་པའི་མང་གཙོའི་ལམ་སྲོལ་འདིའི་ནང་ཕན་ནུས་ལྡན་པའི་ཁ་གཏད་ཚོགས་པའི་ལས་འགན་ཡང་སྒྲུབ་དགོས་པའི་གྲོས་ཚོགས་དེར་ཆབ་སྲིད་ཀྱི་འགོ་ཁྲིད་ནང་འགན་འཁུར་བའི་ཐོག་ནས་ལན་འདེབས་རྩིས་རྒྱག་བྱེད་དགོས་ཀྱི་ཡོད་པ་དེ་དག་ཐམས་ཅད་ཀྱང་རང་དབང་ལྡན་ལ་སྐད་ཤུགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་ལྟ་སྐུལ་འོག་རྒྱུན་དུ་གནས་མུས་ཡིན། ད་དུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དུ་མ་ཡོད་པ་དེ་དག་ཧུར་བརྩོན་ཆེ་ཞིང་རྒྱུན་གནས་ཐུབ་པའི་ཞི་བའི་སྤྱི་ཚོགས་ཤིག་གི་ངོ་བོར་འཚར་ལོངས་འབྱུང་བཞིན་པ་དེར་ཅི་སྟེ་གཞུང་འཛིན་སྡེ་ཚན་མེད་དབང་དུ་བཏང་ནའང་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་འཛིན་སྐྱོང་བྱེད་ཐུབ་པའི་ནུས་ཤུགས་ཀྱང་ལྡན་ཡོད།
ངས་གླེང་སྟེགས་གལ་ཆེ་འདི་ཐོག་ནས་ཁྱེད་ཚོར་བརྡ་ལན་གལ་སྤྲོད་བྱ་རྒྱུ་ཞིག་ལ། བོད་ཀྱི་གནད་དོན་ཐད་བོད་མི་མང་གི་མང་མོས་འདོད་བབས་དང་བསྟུན་ཏེ་བློ་ཡིད་ཡོངས་སུ་ཚིམས་པའི་ཐག་གཅོད་ཅིག་བྱུང་བའི་ཉིན་མོ་དེའི་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་ང་ཚོའི་འཐབ་རྩོད་འདི་རྒྱུན་འཁྱོངས་བྱེད་ཐུབ་པའི་འགན་ལེན་ཡོང་ཆེད་ང་ཚོས་གྲ་སྒྲིག་བྱ་སྒོ་ཁག་ཆ་ཚང་བྱས་ཡོད། ཉིན་མོ་དེ་མགྱོགས་སུ་མྱུར་དུ་ཤར་ན་ཅི་མ་རུང་སྙམ་པ་དེ་ནི་བོད་མི་ཡིན་ནོ་ཅོག་གི་སྙིང་ལ་བརྣག་པའི་འདོད་དོན་ཡིན། ངས་བསྐྱར་ནན་ཆེན་པོས་བརྗོད་རྒྱུར། དབུ་མའིལམ་གྱི་སྲིད་བྱུས་དང༌། འཚེ་བ་སྤངས་པའི་ཐབས་ལམ་རྒྱུན་སྐྱོང་བྱ་རྒྱུའི་ཐད་ང་ཚོའི་ཆོད་སེམས་ལ་འགྱུར་བ་སྤུ་ཙམ་མེད། རྒྱ་ནག་གི་དབུ་ཁྲིད་དང༌། ཁྱབ་ཁོངས་ལས་ཁུངས་བཅས་ཀྱི་ཚོར་ཤེས་མེད་པའི་རྣམ་འགྱུར་དང༌། ཁོང་ཁྲོ་སློང་གཞིའི་བྱེད་བབས་ལ་མ་ལྟོས་པར་ང་ཚོས་ལྟ་གྲུབ་ཀྱི་རིན་ཐང་འདི་དག་བློ་བརྟན་འགྱུར་མེད་ཀྱི་ངང་ནས་དམ་འཛིན་དང་འབྲེལ་ཇི་སྲིད་བར་བོད་དོན་ཐག་གཅོད་མ་བྱུང་བ་དེ་སྲིད་དུ་མི་རབས་ནས་མི་རབས་བརྒྱུད་དེ་འབད་རྩོལ་རྒྱུན་མཐུད་བྱ་རྒྱུ་ཡིན། མཐའ་དོན་ད་རེས་འདིར་ངོ་འཛོམས་བྱུང་བ་ཁྱེད་རྣམ་པ་ཚང་མར་བོད་མི་མང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་རྩེ་གཅིག་གནང་བར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚོས་ཁྱེད་ཅག་ལ་བཀའ་དྲིན་གྱི་བུ་ལོན་ཆེན་པོ་ཞིག་གསབ་རྒྱུ་བསྡད་ཡོད། ང་ཚོ་ཐུན་མོང་གིས་འབད་བརྩོན་བྱེད་གཞི་འདི་ལ་གྲུབ་འབྲས་འཕྲལ་སྨིན་ཡོང་རེ་བྱེད་པ་དེ་ནི་བོད་མི་ཡོངས་ཀྱི་སྨོན་འདུན་ཡིན། ངས་བྷེལ་ཇི་ཡམ་གྲོས་ཚོགས་གོང་མའི་ཚོགས་གཙོ་དང༌། ཧེའ་གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་ཨཱ་ནི་མཱེ་རི་ལཱི་ཛིན་མཆོག་ལ་ཚོགས་ཆེན་འདི་དབུ་འབྱེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བྷེལ་ཇི་ཡམ་གཞུང་མང་གཉིས་ནས་ཚོགས་ཆེན་འདི་བྷ་ར་སེལ་དུ་སྐོང་ཚོགས་བྱས་ཆོག་པའི་ཆོག་མཆན་གནང་བར་ང་ཚོས་བཀྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ངས་བོད་མི་རྣམས་དང༌། ངའི་འཛིན་སྐྱོང་གི་ཚབ་བྱས་ཏེ་ཕེ་ཌི་རིཀ་ནཱོ་མཱན་ཐེབས་རྩ་ནས་འདས་པའི་ལོ་མང་རིང་གླེང་སྟེགས་འདི་ལྟ་བུ་གོ་སྒྲིག་བྱ་རྒྱུའི་དངུལ་གྲོན་ནར་གཏོང་དང་འབྲེལ་བོད་མིའི་སེམས་འཚབ་ཁག་ངོ་སྤྲོད་བྱ་རྒྱུ་དང༌། དེ་དག་སེལ་ཐབས་ཇི་དགེའི་སྐོར་གྲོས་བསྡུར་བྱ་རྒྱུའི་གོ་སྐབས་བསྐྲུན་ཏེ་ང་ཚོར་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང༌། ཐེབས་རྩའི་དབུ་འཛིན་གསར་ཕེབས་ཌོག་ཌར་ཝུ་ལུཕ་གྷང་གྷེར་ཧར་ཌ་ནས་དབུ་འཛིན་ཟུར་པ་ཀཱཝུན་ཌ་ལེམས་ཌོར་ཕ་པས་ཕྱག་ལས་གནང་ཁག་མུ་མཐུད་མཇུག་སྐྱོང་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། བྷེལ་ཇི་ཡམ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝལ་ཊར་མཱལས་ནས་ཚོགས་ཆེན་འདི་གོ་སྒྲིག་ཞུ་རྒྱུའི་མཉམ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱི་དང༌། ཁྱད་པར་བོད་འབངས་རྣམས་ཀྱི་སེམས་ཤུགས་དང༌། སྙིང་སྟོབས། རེ་བ་བཅས་བསྐྱེད་པའི་གསོས་སུ་སྐུ་དཀྱིལ་གསལ་ཞིང་ྋཞབས་པད་ཡུན་དུ་བརྟན་པའི་སྨོན་ལམ་བཅས། ཐུགས་རྗེ་ཆེ།།

༢༠༠༧ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གནང་བའི་
བཀའ་ཤག་གི་གསུང་བཤད།