རྒྱ་གར་གྱི་རང་དབང་ཅན་གྱི་གསར་འགོད་པ་ཞིག་གིས་ཞུས་པའི་བཅར་འདྲི་ཁག་ལ་གནང་བའི་ལན་འདེབས་ཁག

དྲི་བ། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཚོགས་པ་ཐེངས་གཉིས་པ་དེ་ཟླ་བ་སྔོན་མའི་ནང་ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ལོག་གི་གནད་དོན་ཐད་བཀའ་མོལ་གནང་བར་རྒྱ་ནག་ཏུ་ཕེབས་ཡོད་པ་རེད། ད་ལྟ་གནས་ཚུལ་གསར་པ་ག་རེ་ཡོད་དམ།

དྲིས་ལན། དོན་གནད་གཙོ་བོ་ནི་ྋགོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་ཁེ་ཕན་ལས་རང་ཉིད་བོད་དུ་ཕྱིར་ལོག་ཆེད་ཕྱག་ལས་གནང་གི་མེད་པ་རེད། འདས་པའི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ྋགོང་ས་མཆོག་གིས་པེ་ཅིང་མཉམ་གྲོས་མོལ་ཡོང་བའི་ཐབས་ཤེས་གནང་ཡོད། ང་ཚོར་དོན་དམ་ལྡན་པའི་རང་སྲིད་རང་སྐྱོང་ལས་གཞན་དགོས་མཁོ་གཉིས་པ་གང་ཡང་མེད་པ་རེད། ྋགོང་ས་མཆོག་ནས་རང་ཉིད་ཕྱིར་ལོག་བྱ་རྒྱུ་དེ་གལ་ཆེར་རྩིས་ཀྱི་མེད་པ་རེད། དེང་སང་བོད་མི་རྣམས་སོ་སོའི་ལུང་པར་གྲངས་ཉུང་མི་རིགས་ལ་གྱུར་ཡོད་པ་དང༌། བོད་པའི་རིག་གཞུང་དེ་ཉེན་ཁའི་འོག་ཏུ་གནས་ཡོད་པ་རེད། འཛུགས་སྐྲུན་གྱི་ལས་གཞི་རྣམས་བོད་མི་ཚོར་རག་གི་མེད་པ་རེད། རྒྱ་མི་ཧན་མི་རིགས་བོད་དུ་གཏན་སྡོད་བྱས་རྐྱེན་བོད་ཀྱི་མི་འབོར་གྱི་གྲངས་ཚད་ལ་འགྱུར་བ་སོང་ཡོད་པ་རེད། གོང་ས་མཆོག་ནས་ཞི་མོལ་བརྒྱུད་གནད་དོན་དེ་རིགས་བསལ་བར་རྒྱ་ནག་མཉམ་འབྲེལ་གཏུགས་གནང་གི་ཡོད་པ་རེད། ང་ཚོས་རྒྱ་ནག་མཉམ་ལོ་སྔོན་མར་ཐད་ཀར་འབྲེལ་བ་བྱས་ཐུབ་ཡོད་པ་རེད།

དྲི་བ། པེ་ཅིང་ནས་ཏཱ་ལའི་བླ་མར་རྒྱལ་འཚོང་པ་རེད་ཅེས་མཚན་སྨོད་ཞུ་གི་ཡོད་པ་རེད། དེས་ན་རྒྱ་ནག་གིས་ཁོང་བོད་དུ་ཕེབས་པར་ངོས་ལེན་བྱེད་ཀྱི་རེད་དམ།

དྲིས་ལན། ྋགོང་ས་མཆོག་ནས་མཐོང་ཆུང་དང་ཁྱད་གསོད་དེ་འདྲ་ཐོབ་པའི་ཕྱག་ལས་གང་ཡང་གནང་ཡོད་པ་མ་རེད། ཕྱི་ལོ་ ༡༩༥༩ སྐབས་དེ་ནས་ ༡༩༧༩ བར་ང་ཚོས་བོད་རང་བཙན་བསྐྱར་གསོ་ཡོང་བར་ལས་འགུལ་སྤེལ་ཡོད་པ་རེད། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིན་གྱིས་གལ་ཏེ་བོད་མི་ཚོས་རང་བཙན་རྩོད་ལེན་མ་བྱས་ན་གཞན་གནད་དོན་གང་ཡང་གྲོས་མོལ་བྱེད་ཆོག་གི་རེད་བཅས་བཤད་པ་ནས་བཟུང་ང་ཚོས་བོད་རང་བཙན་གྱི་རྩོད་ལེན་དེ་མཚམས་བཞག་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཚང་མར་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་དང༌། ལྷག་དོན་བོད་དེ་རྒྱ་ནག་ནང་ནས་གྲངས་ཉུང་མི་རིགས་མང་ཤོས་གཉིས་པ་དེ་ཆགས་ཡོད་སྟབས་བོད་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་སྤྲོད་དགོས་ཀྱི་རེད་ཅེས་ང་ཚོས་རྩོད་པ་བརྒྱབས་པ་ཡིན། ང་ཚོར་ད་དུང་བོད་མི་ཚང་མ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཅིག་ནང་ཟླ་བསྒྲིལ་ཡོང་བ་དགོས། རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེར་ངོས་ལེན་བྱས་ཡོད་པ་རེད། ྋགོང་ས་མཆོག་ནས་བོད་ལའང་ཐོབ་ཐང་དེ་འདྲ་དགོས་པར་ཞི་མོལ་གནང་གི་ཡོད་པ་རེད། ྋགོང་ས་མཆོག་གིས་བོད་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་བའི་ཕྱག་ལས་ནམ་ཡང་གནང་ཡོད་པ་མ་རེད།

དྲི་བ། དོན་དམ་གྱི་རང་སྲིད་རང་སྐྱོང་ཟེར་ན་ག་འདྲ་ཞི་ག་ལ་གོ་གི་ཡོད་པ་རེད།

དྲིས་ལན། དོན་དམ་གྱི་རང་སྲིད་རང་སྐྱོང་ཟེར་ན་ཧོང་ཀོང་གི་ཐོབ་ཐང་ལས་ཕྲན་བུ་ཆེ་བ་ཡོད་པ་རེད། ཧོང་ཀོང་དུ་བསྐྱོད་པར་ཁྱེད་ནས་དམིགས་བསལ་གྱི་ལག་འཁྱེར་ཞིག་དགོས་པ་དང༌། རྒྱ་ནག་སྐམ་ས་ཆེན་པོའི་ནང་བསྐྱོད་པར་ཕྱི་བསྐྱོད་ལག་འཁྱེར་རམ་ཆོག་མཆན་དགོས་ཀྱི་ཡོད་པ་རེད། དེ་ནི་མི་འབོར་འཕེལ་རྒྱས་སམ་མིའི་འགྲོ་རྒྱུགས་འཕེལ་རྒྱས་ལ་སྟངས་འཛིན་བྱེད་ཆེདརེད། འོན་ཀྱང་ཧོང་ཀོང་ནང་མང་གཙོ་དང་གསར་འགོད་རང་དབང་གང་ཙམ་ཡོད་པ་རེད།

དྲི་བ། ཉེ་ཆར་ཁྱེད་ནས་འཛམ་གླིང་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཟླ་དྲུག་པ་བར་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེས་འགྲུབ་འབྲས་གང་ཐོན་ཡོད་དམ།

དྲིས་ལན། ང་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་སྟངས་འཛིན་ཞེ་དྲགས་མེད་པ་རེད། དེ་ནི་འཛམ་གླིང་ཚང་མར་ཁྱབ་པའི་ལས་འགུལ་ཞིག་ཡིན། འོན་ཀྱང་ཚོགས་པ་ཕལ་མོ་ཆེས་ངའི་འབོད་སྐུལ་དེར་ཡ་ལན་ཡག་པོ་སྤྲད་བྱུང༌། འདིས་རྒྱ་ནག་མཉམ་ཡིད་ཆེས་རྙེད་ཐབས་ཀྱི་ང་ཚོའི་ཐབས་ལམ་དེར་ཕན་ཐོགས་ཀྱི་འདུག རྒྱ་ནག་ཁོང་ཚོའི་ཕྱོགས་ནས་ཀྱང་ྋགོང་ས་མཆོག་ལ་སྐྱོན་འཛུགས་དང་ཉིན་ལྟར་འུད་སྒྲོག་བཤད་རྒྱུ་དེ་ཉུང་དུ་བཏང་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱལ་ཁབ་གཞན་པ་ཚོར་ྋགོང་ས་མཆོག་ལ་ཕྱི་བསྐྱོད་ལག་འཁྱེར་ཕུལ་ཆོག་གི་མེད་པའི་འབོད་སྐུལ་དེ་ཡང་མཚམས་འཇོག་བྱས་ཡོད།

དྲི་བ། རྒྱ་ནག་མཉམ་འབྲེལ་བ་སླར་གསོ་ཡོང་བའི་འབད་བརྩོན་དེར་གཞོགས་འདེགས་བྱེད་རྒྱུའི་ཆེད་དུ་རེད་དམ།

དྲིས་ལན། སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་སྔོན་མ་ནས་ལས་ཡོལ་དུ་སོང་ཡོད་པ་དང༌། ཁོང་ནས་བོད་དོན་ཐད་ཕྱག་ལས་གང་ཡང་གནང་གི་མེད་པ་རེད། ང་ཚོའི་སྐུ་ཚབ་ཚོགས་མི་རྣམས་གཞུང་འབྲེལ་ཐོག་རྒྱ་ནག་ནས་བསུ་བ་ཞུས་ཡོད་སྟབས་ང་ཚོས་ཀྱང་དེ་དང་འཚམས་པའི་ཁོར་ཡུག་ཅིག་བསྐྲུན་ཏེ་ལན་འདེབས་བྱས་པ་ཡིན།

དྲི་བ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྤྱི་དང༌། ལྷག་དོན་སྲིད་འཛིན་ཁི་ལིན་ཊོན་མཆོག་ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་ཏུ་ཕེབས་པ་དེ་རྒྱུ་མཚན་ཞིག་ཆགས་ཀྱི་ཡོད་དམ།

དྲིས་ལན། མང་པོས་དེ་འདྲ་བཤད་ཀྱི་ཡོད་མོད། ངས་བསམ་ཚུལ་དེར་ངོས་ལེན་ཞུ་གི་མེད། བོད་ཀྱི་གནད་དོན་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དབར་གལ་ཆེན་པོ་ཞིག་མ་རེད།

 

དྲི་བ། ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་མི་མང་ཚོགས་འདུ་ཐོག་མ་ཚོགས་པ་དང༌། ༨༩ ལོར་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས། དེ་ནས་སྲིད་འཛིན་ཁི་ལིན་ཊོན་རྒྱ་ནག་ལ་ཕེབས་པ་དེས་ཁྱེད་ཀྱི་ལྟ་གྲུབ་ལ་འགྱུར་བ་གང་ཕྱིན་སོང་ངམ།

དྲིས་ལན། ང་ཚོའི་ལྟ་གྲུབ་དེ་ཕྱི་གསལ་ནང་གསལ་ཡིན། བོད་མི་ཚོར་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ་དེ་མཚམས་འཇོག་བྱེད་རྒྱུ་དང༌། སོ་སོའི་མི་ཚེ་སྐྱེལ་སྟངས་རྒྱུན་སྲིང༌། དེ་བཞིན་ཆོས་རིག་སྲུང་སྐྱོབ་བྱེད་ཆེད་དོན་དམ་གྱི་རང་སྲིད་རང་སྐྱོང་དགོས་ཀྱི་ཡོད་པ་རེད། གལ་ཏེ་རྒྱ་ནག་ནས་ཐོབ་ཐང་དེ་སྤྲད་པ་ཡྀན་ན་ང་ཚོར་རང་བཙན་རག་གི་ཡོད་མེད་ཀྱི་གནད་དོན་གང་ཡང་ཡོད་པ་མ་རེད།

 

དྲི་བ། རྒྱ་མི་རིགས་གཙོས་པའི་མི་རིགས་འདྲ་མིན་སྣ་ཚོགས་བོད་དུ་གནས་སྤོས་བྱས་པ་དེས་ཁོར་ཡུག་ལ་གཏོར་བཤིག་ཇི་ལྟར་གཏོང་གི་ཡོད་དམ།

དྲིས་ལན། གཞིས་ཆགས་དང༌། གཞུང་ལམ། དེ་བཞིན་དམག་གི་བསྟི་གནས་སོགས་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་བོད་ཀྱི་ཁོར་ཡུག་གི་ལམ་ལུགས་ལ་དོ་ཕོག་འབྱུང་གི་ཡོད། ལྷག་པར་དུ་རྡུལ་ཕྲན་མཚོན་ཆའི་བསྟི་གནས་བཟོ་སྐྲུན་དང་དེའི་སྙིགས་རོ་བོད་དུ་འཕངས་པས་བོད་ཀྱི་ཁོར་ཡུག་གི་ལམ་ལུགས་ཇེ་སྡུག་ཇེ་ཞན་དུ་འགྲོ་གི་ཡོད། རྒྱ་གར་དང༌། པ་ཀི་སི་ཐན། དེ་བཞིན་བྷང་ལ་རྡེ་ཤི་ཐེ་བའི་ཨེ་ཤི་ཡའི་ཡུལ་ལུང་གི་ཆུ་བོའི་ཆུ་འགོ་བོད་ནས་ཡིན་པ་རྣམས་དེང་སང་འབགས་བཙོག་ཆགས་ཡོད་པ་དང༌། འཛུགས་སྐྲུན་ཆེད་ཤིང་ནགས་གཅོད་འབྲེག་བྱས་སྟབས་ལོ་ལྟར་གློ་བུར་གྱི་ཆུ་ལོག་ཡོང་གི་ཡོད་པ་རེད།

 

དྲི་བ། མ་གཞི་ ཕྱི་ལོ་ ༡༩༦༥ ལོར་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་དབང་སྤྲད་ཡོད་པ་མ་རེད་དམ།

དྲིས་ལན། དེ་ནི་རང་སྲིད་རང་སྐྱོང་ཆ་མ་ཚང་བ་ཞིག་རེད། གང་ལགས་ཤེ་ན། ཐག་གཅོད་ཀྱི་དབང་ཆ་ཚང་མ་དབུས་གཞུང་དང་བོད་ནང་གི་ཧན་མི་རིགས་ཚོར་ཡོད་པ་རེད། ས་གནས་རང་གི་བོད་མི་རྣམས་ལ་དབང་ཆ་གང་ཡང་མེད་པ་རེད། གཉིས་པ་ཕྱི་ལོ་ ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་ཞེས་ཟུར་འདོན་བྱས་པའི་ས་ཁུལ་དེ་བོད་ཀྱི་ས་ཆ་རྩ་འབོར་གསུམ་ཆ་གཅིག་ལས་ཁྱབ་ཀྱི་མེད་པ་རེད། ལྷག་མ་རྩ་འབོར་གསུམ་ཆ་གཉིས་ཆ་ཤས་བཅུ་གཅིག་ལ་བགོས་ཏེ་རྒྱ་ནག་གི་ཞིང་ཆེན་འདྲ་མིན་སྣ་ཚོགས་ནང་ཟླ་བསྒྲིལ་བཏང་ཡོད་པ་རེད། དེས་བོད་མིའི་སྤྱི་ཚོགས་ཁ་ཐོར་དུ་བཏང་ཡོད་པ་རེད། ལྷག་དོན་རྨང་གཞིའི་འཛུགས་སྐྲུན་གྱི་ཡར་རྒྱས་ལམ་ཁ་དང༌། གནམ་གྲུའི་འབབ་ཚུགས་སོགས། དེ་བཞིན་བོད་དུ་ཚོང་ལས་ཁྱབ་སྤེལ་ཕྱིན་པ་དེས་ཧན་དཔལ་འབྱོར་ཅན་ཁོ་ནར་ཁེ་ཕན་ཐོབ་ཀྱི་ཡོད་པ་རེད། དཔེར་ན་ལམ་ཁ་ལྟ་བུར་མཚོན་ན་བོད་པ་མ་ཡིན་མཁན་རྣམས་བོད་ནང་གི་ས་ཁུལ་ལ་གཏན་སྡོད་བྱེད་རྒྱུ་དང་བོད་ཀྱི་རང་བྱུང་ཐོན་ཁུངས་བཤུ་གཞོག་གཏོང་བར་ཕན་ཐོགས་ཀྱི་ཡོད་པ་ལས། དེས་བོད་མི་དབུལ་པོ་ཚོའི་དཀའ་ངལ་བསལ་བར་ཕན་ཐོགས་ཀྱི་མེད།