རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད།

༄༅། ། ཐོག་མར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་འདིའི་ནང་ཁྱེད་རྣམས་ཀྱིས་ཆ་ཤས་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ང་ཚོའི་ཁྲོད་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝེཀ་ལ་ཧཱ་ཝལ་རྣམ་གཉིས་ཆིབས་བསྒྱུར་བཀྲིན་ཆེ་བར་བརྟེན་ང་ཚོ་སྐལ་བ་བཟང་པོ་ཡིན། ཁོང་རྣམ་གཉིས་ནི་འཛམ་གླིང་ནང་མི་མང་ས་ཡ་མང་པོའི་སེམས་ཤུགས་དང༌། སྙིང་སྟོབས་བསྐྱེད་པར་བྱེད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། ངས་གོ་སྐབས་འདི་བླངས་ཏེ་དེ་རིང་འདིར་ཚོགས་འཛོམས་གནང་བ་ཚང་མར་བོད་མི་མང་གི་སྙིང་ནས་ཐོན་པའི་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག ཁྱེད་རྣམས་ཀྱིས་བོད་མི་ས་ཡ་དྲུག་གི་དྲང་བདེན་འཐབ་རྩོད་ཐོག་ཐུགས་ཁུར་ཆེ་བཞེས་དང༌། རྒྱབ་སྐྱོར་རྩེ་གཅིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནི་བོད་མི་མང་གི་ཆབ་སྲིད་ཀྱི་འཚོ་བའི་ནང་སྐྱབས་ཡུལ་བཞི་པ་ལྟ་བུར་གྱུར་ཡོད་ཅེས་རྒྱུན་དུ་དྲན་གསོ་གནང་གི་ཡོད། སྤྱིར་བཏང་ནང་པ་ཚོས་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་སྐྱབས་གནས་གསུམ་ལ་སྐྱབས་སུ་འགྲོ་བ་བཞིན། ཁྱེད་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་བརྟེན་ནས་ང་ཚོས་བོད་འདི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། མི་རིགས་ཀྱི་ངོ་བོ་ལྡན་པའི་མི་སྡེའི་སྤྱི་ཚོགས་ཤིག་ཏུ་འཚོ་གནས་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་པའི་འཐབ་རྩོད་ནང་ཆབ་སྲིད་ཀྱི་ཐད་ནས་ཁྱེད་རྣམས་སྐྱབས་གནས་བཅོལ་ཡུལ་ཞིག་ཏུ་གྱུར་ཡོད།

རྒྱ་ཆེའི་བོད་ཀྱི་ལས་འགུལ་འདི་ནི་འཛམ་གླིང་ནང་རྒྱལ་སྤྱིའི་མཉམ་འདུས་ཀྱི་ལས་འགུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། ལས་འགུལ་འདིས་བདེན་པ་དང༌། དྲང་པོ། རང་དབང་བཅས་དང༌། དེ་བཞིན་འཚེ་བ་སྤངས་པ་དང༌། འགྲིགས་འཇགས་ཀྱི་བསམ་བློ་བཅས་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་པོའི་རིན་ཐང་ཁག་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུས་པར་བརྟེན། འཛམ་གླིང་ནང་བསམ་ཡོད་མི་སྣ་སྟོང་ཕྲག་མང་པོའི་བློ་སེམས་དེའི་ཕྱོགས་སུ་འགུགས་པ་དང༌། སེམས་ཤུགས་བསྐྱེད་པར་བྱེད་ཀྱི་ཡོད། ཁྱེད་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་བོད་མིའི་རྩ་དོན་ཐོག་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་རྒྱབ་སྐྱོར་གནང་བར་བརྟེན་ནས་དེང་དུས་འཛམ་གླིང་ནང་རྒྱ་ཆེའི་བོད་ཀྱི་ལས་འགུལ་འདི་འཚེ་བ་སྤངས་པའི་ལས་འགུལ་འགངས་ཆེ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་ ༢༠༠༠ ཟླ་ ༥ པར་བྷར་ལིན་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་གྲོལ་མ་ཐག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁང་གི་བློན་ཆེན་ནས་ཕྱི་ལོ་ ༢༠༠༠ ཟླ་ ༦ ཚེས་ ༡༢ ཉིན་པེ་ཅིང་དུ་བོད་རིག་པའི་མཁས་པ་རྣམས་དང༌། ཏང་གི་ལས་བྱེད་པའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད། ཁོང་ནས་ཚོགས་བཅར་བ་རྣམས་ལ་བརྗོད་གསལ་དུ། “ཉེ་སྔོན་ཚོགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ནས་ལྷོ་ཨ་མི་རི་ཀ་དང༌། ཨཕ་རི་ཀའི་ནང་ཚོགས་པའི་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་ཆོད་མངོན་གསལ་དོད་པོར་བཏོན་ཡོད་པ་དང༌། ཁོང་ཚོས་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་འབད་བརྩོན་ཡོད་རྒུ་བྱེད་སྲིད་པ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པའི་ལས་དོན་འཆར་གཞིའི་ནང་ཐབས་བྱུས་སྐོར་དམིགས་འབེན་དུ་བཟུང་ཡོད་ཅིང༌། དེས་བོད་རང་སྐྱོང་ལྗོངས་ཀྱི་མི་མང་ལ་ཁེ་ཕན་མེད་པའི་རྒྱ་གཞུང་གི་འཛུགས་སྐྲུན་ལས་འཆར་ཁག་དང༌། ཕྱི་རྒྱལ་དང་ཟུང་འབྲེལ་གྱི་མ་འཛུགས་རྣམ་གྲངས་ལ་འགོག་རྐྱེན་བཟོ་རྒྱུའམ། ལས་དོན་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ལས་འགུལ་སྤེལ་རྒྱུའི་གྲོས་འཆར་གསལ་པོར་བཏོན་ཡོད་པ་རེད་”ཅེས་བརྗོད་ཡོད།

རྒྱའི་དབང་འཛིན་པ་ཚོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ཁག་ལ་དོ་སྣང་ཆེན་པོ་བྱེད་པ་འདི་ནི་འཛམ་གླིང་ཡུལ་གྲུ་གང་སར་འཇིགས་ཞུམ་མེད་པའི་ཐོག་ནས་སྐུ་ལས་བསྐྱོན་མཁན་གྱི་མི་སྒེར་མང་པོ་ཡོད་པ་དེ་ཚོའི་བློ་སྟོབས་འཕེལ་བའི་བསྟོད་དབྱངས་ཤིག་ཡིན་པར་མ་ཟད། དེ་བས་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་གྱི་འབད་བརྩོན་ཁག་གིས་རྒྱ་གཞུང་གི་སྲིད་བྱུས་ཐོག་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསལ་པོ་ཡིན། རྒྱ་གཞུང་གི་སྲིད་བྱུས་དེ་དག་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་ཞིང་གུ་བཤང་ལྡན་པ་དང༌། ཕན་ནུས་ཡོད་པ་བཅས་ཀྱི་ཕྱོགས་སུ་འགྱུར་བ་ཤུགས་ཆེར་འགྲོ་རྒྱུའི་ང་ཚོས་རེ་བ་བྱེད་ཀྱི་ཡོད།

བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ལེགས་སྐྱེས་ཆེན་པོ་ཕུལ་བའི་གྲུབ་འབྲས་བཟང་པོ་གཅིག་ནི། འདས་པའི་ལོའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་གཉིས་རྒྱ་ནག་པེ་ཅིང་དང༌། རང་ཡུལ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སྔ་རྗེས་ཐེངས་གཉིས་ཕེབས་ཐུབ་པ་བྱུང་བ་དེ་ཡིན། ང་ཚོས་གཟིགས་སྐོར་དེ་དག་བཟང་པོའི་འགྱུར་འགྲོས་ཤིག་ལ་ངོས་འཛིན་ཞུ་བ་དང་ཆབས་ཅིག བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་འདུན་ལམ་དང་འབྲེལ་བའི་གནད་དོན་ཐོག་དོན་ཕན་ལྡན་པའི་གྲོས་མོལ་འགོ་འཛུགས་ཡོང་བའི་གཞི་རྩ་རྒྱ་བོད་ཕྱོགས་ཕན་ཚུན་དབར་ཡིད་ཆེས་དང༌། མཛའ་སེམས་འཕེལ་བའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་ཐོག་མའི་གོམ་སྟབས་ཤིག་ཏུ་གྱུར་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་འགྱུར་བའི་འཕེལ་ཕྱོགས་གསར་པ་འདིར་དགའ་བསུ་ཞུས་ཡོད། རྒྱ་གཞུང་ནས་བཟང་པོའི་རྣམ་འགྱུར་བསྟན་པར་སྐུ་ཚབ་རྣམ་གཉིས་དགའ་སྒོམ་ཆེན་པོ་གནང་གི་འདུག་པ་མ་ཟད། བོད་ཀྱི་གནད་དོན་ཐོག་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་ཡོང་བའི་དམིགས་ཡུལ་དང་བཅས་ད་ལྟའི་བརྒྱུད་རིམ་འདི་མུ་མཐུད་གོང་འཕེལ་གཏོང་རྒྱུའི་དམ་བཅའ་བརྟན་པོ་ཡོད་གསུངས་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཁོང་གཉིས་ལ་དམིགས་ཡུལ་འདི་བསྒྲུབ་རྒྱུར་ཐབས་ཤེས་ཡོད་རྒུ་སྤྱོད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་ངོས་ནས་ད་ལྟའི་འགྲིགས་འཇགས་ཀྱི་བརྒྱུད་རིམ་འདི་མུ་མཐུད་རྒྱུའི་ཆེད་དུ་ཕན་ནུས་འབྲེལ་བའི་ཆབ་སྲིད་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་ལྷག་བསམ་མཚོན་བྱེད་ཐག་གཅོད་རང་བཞིན་གྱི་གོམ་སྟབས་རིམ་པ་སྤོས་ཡོད། བཙན་བྱོལ་གཞུང་ནས་བཙན་བྱོལ་བོད་མི་རྣམས་དང༌། དེ་བཞིན་འཛམ་གླིང་ཁྱོན་གྱི་རང་རེའི་རྒྱབ་སྐྱོར་བ་བཅས་ལ་རྒྱ་ནག་གི་དབུ་ཁྲིད་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་དོན་འཚམས་འདྲི་གནང་སྐབས་རྔམ་སྟོན་ཁྲོམ་བསྐོར་རིགས་གནང་རྒྱུ་མེད་པ་དང༌། གདོང་ཐུག་གི་བྱ་ཐབས་འཛིན་རྒྱུ་མེད་པའི་གཞེན་སྐུལ་ཞུས་པ་དེས་རྙོག་གླེང་ཕྲན་བུ་བཟོ་རྒྱུ་ཡིན་པ་ང་ཚོས་ཤེས་རྟོགས་ཡོད། ད་ལྟའི་བརྒྱུད་རིམ་འདིར་མངོན་གསལ་དོད་པོའི་ཉེན་ཁ་དང༌། ངེས་གཏན་མེད་པའི་གནས་ཚུལ་ཡོད་མེད་ལ་མ་ལྟོས་པར། ང་ཚོས་ཡིད་ཆེས་འཕེལ་བའི་བྱེད་ཐབས་འདི་དག་ལག་ལེན་བསྟར་རྒྱུ་འོས་བབ་ལྡན་ཞིང༌། དུས་ལ་བབས་པ་ཞིག་ཡིན་པ་ནི་བཙན་བྱོལ་གཞུང་གི་གདེང་འཇོག་དང༌། མཐའ་མའི་ཐག་གཅོད་དེ་ཡིན་པར་བརྟེན། ང་ཚོས་ཇི་ཙམ་གྱི་ལྷག་བསམ་རྣམ་དག་དང༌། དྲང་པོ་དྲང་གཞག་གི་ཐོག་ནས་ད་ལྟའི་བརྒྱུད་རིམ་འདིའི་ཐོག་ཤར་བསྐྱོད་བྱེད་ཀྱི་ཡོད་པ་གསལ་པོར་སྟོན་གྱི་ཡོད། ང་ཚོའི་གཞེན་སྐུལ་དེར་བོད་རིགས་སྤུན་ཟླ་རྣམས་དང༌། དེ་བཞིན་རང་རེའི་གྲོགས་པོ་ཚོའི་ཁྲོད་དུ་ཤུགས་ཆེའི་སྐྱོན་བརྗོད་བྱེད་མཁན་ཁ་ཤས་བྱུང་ཡོད། བོད་མིའི་རྩ་དོན་ལ་དོན་དམ་གྱི་སེམས་འཚབ་གནང་སྟེ་སྐྱོན་བརྗོད་ཀྱི་བསམ་ཚུལ་འདོན་མཁན་ཚོར་ང་ཚོས་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་བ་དང་ཆབས་ཅིག བསམ་ཚུལ་དེ་དག་ལ་དོ་སྣང་དང༌། ངོས་འཛིན་གསལ་པོ་ཞུས་ཡོད་ཅེས་དེ་རིང་ངས་འགན་ལེན་ཞུ་རྒྱུ་ཡིན། འོན་ཀྱང་ཕྱོགས་གཞན་ནས་བརྗོད་ན། ང་རང་ཚོའི་ངོས་ནས་དབུ་མའི་ལམ་གྱི་ཐབས་ཚུལ་འདི་ལམ་ལྷོང་ཡོང་བར་འབད་བརྩོན་གང་ཐུབ་བྱ་རྒྱུའི་འོས་འགན་ནས་གཡོལ་ཐབས་མེད་པ་ཞིག་ཡིན་སྟབས། ང་ཚོས་ཞི་མོལ་གྱི་བརྒྱུད་རིམ་འདི་གོང་འཕེལ་གཏོང་རྒྱུར་དམིགས་པའི་ད་ལྟའི་བརྒྱུད་ལམ་ཁག་རྒྱུན་མཐུད་རྒྱུའི་ཐབས་ཤེས་ཡོད་རྒུ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

ངས་འདིར་ཡིད་གཉིས་ཐེ་ཚོམ་མེད་པའི་ཐོག་ནས་ཞུ་རྒྱུ་ཞིག་ལ། བོད་མི་ས་ཡ་དྲུག་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་རྒྱུར་དམིགས་པའི་རྒྱལ་སྤྱིའི་ལས་འགུལ་ཁག་མུ་མཐུད་རྒྱུ་གལ་ཆེན་པོ་ཡིན། ཇི་སྲིད་བར་བོད་འདི་དྲག་གནོན་དང༌། ཆབ་སྲིད་ཀྱི་བཙན་ཤེད་འཇིགས་སྐྲག་འོག་གནས་པ་དང༌། དེ་བཞིན་བོད་མི་རྣམས་ཐུན་མོང་མ་ཡིན་པའི་མི་སྡེའི་སྤྱི་ཚོགས་དང༌། རིག་གཞུང་ཞིག་གི་ངོ་བོར་གནས་མ་ཐུབ་པར་རྩ་བརླག་འགྲོ་གཞིའི་ཛ་དྲག་ཉེན་ཆེའི་གནས་སྟངས་སུ་གྱར་བ་དེ་སྲིད་དུ་བོད་མི་མང་ནས་རང་གི་གཞི་རྩའི་ཐོབ་ཐང་དང༌། རང་དབང་ཁག་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་དེ་མུ་མཐུད་གནས་རྒྱུ་ཡིན། ངས་འཛམ་གླིང་ཁྱོན་གྱི་རང་རེའི་གྲོགས་པོ་རྣམས་ལ་ང་ཚོའི་འཚེ་མེད་ཞི་བའི་རང་དབང་ལས་འགུལ་ཐོག་དེ་བས་ཆོད་སེམས་དང༌། བློ་སྤོབས་གསར་པ་ཞིག་བསྐྱེད་པའི་ཐོག་ནས་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཚང་མས་གསལ་པོར་མཁྱེན་དགོས་པ་ཞིག་ལ་དབུ་མའི་ལམ་གྱི་བྱ་ཐབས་ཀྱི་དགོས་པ་དང༌། དམིགས་ཡུལ་མཐར་ཐུག་ནི་རྒྱ་ནག་ལ་ངོ་སྲུང་སྤྲེལ་ལད་འཁྲབ་རྒྱུ་ཞིག་མ་ཡིན་པར། བོད་ཀྱི་གནད་དོན་ཐོག་གཉིས་མོས་ཀྱི་ཐག་གཅོད་ཅིག་ཡོང་བ་བྱས་ཏེ་བོད་རྒྱ་ཆེའི་མི་མང་གི་གཞི་རྩའི་ཐོབ་ཐང་དང༌། རང་དབང་ཁག་སོན་ཐབས་བྱ་རྒྱུ་དང་ལྷན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ལ་དོ་ཕོག་མི་འགྲོ་བ་བྱ་རྒྱུ་དེ་ཡིན།

ང་ཚོས་ལྷག་བསམ་རྣམ་དག་གིས་སྲིད་འཛིན་ཧུའུ་ཅིང་ཐའོ་དང༌། ཁོང་གི་ཕྱག་སྦྲེལ་རྣམས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་འགྲིགས་འཇགས་དང༌། ཞི་མོལ་གྱི་སྲིད་བྱུས་ཤིག་འདོན་གནང་མཛད་པའི་གོ་སྐབས་རྣམས་དགེ་བེད་སྤྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱའི་དབང་འཛིན་པ་ཚོར་འཛམ་གླིང་གི་དབུ་ཁྲིད་མང་པོས་ྋགོང་ས་མཆོག་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ཡིན་པའི་ཞུ་སྐུལ་གནང་ཡོད། དེར་བརྟེན་རྒྱ་ནག་གི་དབུ་ཁྲིད་གསར་པ་རྣམས་ནས་དོན་དམ་གྱི་གྲོས་མོལ་བསྐྱར་དུ་འགོ་འཛུགས་ཡོང་བའི་ང་ཚོས་སླར་ཡང་རེ་སྐུལ་ཞུ་རྒྱུ་ཡིན། སྲིད་འཛིན་ཧུའུ་ཅིང་ཐའོ་དང༌། ཁོང་གི་ཕྱག་སྦྲེལ་རྣམས་ལ་གདེང་སྤོབས་དང༌། བརྟན་ལྷིང༌། བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་ལྡན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་ཀྱི་ངོས་འཛིན་སྲུང་སྐྱོབ་བྱེད་ཐུབ་པའི་གོ་སྐབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་མ་ཟད། དེ་འདྲའི་ཐག་གཅོད་ཅིག་གིས་རྒྱ་ནག་རང་ཉིད་ལའང་རྒྱལ་སྤྱིའི་མཛའ་སེམས་དཔག་ཏུ་མེད་པ་སྐྲུན་ཐུབ་པ་ཡོང་རྒྱུ་ཡིན།

རྒྱའི་དབང་འཛིན་པ་ཚོས་སྟག་སྣ་འཇིགས་མེད་བཟང་པོ་དང༌། བཙུན་མ་ངག་དབང་གསང་སྒྲོལ་གཉིས་གློད་བཀྲོལ་བཏང་བ་དང༌། ནུབ་ཕྱོགས་རྒྱལ་ཁབ་ནང་སྨན་བཅོས་བྱ་རྒྱུའི་གོ་སྐབས་གནང་བར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཆབ་སྲིད་བཙོན་པ་གཞན་འགའ་ཤས་གློད་བཀྲོལ་བཏང་བར་ཡང་ང་ཚོས་དགའ་བསུ་ཞུས་ཡོད། ཁོང་ཚོར་གློད་བཀྲོལ་ཐོབ་པ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ལས་འགུལ་ཟམ་མ་ཆད་པར་རྒྱུན་མཐུད་སྤེལ་བ་ལ་བརྟེན་ནས་ཡིན་པ་ཙམ་དུ་མ་ཟད། དེས་རྒྱལ་སྤྱིའི་མང་ཚོགས་ཀྱི་བསམ་ཚུལ་ཁག་གིས་རྒྱ་གཞུང་ལ་ཚོར་སྣང་གསར་པ་ཞིག་ཡོང་གི་ཡོད་པ་གསལ་པོར་མཚོན་གྱི་ཡོད།

གོང་གསལ་བྱ་སྤྱོད་རྣམས་ལེགས་སོ་དང༌། བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་ནའང༌། རྒྱ་གཞུང་གིས་བོད་ནང་འཆར་འགོད་བྱས་པའི་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་ཐབས་བྱུས་སོགས་གནད་དོན་ཁ་ཤས་ཐོག་བོད་མི་རྣམས་ལ་སེམས་འཚབ་དྲག་པོ་ཡོང་གི་ཡོད། མངོན་གསལ་དོད་པོའི་དཔེ་མཚོན་གཅིག་ཞུས་ན། རྒྱ་ནག་གི་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ལས་འགུལ་ཟེར་བ་དེ་ཡིན། ལས་འགུལ་འདིའི་ཆ་ཤས་སུ་རྒྱ་གཞུང་ནས་བོད་ནང་འཛུགས་སྐྲུན་གྱི་རྣམ་གྲངས་ ༡༡༧ གཏན་འབེབས་བྱས་ཡོད་ཅིང༌། དེ་དག་མང་ཆེ་བ་རྨང་གཞིའི་འཛུགས་སྐྲུན་དང༌། འཁོར་ལམ་བཟོ་རྒྱུ། གློག་ཤུགས་བསྐྲུན་རྒྱུའི་ཆུ་རགས་རྒྱག་རྒྱུ། འཕྲུལ་རིག་ལ་བརྟེན་པའི་རྒྱ་ནག་གི་གནས་ཚུལ་ཁྱབ་སྤེལ་གྱི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ། དེ་བཞིན་གོར་མོ་དང༌། ལན་ཀྲུའུ། ཁྲིན་ཏུ། རྟ་ལི་བཅས་ས་ཁུལ་བཞི་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་རི་ལིའི་ལྕགས་ལམ་མཐུད་རྒྱུ་བཅས་ཚུད་ཡོད།

བཙན་བྱོལ་བོད་གཞུང་ལ་གནད་དོན་འདི་ཐོག་སེམས་འཚབ་ཡོད་པའི་སྐོར་དེ་སྔ་ལན་མང་བརྗོད་ཟིན་པ་ཡིན། རང་རེ་བོད་མི་ཚོས་བོད་མི་མང་གི་དོན་དམ་གྱི་དགོས་མཁོ་རྣམས་སྐྲུན་པར་བྱེད་པའི་འཛུགས་སྐྲུན་གྱི་ལས་འཆར་གང་འདྲ་ཞིག་ལའང་ངོ་རྒོལ་བྱེད་ཀྱི་མེད། འོན་ཀྱང་རྒྱ་གཞུང་ནས་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་འདི་དག་ནི་བོད་མི་མང་གི་དོན་དམ་དགོས་མཁོ་རྣམས་བསྐྲུན་རྒྱུ་ལས་ལྡོག་སྟེ། གཞི་རྩའི་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་དམིགས་ཡུལ་དང༌། དགོས་པ་བསྒྲུབ་རྒྱུ་ཁོ་ནར་འཆར་འགོད་བྱས་ཡོད་པ་རེད།

གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་འཆར་ཙམ་མ་ཡིན་པར། བོད་མི་མང་གི་གཞི་རྩའི་རང་དབང་དང༌། ཐོབ་ཐང་ཁག་མུ་མཐུད་འཆར་གཞི་ལྡན་པའི་སྒོ་ནས་རྡོག་རོལ་གཏོང་བཞིན་ཡོད་པ་འདི་ཐད་ང་ཚོ་སེམས་འཚབ་དྲག་པོ་ཡོང་གི་འདུག འཛམ་གླིང་རྒྱལ་ཁབ་གཞན་དག་གི་ནང་སྤྱི་ཚོགས་ཀྱི་ཁེ་དབང་རྣམས་འགྲོ་བ་མི་འཚོ་གནས་ཐུབ་རྒྱུའི་ཆ་ཤས་མེད་དུ་མི་རུང་དུ་ངོས་འཛིན་བྱེད་པ་འདི་དག་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ལས་གཞི་ལ་བརྟེན་ནས་ལོངས་སུ་སྤྱོད་དབང་ཡོང་རྒྱུའི་ཚབ་བམ་གུན་གསབ་བྱེད་མི་ཐུབ་ཅིང༌། མི་སྡེའི་སྤྱི་ཚོགས་ཤིག་ལ་གཉའ་གནོན་བྱེད་པ་དང༌། ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་རིགས་དེའི་རིག་གཞུང་གི་ངོ་བོ་རྣམ་འབྱེད་དང༌། འཚོ་གནས་ཐུབ་པའི་གཅེས་ནོར། ཆོས་ཕྱོགས་ཀྱི་སྲོལ་རྒྱུན་རབ་ཏུ་ཕྱུག་པའི་ཤུལ་བཞག་རྣམས་མིང་གི་ལྷག་མ་ཙམ་དུ་རྩ་བརླག་གཏོང་བ་དང་ཆབས་ཅིག གཉའ་གནོན་བྱེད་སའི་མི་རིགས་དེ་ནས་དགའ་ཞེན་ཡོང་རེ་བྱེད་པ་འདི་ནི་ནོར་འཁྲུལ་གྱི་སྲིད་བྱུས་ཤིག་ཡིན་པ་མ་ཟད། གནོན་ཚབས་ཆེ་བ་དང༌། ཕུགས་རྒྱང་ཐུང་བའི་བྱ་ཐབས་ཤིག་ཀྱང་ཡིན། གལ་སྲིད་རྒྱའི་དབང་འཛིན་པ་ཚོས་བོད་མི་མང་གི་དགའ་ཞེན་དང༌། གུས་བརྩི་ཐོབ་འདོད་ཡོད་ཚེ། བོད་མི་ཚོར་ལོ་མང་རིང་གདུག་རྩུབ་ཆེན་པོས་བཙན་འཕྲོག་བྱས་པའི་རང་དབང་རྣམས་ངེས་པར་དུ་སྤྲོད་དགོས་པ་ཡིན།

ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གི་བྱ་སྤྱོད་འགའ་ཞིག་སེམས་འཚབ་དྲག་པོ་བྱེད་ཡུལ་དུ་གྱུར་ཡོད། ཕྱི་ལོ་ ༢༠༠༡ ལོའི་དབྱར་སྟོན་གྱི་དུས་སུ་རྒྱའི་དབང་འཛིན་པ་ཚོས་ནང་ཆོས་ཀྱི་དོན་གཉེར་དང༌། ཉམས་ལེན་བྱེད་ཡུལ་ལྟེ་གནས་ཁང་གལ་ཆེའི་གྲས་གསེར་རྟ་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་ཡོད་ཅིང༌། སློབ་གླིང་དེ་ནི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་བཏབ་པ་དང༌། དེའི་འཛིན་སྐྱོང་ཡང་ཁོང་གིས་གནང་གི་ཡོད། བོད་ཀྱི་ཤར་ཕྱོགས་སུ་ཡོད་པའི་གསེར་རྟ་སློབ་གླིང་ནང་སྒྲིག་ཞུགས་བྱེད་མཁན་དགེ་འདུན་པ་དང༌། སྐྱ་བོ་བཅས་སློབ་གཉེར་བའི་གྲངས་འབོར་ཁྱོན་བསྡོམས་ ༩༠༠༠ ལ་ཉེ་བ་ཡོད་པ་དང༌། དེའི་ནང་རྒྱ་ནག་སྐམ་ས་ཆེན་པོ་དང༌། དེ་བཞིན་ཕྱི་ཕྱོགས་ནས་ཡོང་བའི་རྒྱ་རིགས་སློབ་མ་ ༡༠༠༠ ཙམ་ཡོད་པ་རེད། རྒྱའི་དབང་འཛིན་པ་ཚོས་སློབ་གླིང་དེའི་ནང་ཡོད་པའི་སློབ་གཉེར་བ་རྣམས་ཕྱིར་འབུད་བྱས་པ་མ་ཟད། སྡོད་གནས་གྲྭ་ཤག་ཁག་ཀྱང་རྩ་བཤིག་རྡུལ་དུ་རློག་ཡོད། དེ་དང་ཕྱོགས་མཚུངས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང༌། ཁོང་གི་ཞབས་འབྲིང་བཅས་འཛིན་བཟུང་བཀག་ཉར་བྱས་པ་དང༌། བློ་བཟང་དོན་གྲུབ་ལ་རང་དབང་དང་དྲང་པོའི་ཁྲིམས་གཏུགས་བྱ་ལོངས་མེད་པར་སྲོག་ཐོག་བཏང་བ་བཅས་ཀྱིས་རྒྱལ་སྤྱིའི་ནང་སེམས་འཚབ་དྲག་པོ་བསྐྲུན་ཡོད་ལ། དེ་བས་ཉེ་ཆར་བལ་ཡུལ་དུ་བཅའ་བཞུགས་རྒྱ་ནག་གི་གཞུང་ཚབ་ལས་བྱེད་པ་ཚོས་བོད་མི་བཙན་བྱོལ་དུ་ཡོང་མཁན་ ༡༨ ཕྱིར་སློག་བྱ་རྒྱུའི་ངན་གཡོ་བཤམས་པའི་བྱ་སྤྱོད་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་སྲིད་གཞུང་དང༌། མི་མང་ཁག་ནས་རྒོལ་གཏམ་དྲག་པོ་བཏང་ཡོད།

ལྷག་པར་དུ་ངས་གླེང་སྟེགས་འདི་བརྒྱུད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ལས་དབང་ཐོག་ང་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཞུ་འདོད་བྱུང༌། རྒྱ་གཞུང་ནས་པཎ་ཆེན་རྫུན་མ་ཞིག་བཙན་འགེལ་བྱས་པ་འདི་ནི་བོད་མི་མང་གི་ཆོས་ལུགས་ཀྱི་ཡིད་ཆེས་དད་འདུན་ལ་དོ་ཕོག་བཏང་བ་ཙམ་མ་ཟད། གནའ་བོའི་རིག་གཞུང་ཞིག་ནས་བྱུང་བའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ལ་བརྩི་བཀུར་ཡེ་ནས་མ་བྱས་པ་གསལ་སྟོན་བྱེད་ཀྱི་ཡོད། ང་ཚོས་རྒྱ་གཞུང་ལ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་ཡོང་བ་དང༌། དེ་བཞིན་ཆུང་སྲིད་རིན་པོ་ཆེས་མ་འོངས་པར་ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་དགོས་ངེས་ཀྱི་གསན་བསམ་མཐུན་སྦྱོར་ཞུ་རྒྱུའི་གོ་སྐབས་དང༌། རང་དབང་བཀྲས་ལྷུན་དགོན་ལ་སྤྲོད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་རྒྱའི་བཙོན་དོང་ནང་ཡོད་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ཁོང་ཚོས་རང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་བློ་ཁོག་བྱས་པ་ཙམ་གྱིས་བཙོན་ཁང་ནང་ཚུད་པ་རེད།

བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་ད་དུང་ཡང་ང་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། བོད་ནི་འཛམ་གླིང་ཡང་ཐོག་ཏུ་གནས་པའི་མཐོ་སྒང་གི་ས་ཁུལ་རྒྱ་ཁྱོན་ཆེ་ཤོས་དང༌། སྐྱེ་ཁམས་གནས་སྟངས་ཀྱི་ཆ་ནས་རང་བྱུང་གཏེར་དངོས་ཀྱིས་ཕྱུག་ཅིང་ཉམས་སླའི་ཁོར་ཡུག་གི་རང་བཞིན་ཅན་ཞིག་ཡིན་པ་ཙམ་དུ་མ་ཟད། ཨེ་ཤི་ཡའི་གླིང་ཕྲན་གྱི་གནམ་གཤིས་འགྱུར་ལྡོག་དང་ཤུགས་ཆེའི་འབྲེལ་བ་ཡོད་པ་ཞིག་ཡིན། དེས་མ་ཚད་བོད་ནི་ཨེ་ཤི་ཡའི་ནང་རྒྱུགས་པའི་ཆུ་ཆེན་མང་པོ་ཞིག་གི་འབྱུང་ཁུངས་ཡིན་གཤིས། གླིང་ཕྲན་འདིར་གནས་བཅའ་བའི་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ཙམ་གྱི་མི་ཚེ་དང༌། འཚོ་བའི་རྟེན་གཞིར་གྱུར་ཡོད་པ་དང༌། རྒྱ་ནག་གིས་བོད་ནང་ལས་འགུལ་གང་ཞིག་བརྩམས་པས་ཨེ་ཤ་ཡའི་མི་མང་ཕལ་མོ་ཆེའི་ཉིན་རེའི་འཚོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན། ང་ཚོས་རྒྱ་གཞུང་ནས་བོད་དུ་ལག་བསྟར་བྱས་པའི་འཛུགས་སྐྲུན་གྱི་ལས་འཆར་ཁག་གིས་མཐོ་སྒང་དུ་མི་མང་འཚོ་གནས་ཐུབ་པའི་ས་གཞིའི་ནུས་ཤུགས་ལ་དོ་ཕོག་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་ནམ་གནང་སྐབས་གཤམ་གསལ་དགོས་གཏུགས་ཀྱི་གནད་དོན་གསུམ་གྱི་ཐོག་ཐུགས་འཚབ་ཆེན་པོ་ཡོད་གནས་རྒྱུན་དུ་གསུང་གི་ཡོད།

༡ བོད་ནང་རྒྱ་རིགས་མི་འབོར་སྤོ་བཤུག་བྱས་ཏེ་ཡུལ་བདག་བོད་མི་རྣམས་མངོན་མེད་གྲངས་ཉུང་མི་རིགས་ཤིག་ཏུ་སྒྱུར་བཞིན་ཡོད་པ་དང༌།

༢ བོད་མི་རྣམས་དཔལ་འབྱོར་ཐད་ནས་ཐོབ་དབང་བྲལ་བའི་ཟུར་ཕུད་ཀྱི་གནས་སྟངས་སུ་གྱར་ཡོད་པ།

༣ ཁོར་ཡུག་ཐོག་ཉམས་ཉེས་ཤུགས་ཆེ་འགྲོ་བཞིན་པ་བཅས་ཡིན།

གལ་ཏེ་གོང་གསལ་གནད་དོན་རྣམས་མགྱོགས་མྱུར་སེལ་མ་ཐུབ་ཚེ། ང་ཚོས་གྲོས་མོལ་གྱི་འགྲིགས་འཇགས་ཤིག་ཡོང་ཐབས་འབད་བརྩོན་བྱེད་བཞིན་པའི་དམིགས་ཡུལ་དེ་འབྲས་མེད་དུ་འགྱུར་རྒྱུ་ཡིན། ང་ཚོའི་ལག་ཏུ་དུས་ཚོད་མང་པོ་ལྷག་མེད་པ་མ་ཟད། བོད་འདི་རྩ་བརླག་འགྲོ་རྒྱུའི་ཉེན་ཁའི་མཚམས་སུ་སླེབས་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་ཐབས་ཚུལ་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་འབེབས་རྒྱབ་གཉེར་གནང་བའི་བཀའ་ཤག་གི་རྒྱལ་སྤྱིའི་འབད་བརྩོན་དང་འབྲེལ་བའི་སྲིད་བྱུས་ཤིག་ཡིན། དེར་བརྟེན་དབུ་མའི་ལམ་གྱི་ལངས་ཕྱོགས་འདིར་རྒྱ་ཆེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཐབས་ལམ་འདིས་བོད་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་སྤྱད་ཆོག་པ་དང་ཆབས་ཅིག བོད་མི་ས་ཡ་དྲུག་ནས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང་གི་སྲོལ་རྒྱུན་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང༌། གོང་འཕེལ་གཏོང་རྒྱུའི་གོ་སྐབས་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པར་བརྟེན། དབུ་མའི་ལམ་གྱི་དམིགས་ཡུལ་དོན་འཁྱོལ་ཡོང་བར་བྱེད་པ་ལ་ང་ཚོར་ཁྱེད་རྣམས་ཀྱི་རྒྱབ་སྐྱོར་གྱི་དགོས་མཁོ་ཡོད་པ་ཡིན།

འདི་ལོ་ཕྱི་ཟླ་ ༩ ཚེས་ ༥ ཉིན་ངས་བཀའ་བློན་ཁྲི་པའི་ལས་ཁུར་བླངས་ཏེ་ལོ་གཉིས་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ང་དང་ཕྱག་སྦྲེལ་བཀའ་བློན་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཏེ་འདས་ལོ་གཉིས་ཀྱི་རིང་བཀའ་ཤག་གི་ལས་དོན་སྙན་ཐོ་རྒྱ་ཆེའི་བོད་མི་མང་ལ་གསལ་བཤད་ཞུས་ཡོད། ང་རང་ལོ་གཉིས་གོང་བཀའ་བློན་ཁྲི་པར་བདམས་ཐོན་བྱུང་བ་ནས་བཟུང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འདུ་འཛོམས་ཆེ་ཤོས་འདི་ལྟ་བུའི་ནང་དངོས་བཅར་ཞུ་རྒྱུ་བྱུང་བ་ད་རེས་ཐོག་མ་ཡིན་སྟབས། གོ་སྐབས་འདི་བརྒྱུད་བཀའ་ཤག་གིས་ལས་དོན་བྱེད་བཞིན་པའི་གནད་དོན་གལ་ཆེ་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན།

ཁྲིམས་ཀྱི་ལམ་སྲོལ་ལ་བརྟེན་ནས་བསྐོ་འཛུགས་བྱས་པའི་གཞུང་ག་འདྲ་ཞིག་ཡིན་ནའང༌། དེའི་དམིགས་ཡུལ་ནི་གཞུང་གི་འཛིན་སྐྱོང་ཡང་དག་པ་ཞིག་བྱ་རྒྱུ་དེ་ཡིན། དེང་འཕྲུལ་རིག་ལ་བརྟེན་པའི་གནས་ཚུལ་ཁྱབ་སྤེལ་ཐད་ཡར་རྒྱས་རྩེ་མོར་སོན་ཡོད་པར་བརྟེན་འཛམ་གླིང་འདི་གོ་ལའི་གྲོང་གསེབ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང༌། རྒྱལ་སྤྱིའི་ས་མཚམས་རིས་མེད་དུ་ཁ་འཐོར་གནས་པའི་སྤྱི་ཚོགས་ཤིག་ལ་གཞུང་གི་འཛིན་སྐྱོང་ཡང་དག་པ་ཞིག་མཁོ་སྤྲོད་བྱ་རྒྱུར་གཞུང་དེ་མངའ་དབང་གི་ས་ཁུལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་དགོས་པའི་ཁྱབ་པ་མེད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་ཐུགས་བསྐྱེད་དགོངས་གཞི་དང༌། གཟིགས་རྒྱང་རིང་བའི་དབུ་ཁྲིད་ལམ་སྟོན་འོག་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཐུན་མོང་གི་མངོན་འདོད་དང༌། དམིགས་ཡུལ་ལྡན་པའི་གོང་བུ་གཅིག་བསྒྲིལ་གྱི་སྤྱི་ཚོགས་ཤིག་སྐྲུན་ཐུབ་པ་བྱུང་ཡོད་ཅེས་སྤོབས་ཉམས་ལྡན་པའི་སྒོ་ནས་བརྗོད་ཆོག་པ་ཡིན། དེང་གི་དུས་ཚོད་ནང་དེ་ལྟར་སྐྲུན་ཐུབ་པའི་སྤྱི་ཚོགས་མངོན་ཚན་ཆེ་བ་ཉུང་ཤས་ལས་མེད་པའི་ནང་ནས་ང་ཚོ་གཅིག་ཡིན་ཞིང༌། འདི་ནི་གྲུབ་འབྲས་ཆུང་ཆུང་ཞིག་ནམ་ཡང་མིན།

ང་ཚོའི་གཞུང་གི་སྒྲིག་འཛུགས་འདི་སྲ་བརྟན་དང༌། ལས་དོན་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་ལ་ཡིད་ཆེས་བློ་གཏད་བྱེད་མཁན་གྱི་བོད་མི་ས་ཡ་དྲུག་ལ་ང་ཚོས་ཁས་བླངས་པའི་དམ་བཅའ་ཞིག་ཡིན་པར་བསམ་གྱི་ཡོད། དེ་ལྟར་བྱེད་ཐུབ་པ་ཡོང་རྒྱུ་དེ་ཡང་ང་ཚོའི་ལག་པར་ཡོད་པ་ཞིག་ཡིན། ང་ཚོས་གཞུང་ཚགས་ཚུད་པོ་ཞིག་དང༌། དེའི་ནང་ལས་ཀ་བྱེད་མཁན་གྱི་སྲི་ཞུ་བ་རྣམས་སྤུས་དག་པོ་ཞིག་བསྐྲུན་རྒྱུ་ནི་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་ནང་གི་རབ་དེ་ཡིན་པར་མ་ཟད། བོད་མི་མང་ལའང་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད།

དེ་ནས་བཀའ་ཤག་གི་གཞི་རྩའི་སྲིད་བྱུས་ལངས་ཕྱོགས་དང༌། རྩ་འཛིན་ལམ་སྟོན་ཁག་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ན། བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཅོའི་རིང་ལུགས་བཅས་ནི་བཀའ་ཤག་གི་གཞི་རིམ་ལྟ་གྲུབ་ཀྱི་རྩ་དོན་གསུམ་པོ་དེ་ཡིན་ཞིང༌། དེའི་རྒྱ་ལས་མི་འགོང་བའི་ཐོག་ནས་ང་ཚོས་བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་ཐད་གཞི་རྩའི་སྒྱུར་བཅོས་འགའ་ཤས་ལག་བསྟར་བྱེད་འགོ་བཙུགས་ཡོད། སྒྱུར་བཅོས་དེ་དག་ནང་གཞུང་གཉེར་ཚོང་ལས་སྡེ་ཚན་ཁག་སྒེར་བདག་ཅན་དུ་བསྒྱུར་རྒྱུ་དང༌། བོད་མིའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ལས་རིམ་རྣམས་ཚུད་ཡོད། བཀའ་ཤག་ནས་ཤེས་ཡོན་གྱི་ལམ་སྲོལ་ཡར་རྒྱས་བཏང་བའི་བརྒྱུད་ཤེས་ཡོན་གྱི་གནས་ཚད་མཐོ་ཞིང༌། ལྷག་བསམ་ཅན་གྱི་བོད་མི་ན་གཞོན་མང་པོ་གསོ་སྐྱོང་བྱ་རྒྱུ་འདི་བཙན་བྱོལ་བོད་མི་རྣམས་ནས་མ་འོངས་བོད་ཀྱི་འཛུགས་སྐྲུན་ཆེད་བཙུགས་པའི་མ་རྩ་བཟང་ཤོས་དེ་ཡིན་པར་ངོས་འཛིན་གྱི་ཡོད། བོད་མིའི་གཞིས་སྒར་ཁག་གི་ནང་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་བཏང་སྟེ་གཞིས་སྒར་སོ་སོའི་ནང་བོད་མི་ན་གཞོན་ཤེས་ཡོན་ཅན་གང་མང་འགུགས་ཐབས་བྱ་རྒྱུ་དང༌། ཁོང་ཚོར་ཁེ་སླེབས་ཆེ་བའི་འཚོ་རྟེན་ལས་རིགས་ཀྱི་གོ་སྐབས་བསྐྲུན་རྒྱུའི་འབད་བརྩོན་བྱེད་བཞིན་པ་ཡིན། དེ་དང་ཆབས་ཅིག་བོད་མིའི་གཞིས་སྒར་ཁག་ཏུ་སྐྱེ་ལྡན་ནམ། རང་བཞིན་སོ་ནམ་ཞིང་ལས་ཀྱི་ལམ་སྲོལ་ངོ་སྤྲོད་བྱ་རྒྱུའི་ལས་རིམ་འགོ་འཛུགས་བྱེད་བཞིན་པའི་སྒང་ཡིན། གཞན་ཡང་ས་གནས་ཁག་ཏུ་ཡོད་པའི་མཉམ་སྦྲེལ་སྒྲིག་འཛུགས་ཁག་རང་འཚོ་ཐུབ་ཅིང༌། རང་དབང་ཅན་དུ་སྒྱུར་བཞིན་ཡོད་པའི་ཐོག ས་གནས་འཐུས་མིའི་ཚོགས་འདུའི་ནུས་ཤུགས་སྤེལ་རྒྱུ་དང༌། དགོས་ངེས་ཀྱི་ཁོར་ཡུག་ཆ་རྐྱེན་རྣམས་བསྐྲུན་ཏེ་མ་འོངས་པར་ས་གནས་འགོ་འཛིན་རྣམས་ས་ཁུལ་མི་མང་རང་ནས་འདེམས་བསྐོ་ཐུབ་པའི་འབད་བརྩོན་བྱེད་བཞིན་པ་ཡིན། འདི་དག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་བོད་མིའི་ངོ་བོར་མཚོན་པར་བྱེད་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག་བཅས་ཀྱི་ངོས་འཛིན་མི་ཉམས་རྒྱུན་འཛིན་དང༌། གོང་འཕེལ་གཏོང་ཐུབ་པའི་ཆེད་དུ་བཀའ་ཤག་གིས་དམིགས་ཚད་བཟུང་བའི་ལས་འཆར་འགའ་ཤས་ཡིན། དེ་དག་ལམ་ལྷོང་གྱུར་མིན་ནི་གནས་ཚུལ་ཐ་དད་ཡིན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་རྗེས་སུ་མཐའ་མའི་དབྱེ་ཞིབ་གནང་དགོས་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་གི་དྲང་བདེན་གྱི་མངོན་འདོད་རྣམས་ཇི་བཞིན་སྐོང་བའི་བོད་ལ་རང་དབང་གང་འཚམས་སོན་པའི་གནས་སྐབས་སུ་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ་དང༌། དེའི་ཚབ་ཏུ་བོད་མི་ས་ཡ་དྲུག་གི་བློ་མོས་བཞིན་མང་མོས་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་པའི་གཞུང་གསར་པ་ཞིག་འཛུགས་རྒྱུ་ཡིན་ཞེས་ལན་མང་གསུངས་ཡོད།

གོང་གསལ་གནད་དོན་རྣམས་ནི་ངའི་བསམ་ཚུལ་ཁ་ཤས་ཁྱེད་རྣམས་ལ་ཞུ་འདོད་བྱུང་བ་ཁག་ཡིན། མཐའ་མར་ངས་བོད་མི་མང་གི་ཚབ་ཞུས་ཏེ་སླར་ཡང་བོད་དོན་རྒྱབ་སྐྱོར་བ་ཚང་མར་སྙིང་ནས་བསྔགས་བརྗོད་ཞུ་བ་དང་སྦྲགས་ཁྱེད་རྣམས་ལ་ཚོགས་ཆེན་འདིའི་གྲོས་གཞི་ཁག་སྔ་ལོ་ལྡི་ལིར་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་འཚོགས་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་ངོ་ཕེབས་རྣམས་ནས་དགོངས་འཆར་གསུངས་པ་རྣམས་གཞི་ལ་བཞག་སྟེ་གཏན་འབེབས་ཞུས་ཡོད་ཅེས་ངོ་སྤྲོད་ཞུ་རྒྱུ་ཡིན། ཚོགས་ཆེན་འདི་ནི་བོད་དོན་རྒྱབ་སྐྱོར་བ་ཁྱེད་རྣམས་ཀྱི་ཚོགས་འདུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་ད་ལྟའི་ལས་འགན་ནི་ཚོགས་འདུ་གོ་སྒྲིག་གི་མཐུན་འགྱུར་ཞུ་རྒྱུ་ཙམ་རེད། གལ་ཏེ་མ་འོངས་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་རང་གི་ཚོགས་འདུ་གོ་སྒྲིག་གནང་རྒྱུའི་ཐག་གཅོད་གནང་ཚེ་དགའ་བསུ་ཞུ་རྒྱུ་ཡིན། བཙན་བྱོལ་གཞུང་ནས་རང་དབང་ལྡན་ཞིང་རང་འཚོ་ཐུབ་པའི་རྒྱལ་སྤྱིའི་བོད་དོན་ཚོགས་པ་ཁག་ལ་སྟངས་འཛིན་དང༌། ཁྲིད་སྟོན་བྱ་རྒྱུའི་འདོད་པ་གང་ཡང་མེད།

ངས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྦྲེལ་པོར་ཚོགས་ཆེན་འདི་གྲོས་ཚོགས་ཀྱི་གཟོགས་སྐྱོང་འོག་གོ་སྒྲིག་ཞུ་རྒྱུའི་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུུ་རྒྱུ་ཡིན། འཛམ་གླིང་ནང་ཁྲིམས་བཟོ་ལྷན་ཚོགས་ཤིག་གི་སྡེ་ཚན་གལ་ཆེ་ཞིག་ནས་རྒྱ་ཆེའི་བོད་ཀྱི་ལས་འགུལ་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་པ་ད་རེས་ཐོག་མ་ཡིན་གཤིས། འདིས་བོད་མི་མང་གི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་སེམས་འགུལ་ཆེན་པོ་ཐེབས་རྒྱུ་ཡིན་པར་མ་ཟད། འཚེ་བ་སྤངས་པའི་ཐབས་ལམ་ལ་བརྟེན་ནས་རྩོད་རྙོག་འདུམ་འགྲིགས་བྱ་རྒྱུའི་ལམ་ཕྱོགས་སུ་བསྐྱོད་རྒྱུར་མི་མང་ལ་སྐུལ་ལྕག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན།

ཚོགས་ཆེན་འདི་གོ་སྒྲིག་ཞུ་རྒྱུར་ཕི་ཊིཀ་ནོ་མན་ཐེབས་རྩ་དང༌། ཕྱི་ལོ་ ༢༠༠༠ གླེང་སྟེགས་ཟུང་ནས་མཐུན་འགྱུར་གཞོགས་འདེགས་གནང་བར་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་དང༌། ལྷག་པར་དུ་ཕི་ཊིཀ་ནོ་མན་ཐེབས་རྩ་ནས་ཚོགས་ཆེན་འདིའི་ཚོགས་གྲོན་གསོལ་རས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༩༦ དང༌། ༢༠༠༠ ལོ་སོ་སོར་བྷོན་དང༌། བྷར་ལིན་གཉིས་སུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་དང༌། གསུམ་པའི་འགྲོ་གྲོན་རྣམས་ཀྱང་ཐེབས་རྩ་འདི་ནས་དགོངས་བཞེས་གནང་ཡོད། ཕི་ཊིཀ་ནོ་མན་ཐེབས་རྩའི་དབུ་ཁྲིད་དང༌། ལས་བྱེད་རྣམས་ཀྱི་རྒྱབ་སྐྱོར་དང༌། ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན་ནས་ང་ཚོས་འཛམ་གླིང་ཁྱོན་དུ་ཡོད་པའི་བོད་ཀྱི་གྲོགས་པོ་དང༌། རྒྱབ་སྐྱོར་བ་རྣམས་སླར་ཡང་ས་གནས་གཅིག་ཏུ་བསྡུ་བསྐོང་བྱས་ཏེ་བོད་ནང་ཡུན་རིང་ནས་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་དང༌། བདེ་སྐྱིད་ཇི་ལྟར་སྐྲུན་ཐུབ་པའི་གནད་དོན་ཐོག་བསམ་ཞིབ་གོ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བ་རེད། དེར་བརྟེན་ངས་བཀའ་ཤག་གི་ཚབ་ཞུས་ཏེ་ལྷན་རྒྱས་ཚང་མར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།