རྒྱ་གར་གྱི་གྲོང་ཁྱེར་གསུམ་ནང་འཚམས་གཟིགས་གནང་བ།

༄༅། ། རྒྱ་གར་རྒྱལ་དོན་དང་བླང་ཞབས་ཞུའི་ཚོགས་སྡེ་དང༌། སྭཱ་མཱི་བི་ཝེཀཱནནྡ་མཆོག་ནས་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ཐོག་གསུང་བཤད་བསྩལ་ནས་ལོ་བརྒྱ་དང་བཅུ་མེད་བདུན་འཁོར་བའི་དུས་དྲན་གོ་སྒྲིག་ཚོགས་ཆུང་སོགས་ནས་མགྲོན་འབོད་གནང་བ་བཞིན། རང་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་སྔ་དྲོ་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ་རྒྱ་གར་གྱི་གྲོང་ཁྱེར་ལུ་དི་ཡ་ན་དང༌། པཊ་ན། ནག་པུར་བཅས་ནང་མཛད་དོན་བསྐྱངས་ཤིང༌། ཕྱི་ཚེས་ ༦ ཉིན་གྲོང་ཁྱེར་ལུ་དི་ཡ་ནར་ཕེབས་སྐབས་མགྲོན་བདག་སྭཱ་མཱི་བྀའ་ཝེཀཱནནྡ་རྗེས་དྲན་ཚོགས་པ་དང༌། ས་གནས་བོད་མི་བཅས་ནས་བསུ་བ་ཟབ་རྒྱས་ཞུས་པ་དང༌། དུས་དྲན་མཛད་སྒོའི་ཐོག་ཕེབས་པའི་ས་གནས་དཔོན་རིགས་དང༌། སྐུ་མགྲོན་མི་མང་བཅས་ལ་དུས་དྲན་དང་འབྲེལ་འཚམས་འདྲི་དང༌། ལྷག་པར་དེང་སྐབས་འཛམ་གླིང་ནང་ཚན་རྩལ་དང་ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ནའང༌། ༡༽ འཛམ་གླིང་ནང་མི་འབོར་འཕེལ་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་དཀའ་ངལ་དང༌། ༢༽ དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་མཐའ་གཉིས་སུ་ལྷུང་བའི་དཀའ་ངལ། ༣༽ སྐྱེ་ཁམས་ཁོར་ཡུག་ལ་ཚབས་ཆེའི་ཉམས་ཉེས་ཡོང་བཞིན་པའི་དཀའ་ངལ། ༤༽ གསར་དུ་ཐོན་པའི་རྒྱལ་སྤྱིའི་འཇིགས་སྐུལ་གྱི་དཀའ་ངལ། ༥༽ ཆོས་ལུགས་ཀྱི་རྨོངས་ཞེན་བསླད་སྐྱོན་ལ་བརྟེན་ནས་རང་གཞན་གཉིས་ཕུང་གི་དཀའ་རྙོག་ཚབས་ཆེ་བཟོ་བའི་དཀའ་ངལ་སོགས་དེང་སྐབས་རྒྱལ་སྤྱིའི་ནང་ཆེས་བློ་འཚབ་ཆེ་བའི་དཀའ་རྙོག་ཁག་ལ་ཕྱོགས་བསྡོམས་ནན་པོ་གནང་སྟེ་འཛམ་གླིང་སྐྱེ་བོ་ཀུན་ནས་བྱམས་བརྩེ་དང༌། གཞན་ཕན། མི་ཚེའི་རིན་ཐང་ལྡན་པ་སོགས་ཚུལ་མཐུན་གྱི་སྤྱི་ཚོགས་གོང་འཕེལ་དང༌། ཕུགས་རྒྱང་རིང་བའི་མདུན་ལམ་ཐོག་བསམ་བློ་བཏང་སྟེ་དུས་རབས་གསར་པའི་ནང་ཡང་དག་པའི་མདུན་བསྐྱོད་དགོས་པའི་སྐུལ་མ་གནང་བར་དེར་འདུས་དཔོན་རིགས་དང༌། སྐུ་མགྲོན་བཅས་ནས་དགའ་བསུ་ཆེན་པོ་ཞུས་འདུག མཇུག་ཏུ་དེར་འདུས་རང་རིགས་བརྒྱ་ཕྲག་བརྒལ་བར་འཚམས་འདྲི་དང༌། རང་གཞུང་ནས་བོད་མི་སུད་ཚོང་བ་རྣམས་ཀྱི་མདུན་ལམ་དང༌། ལྷག་པར་ཚོང་གཉེར་གྱི་ལས་དོན་རྣམས་ས་གནས་ཀྱི་ཁྲིམས་ལུགས་དང༌། ཕུག་རྒྱང་རིང་བའི་ཚོང་གཉེར་བྱེད་ཐབས་ཐོག་རང་གཞུང་གི་མཛད་ཕྱོགས་དགོངས་བཞེས་སྐོར་ངོ་སྤྲོད་དང༌། འབྲེལ་ཡོད་ས་གནས་དཔོན་རིགས་རྣམས་ལ་རང་གཞུང་གི་མཛད་ཕྱོགས་ལྟར་རོགས་རམ་ཡོང་བའི་རེ་སྐུལ་གྱི་ཕྱག་ལེན་ཁག་ངོ་སྤྲོད་གནང་སྟེ་དེ་ནུབ་རྒྱལ་ས་དིལླིར་ཕེབས་ཐོན་གནང་ནས་བཞུགས་ཞག་གནང༌།

ཕྱི་ཚེས་ ༨ ཉིན་སྔ་དྲོ་དིལླི་ནས་ཕེབས་ཐོན་གནང་སྟེ་པཊ་ནར་བདག་ཉིད་ཆེན་པོ་གྷན་དྷི་དང་ཨཱ་ཅཱ་ཡ་ཝི་ནོ་བཱ་བྷ་ཝེའི་རྗེས་འབྲངས་སརྦོདཡ་ཞེས་པའི་ཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་ཐེངས་ ༣༨ པ་སྐུ་གཤེགས་ཇཡ་པྲཀཱཤ་ནཱ་རཱ་ཡཎ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་མཇུག་བསྡོམས་དང་ཆབས་ཅིག་པཊ་ནར་ལྷན་ཚོགས་བསྐྱངས་པར་རྒྱ་གར་རྒྱལ་ཡོངས་ནས་སྐུ་ཞབས་པྲབྷཥ་ཇོ་ཤཱི་དང༌། སིདྡྷརཱཇཌྷཌྜཱ། དྷརྨཱདྷིཀཱརཱི། ཨཱ་ཅཱ་ཡ་རཱ་མ་མཱུ་རྟི་སོགས་གྲགས་ཅན་གྱི་དབུ་ཁྲིད་རྣམ་པས་དབུས་ཚོགས་མི་ལྔ་སྟོང་བརྒལ་བའི་ལྷན་ཚོགས་ཀྱི་སྐུ་མགྲོན་དུ་ཕེབས་པ་མ་ཟད། བཀའ་ཁྲི་མཆོག་ནས་ད་ལྟའི་གནས་སྐབས་སུ་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བདག་ཉིད་ཆེན་པོ་གྷན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་དགོས་མཁོ་ཇི་ཙམ་ཡོད་པ་དང༌། ཇཡཔྲཀཱཤ་ནཱརཱ་ཡཎ་མཆོག་གིས་བོད་དོན་ཐོག་ཐུགས་ཁུར་ཆེན་པོས་ཕྱག་ལས་ཇི་གནང་སྐོར་གྱི་གནས་ཚུལ་སྙིང་དོན་དང་ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་གནང་མཛད་ཡོད་པར་འཕགས་བོད་མཛའ་འབྲེལ་བཟང་པོར་སྐུལ་འདེད་ཀྱི་མཐོ་རླབས་འཕྱུར་ཐུབ་པ་བྱུང་ཡོད། ཕྱི་ཉིན་དིལླིར་ཕྱིར་ཕེབས་གནང་སྟེ་དིལླིར་བཞུགས་ཞག་གནང༌།

ཕྱི་ཚེས་ ༡༢ ཉིན་དིལླི་ནས་ནཱག་པུར་དུ་ཕེབས་ཐོན་གནང་ཞིང༌། ཕྱི་ཚེས་ ༡༣ ཉིན་མགྲོན་འབོད་ལྟར་རྒྱ་གར་རྒྱལ་དོན་དང་བླང་ཞབས་ཞུའི་ཚོགས་སྡེའི་ RSS ལོ་འཁོར་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང༌། དེ་གར་འདུ་འཛོམས་བྱུང་བའི་ས་གནས་ཀྱི་དཔོན་རིགས་དང༌། ཚོགས་པའི་གཙོ་འཛིན། སྐུ་མགྲོན། མི་མང་བཅས་མི་གྲངས་སུམ་ཁྲི་བརྒལ་བར་འཚམས་འདྲི་དང་འབྲེལ་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་བྲམ་ཟེ་དང་དགེ་སྦྱོང་གི་ཆོས་ལུགས་གཉིས་དང་འབྲེལ་བའི་རིག་གཞུང་དང་ལྟ་གྲུབ་རྣམ་གྲངས་མང་པོ་བྱུང་བ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཡར་རྒྱས་ཇི་བྱུང་གི་གནས་ཚུལ་དང༌། ད་ལྟའི་ཆར་འཛམ་གླིང་འདིར་ཆོས་ལུགས་རིས་མེད་བར་ཕན་ཚུན་མཐུན་ལམ་དག་སྣང་གཙང་མའི་སྒོ་ནས་སྐྱེ་རྒུའི་བདེ་དོན་བསྒྲུབ་དགོས་པའི་སྐོར་གསུང་བཤད་མདོར་བསྡུས་གནང་བར་ཚོགས་འདུས་ཡོངས་ནས་དགའ་བསུ་ཆེན་པོ་ཞུས་པ་དང་འབྲེལ་བོད་དང་བོད་མིའི་དྲང་བདེན་འཐབ་རྩོད་ཐོག་བཅོས་མིན་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པ་རེད།

རྒྱ་གར་རྒྱལ་དོན་དང་བླང་ཞབས་ཞུའི་ཚོགས་སྡེའི་ཚོགས་གཙོ་ཀེ་ཨེས་སུ་རྡར་ཤན་མཆོག་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཤུགས་ཆེ་ཞིག་གནང་ཡོད་པ་རེད། ཁོང་ནས་གསུང་དོན། དེ་རིང་མཛད་སྒོ་འདིར་བཙན་བྱོལ་བོད་གཞུང་གི་སྲིད་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཐུབ་པ་ནི་ང་ཚོས་སྐལ་བ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཕྱི་ལོ་ ༡༩༦༠ ལོར་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་མང་གཙོའི་ལམ་སྲོལ་བཟང་པོར་བསྒྱུར་རྒྱུའི་ཕྱག་ལེན་དབུ་འཛུགས་གནང་སྟེ་འགྱུར་མེད་མདུན་བསྐྱོད་གནང་བ་མ་ཟད། སྔ་ལོ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དབུ་ཁྲིད་བཙན་བྱོལ་དུ་གནས་འཁོད་བོད་རྒྱ་ཆེའི་མང་ཚོགས་ནས་ཐད་ཀར་འོས་འདེམས་དགོས་པའི་རང་དབང་ཆེད་སྩལ་གནང་སྟེ་མང་གཙོའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོ་གནང་མཛད། མང་གཙོའི་བསྒྱུར་བཅོས་ཀྱི་འབྲས་བུར་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོར་འདེམས་ཐོན་བྱུང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཙན་བྱོལ་བོད་མིའི་འོས་འཕེན་རྩ་འབོར་གྱི་བརྒྱ་ཆ་ ༨༤ ལྷག་ཙམ་ཐོབ་སྟེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའམ། སྲིད་བློན་དུ་བསྐོ་གཞག་བྱུང་ཡོད། སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་གི་གསུང་བཤད་ནང་བྲམ་ཟེ་དང༌། དགེ་སྦྱོང་གི་ཆོས་དང་རིག་གཞུང་གི་འབྲེལ་བ་ནི་ཆུ་མོ་གངྒཱ་དང༌། ཡ་མུ་ནཱ་ལྟ་བུའི་ཆུ་རྒྱུན་ལྟར་སྐབས་རེ་མཉམ་དུ་རྒྱུགས་པ་དང༌། སྐབས་རེ་གཅིག་ཏུ་འདྲེས་ཏེ་རྒྱུགས་པ་བཅས་ཀྱི་ནུས་ཤུགས་ནི་རྒྱ་གར་གྱི་ཡང་དག་པའི་ལྟ་གྲུབ་རྣམས་སྲུང་སྐྱོབ་བྱེད་པའི་གཙོ་བོའི་ཆ་རྐྱེན་དུ་གྱུར་ཡོད་ཅེས་དོན་སྙིང་རླབས་ཆེན་ལྡན་པའི་བཀའ་སློབ་གནང་བ་ནི་དངོས་བདེན་ཡིན། སྐུ་ཉིད་ནས་དོན་དམ་བདེན་པ་ནི་བསམ་གྱིས་མི་ཁྱབ་པ་དང༌། མཉམ་པ་ཉིད། བརྗོད་དུ་མེད་པ་བཅས་ཡིན་ཞེས་བཀའ་གནང་ཡོད། ང་ཚོས་བདེན་པ་ཞེས་པར་འགྲེལ་བརྗོད་བྱེད་སྐབས་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་འདི་ནི་རང་བཞིན་ཆོས་ཉིད་དང༌། ལྡོག་ཏུ་མེད་པ་ཞིག་ཡིན་པར་ངོས་འཛིན་གྱི་རྨང་གཞིར་བཟུང་ནས་རྒྱ་གར་གྱི་སྔོན་བྱོན་པཎ་གྲུབ་ཚོས་བདེན་པའི་ངོ་བོ་གཅིག་ཡིན་ཞེས་གསུངས་པ་ནི་གནད་དོན་འདི་ངོས་ལེན་ཞུ་གི་ཡོད་པ་རེད། མཁས་པ་རྣམས་ཀྱིས་དོན་དམ་བདེན་པར་འགྲེལ་བཤད་སྣ་ཚོགས་བྱེད་ཀྱི་ཡོད། ང་ཚོའི་མེས་པོ་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཐར་ཐུག་གི་བདེན་པ་འཚོལ་བའི་ཐབས་ལམ་དུ་མ་ཡོད་པ་དང༌། དེ་དག་ཚང་མ་གཅིག་གྱུར་གྱིས་ཚད་གྲུབ་ཡིན་པའང་གསུངས་ཡོད། མགོན་པོ་སྭམི་ཝཱིཝེ་ཀ་ནནྡས་ཕྱི་ལོ་ ༡༨༩༣ ལོར་ཤི་ཁ་གོར་ཚོགས་པའི་འཛམ་གླིང་ཆོས་ལུགས་གྲོས་ཚོགས་ཐོག་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་ཡིན་པའི་དཔྱད་གླེང་གནང་སྟེ། “ཆུ་བོ་རྣམས་བརྒྱུད་ལམ་ཀྱག་ཀྱོག་སྣ་ཚོགས་འགྲིམས་ཏེ་མཐའ་མ་རྒྱ་མཚོ་ཆེན་པོའི་ནང་བབས་ཀྱི་ཡོད་པ་བཞིན། སྐྱེ་བོའི་མོས་པ་སྣ་ཚོགས་ཡོད་པར་བརྟེན་ནས་རང་གི་བགྲོད་ལམ་ཡང་འདྲ་མིན་བརྒྱུད་ནས་བསྐྱོད་ཀྱང༌། མཐར་ཐུག་ལྟ་བ་གཅིག་ཏུ་གྱུར་པ་མགོན་པོ་ཉིད་མཐར་ཐུག་པའི་ལྟ་བ་ཡིན། ” ཞེས་གསུངས་ཡོད།

རྒྱ་གར་ནས་ལྟ་གྲུབ་འདི་འདྲ་བཟུང་བར་བརྟེན་ནས་ང་ཚོའི་ལོ་རྒྱུས་ནང་ཆོས་ལུགས་ཕན་ཚུན་བར་འཚེ་བའི་འཐབ་རྩོད་རིགས་མི་བྱེད་པར། རྣམ་དཔྱོད་དང༌། རིག་པའི་གཞུང་ལུགས་ཀྱི་ཐོག་ནས་གྲོས་བསྡུར་དང༌། བགྲོ་གླེང་སོགས་བྱས་ཏེ་འདེམས་ཁ་བྱེད་སྲོལ་ཡོད། རྒྱ་གར་ནང་ཅར་ཝཱཀ་ཞེས་པའི་དངོས་གཙོ་སྨྲ་བའི་པཎ་གྲུབ་དུ་མ་ཐོན་ཡོད་པ་དང༌། ཁོང་རྣམས་ཀྱི་རིག་པའི་གཞུང་ལུགས་ནི༌། “རང་ཉིད་འཚོ་བའི་རིང་དངུལ་གཡར་ནས་མར་ཁུ་འཐུང་བ་སོགས་ཐབས་ཤེས་གང་རུང་གིས་བདེ་སྐྱིད་མ་བསྐྲུན་ན། རང་གི་ཕུང་པོ་མེར་སྲེག་བཏང་བའི་རྗེས་འཇིག་རྟེན་འདིར་སླར་བསྐྱར་ལོག་རྒྱག་རྒྱུ་མེད། ” ཅེས་གསུངས་ཡོད། ང་ཚོའི་སེམས་གཙོ་སྨྲ་བའི་རིག་པའི་གཞུང་ལུགས་པ་རྣམས་ཀྱིས་ཁོང་གི་བཞེད་སྲོལ་འདི་ངོས་ལེན་བྱེད་ཀྱི་མེད། འོན་ཀྱང་ཁོང་ལ་མཁས་པའི་གནས་བབ་ཕུལ་ཡོད། དེ་བཞིན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལའང་རྒྱ་གར་རྒྱལ་ཁབ་ནང་ཁྱབ་འཇུག་གི་རྣམ་སྤྲུལ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

བོད་དང་རྒྱ་གར་གཉིས་བར་ལོ་ངོ་སྟོང་ཕྲག་མང་པོའི་རིང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་བྱུང་ཡོད་པ་མ་ཟད། བོད་ལ་སུམ་རྩེན་གྱི་ཞིང་ཞེས་འབོད་ནས་ལྷ་ཡུལ་དང་ཁྱད་དུ་འཕགས་པར་གུས་བརྩི་དང༌། དག་པའི་ཞིང་ཁམས་སུ་ངོས་འཛིན་ཞུ་གི་ཡོད། ང་ཚོས་རྩ་ཆེར་བརྩི་བའི་གནས་ཆེན་གངས་རིན་པོ་ཆེ་དང༌། མ་ཕམ་གཡུ་མཚོ་གཉིས་བོད་ནང་ཡོད། སིན་དྷུ་དང༌། བྷར་མ་པུ་ཊར། གངྒ་བཅས་རྒྱ་གར་གྱི་ཆུ་བོ་རྩ་ཆེན་རྣམས་ཀྱི་ཆུ་འགོ་བོད་ནང་ཡོད་པ་མ་ཟད། དབང་ཕྱུག་དང༌། རྗེ་བཙུན་སྒྲོལ་མ། འཇམ་པའི་དབྱངས། མགོན་པོ་སོགས་ལ་འཕགས་བོད་དད་ལྡན་མི་རིགས་གཉིས་ཀས་ཕྱག་མཆོད་གསོལ་འདེབས་བྱེད་ཀྱི་ཡོད། རྒྱ་གར་གྱི་ལྷ་སྲས་དམ་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣལ་འབྱོར་བ་དང༌། གྲུབ་པ་ཐོབ་པ་དུ་མ་བོད་ནང་བྱུང་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་གདུལ་ཞིང་དུ་བཞེས་ནས་ནང་པའི་ཆོས་ཀྱི་རྨང་གཞི་བཙུགས་གནང་མཛད་ཡོད། འོན་ཀྱང་བོད་འདི་ང་ཚོ་རྒྱ་གར་བ་ཚང་མའི་སེམས་ནང་རྩ་ཆེར་ཡོད་པར་མ་ལྟོས་པར། ད་ལྟའི་དངོས་ཡོད་གནས་སྟངས་ཐོག་ང་ཚོ་དང་རྒྱང་ཐག་རིང་པོར་གནས་ཡོད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་ང་ཚོ་སྔོན་མ་ལྟར་བོད་ནང་རང་དབང་ངང་བསྐྱོད་ཆོག་པ་དང༌། དབང་ཕྱུག་གི་གནས་ཆེན་མཇལ་ཆོག་གི་མེད།

རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུས་རྣམ་དཔྱོད་ཀྱིས་ཕོངས་པའི་གུ་ཡངས་རིང་ལུགས་པའི་རྗེས་སུ་འབྲངས་ནས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ལ་བོད་ཐོག་མིང་ཙམ་གྱི་དབང་བསྒྱུར་ཡོད་པའི་ངོས་ལེན་བྱས་ཡོད་པ་དེ་ནི་སོཝ་ཏན་ཏར་བིར་ས་ཝར་ཀར་ནས་ཡང་དག་པའི་རྒྱ་གར་གྱི་བཟང་སྤྱོད་རིན་ཐང་ལྟ་བ་ལས་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན་པར་མཛུབ་སྟོན་གནང་ཡོད། དུས་དེ་ནས་བཟུང་ལོ་ངོ་ ༥༢ རིང་བོད་མི་ཚོས་རྒྱའི་དབང་བསྒྱུར་འོག་མུ་མཐའ་མེད་པའི་སྡུག་བསྔལ་ཆེན་པོ་མྱངས་དགོས་བྱུང་ཡོད། རྒྱ་གར་རང་ཉིད་ལ་མཚོན་ན། ལ་དྭགས་དང༌། ཨ་རུ་ཅལ་གྱི་ས་ཁུལ་རྒྱ་ཆེ་ཞིག་རྒྱ་གཞུང་གིས་ཧམ་བཟོས་བྱས་རྗེས་གཞི་ནས་སྲིད་བློན་ནེཧ་རུར་བོད་རྒྱ་ཁོངས་སུ་ངོས་ལེན་བྱས་པ་དེ་དག་ནོར་འཁྲུལ་ཆེན་པོ་ཡིན་པར་ངོ་འཕྲོད་བྱུང་ཡོད། སྐབས་དེར་སྲིད་བློན་ཉིད་ཀྱང་བློ་ཕམ་ཚད་མེད་བྱུང་སྟེ་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གསུང་བཤད་གནང་སྐབས། རྒྱ་གཞུང་ནས་བདེན་པ་རྫུན་མ་དང༌། རྫུན་མ་བདེན་པ་བཟོ་ཐབས་བྱེད་པའི་བྱ་སྤྱོད་ལ་ང་རང་ཧང་སང་བ་དང༌། རྒྱ་གཞུང་གིས་བཤད་པའི་གནས་ཚུལ་ལས་གཞན་པའི་གཞི་རྩ་འཇོག་ཡུལ་མེད་པ་ཞིག་གཏན་ནས་མིན། འདས་པའི་ལོ་སྟོང་ཕྲག་ནང་ཁོ་པ་ཚོས་བདག་ཏུ་བཟུང་མྱོང་མེད་པའི་ས་ཁུལ་ཞིག་ཁོ་པ་ཚོས་བཙན་བཟུང་བྱས་པ་མ་ཟད། ང་ཚོས་རྒྱ་ནག་གི་མངའ་ཁུལ་ནང་ཕར་རྒོལ་བྱེད་ཀྱི་འདུག་ཅེས་མི་གཅིག་ཁ་གཉིས་ཀྱི་སྐད་ཆ་དེ་དག་ང་ལྟ་བུའི་བློ་ཆུང་གི་བསམ་བློར་ཤོང་གི་མི་འདུག ང་ཚོས་རང་ཉིད་ལ་ཕར་རྒོལ་བྱེད་སྲིད་དམ། ང་ཚོས་ང་རང་ཚོའི་ས་ཆར་ཕར་རྒོལ་བྱེད་སྲིད་དམ་ཞེས་གསུངས་ཡོད་པ་རེད། ནེཧ་རུ་ནི་མི་བཟང་ངན་ཚོད་དཔག་བྱེད་ཐུབ་མཁན་ཞིག་མིན། ཁོང་ནས་རྒྱ་མི་དང༌། ཤེཀ་ཨབ་དུ་ལ་གཉིས་ཡིད་ཆཻས་བློས་འགེལ་བྱེད་ཡུལ་ཡིན་མིན་ཤེས་རྟོགས་མ་བྱུང་བར་བརྟེན་ཁོང་ཚོའི་མགོ་སྐོར་སླུ་བྲིད་འོག་ཚུད་པ་དང༌། དེས་རྒྱ་གར་རྒྱལ་ཁབ་ལ་གྱོང་གུན་ཕོག་ཡོད།

མི་ཁ་ཤས་ཀྱིས་རྒྱ་ནག་གིས་རྒྱ་གར་ལ་མགོ་སྐོར་བཏང་བ་རེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་སྐུ་ཞབས་པིཔིཤྲིགུ་རུ་ཇཱིས་རྒྱ་མིས་རྒྱ་གར་ལ་མགོ་སྐོར་བཏང་མེད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་ང་ཚོའི་རྒྱལ་ཁབ་ནང་བཙན་འཛུལ་བྱེད་རྒྱུ་མིན་པའི་ཁས་ལེན་བྱས་མེད། ཁོ་པ་ཚོས་ང་ཚོར་བཟང་ལན་ངན་འཇལ་བྱས་པ་ཡིན། ཕྱོགས་གཞན་ཞིག་ནས་བོད་ཀྱིས་ང་ཚོར་ཡིད་ཆེས་བློས་འགེལ་བྱས་ཡོད་ཀྱང༌། ང་ཚོས་བོད་བཙོངས་པ་རེད། དེར་བརྟེན་ང་ཚོས་སྡིག་པ་ཚབས་ཆེ་ཞིག་བསགས་པ་དེར་འགྱོད་བཤགས་ཇི་ལྟར་བྱ་དགོས་མིན་དཀོན་མཆོག་གིས་མཁྱེན་རྒྱུ་རེད་ཅེས་གསུངས་ཡོད། དེ་ནས་བཟུང་རྒྱ་ནག་གིས་བོད་ཐོག་དབང་བསྒྱུར་དམ་དུ་བཏང་བ་མ་ཟད། བོད་ཀྱི་གདོད་མའི་ཤིང་སྣ་གཅོད་འབྲེག་བྱས་ཏེ་རྒྱ་ནག་རྒྱལ་ནང་དང༌། རྒྱལ་སྤྱིའི་ཁྲོམ་རའི་ནང་ཚོང་བསྒྱུར་བྱས་པའི་མ་གནད་ཧིན་སྒོར་དུང་ཕྱུར་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཙམ་ཟིན་གྱི་ཡོད། ཤིང་ནགས་གཅོད་འབྲེག་ཤུགས་ཆེ་བྱས་པར་བརྟེན་བལ་ཡུལ་དང༌། བངྒལདེཤ རྒྱ་གར་བཅས་ཀྱི་ནང་ཆུ་ལོག་གི་གནོད་འཚེ་ཁྱབ་ཆེ་བྱུང་ཡོད། ལྷག་པར་ད་ཆ་རྒྱ་ནག་གཞུང་ནས་བོད་དང་རྒྱ་ནག་སྐམ་ས་ཆེན་པོའི་བར་རི་ལིའི་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང༌། ལྕགས་ལམ་འཛུགས་སྐྲུན་ཟིན་རྗེས་རྒྱ་ནག་གཞུང་ནས་རྒྱ་གར་གྱི་ས་མཚམས་སུ་དྲག་པོའི་གོ་མཚོན་དང༌། དཔུང་དམག་ཕོན་ཆེ་དཀའ་ངལ་མེད་པར་བཀོད་སྒྲིག་བྱེད་ཐུབ་རྒྱུ་ཡིན། དེ་བཞིན་བོད་དང་ས་འབྲེལ་འཕགས་བལ་ས་མཚམས་བར་ལོ་འཁོར་མོར་རྒྱུན་སྤྱོད་མོ་ཊའི་གཞུང་ལམ་བཟོས་ཟིན་པ་མ་ཟད། རྡུལ་ཕྲན་མཚོན་ཆའི་རྟེན་གཞི་བཙུགས་ཡོད། རྟེན་གཞི་དེ་དག་ནས་རྒྱ་གར་གྱི་གྲོང་ཁྱེར་གང་འདྲ་ཞིག་ཏུའང་མེ་འཕེན་ཐུབ་ངེས་ཡིན།

སྔ་ལོར་ད་ལྟ་ངས་གཏམ་བཤད་བྱེད་སའི་སྡིངས་ཆ་འདིའི་ཐོག་ནས་བསམ་འཆར་འདོན་མཁན་གཞན་ཁག་ནས་ཀྱང༌། རྒྱ་གར་གྱིས་རྒྱང་ཐག་སྤྱི་ལེ་སྟོང་ཕྲག་ ༡༠ ནས་ ༡༢ བར་འཕེན་གཏོང་ཐུབ་པའི་མེ་ཤུགས་འཕུར་མདེལ་མཁོ་བསྒྲུབ་བྱེད་དགོས་པ་མ་ཟད། རྡུལ་ཕྲན་མཚོན་ཆའི་ནུས་པ་རྒྱ་བསྐྱེད་གཏོང་དགོས་པའི་སྐོར་གསུང་མཁན་བྱུང་ཡོད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མཆོག་ནས། “གལ་ཏེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བོད་དང༌། བལ་ཡུལ། འབར་མ། ཤྲི་ལང་ཀ་བཅས་ཡིན་ན། ས་མཚམས་རེ་ལ་དམག་མི་བཅུ་གྲངས་རེ་བཞག་ན་འགྲིགས་པ་དང༌། འོན་ཀྱང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པཀིསིཏན་དང༌། རྒྱ་ནག་ཡིན་པར་བརྟེན་ས་མཚམས་སུ་དམག་དཔུང་རྒྱ་ཆེ་འཇོག་པ་དང༌། བདེ་སྲུང་ཐོག་ཧིན་སྒོར་དུང་ཕྱུར་མང་པོ་གཏོང་དགོས་ཀྱི་ཡོད། ད་དུང་སྲུང་སྐྱོབ་ཀྱི་ཉེན་ཁ་ནི་མུ་མཐུད་ནས་གནས་རྒྱུ་རེད། ” ཅེས་གསུངས་པ་དེ་ནི་རྒྱ་ནག་དང༌། པཀིསིཏན་གྱི་བསམ་བློ་གཏོང་ཕྱོགས་ཐད་ནས་དངོས་ཡོད་ཀྱི་གནས་ཚུལ་ལ་ཕྱོགས་བསྡོམས་ཡང་དག་པ་གནང་བ་ཞིག་ཡིན།

བཙན་བྱོལ་བོད་མིའི་བོད་གཞུང་འདི་ྋགོང་ས་ཏཱ་ལའི་བླ་མའི་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་མཆོག་ནས་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་སྤྱན་རྒྱང་རིང་ལ་ཐུགས་དཀྱེལ་ཆེའི་སྒོ་ནས་རྒྱ་གཞུང་གི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་གཏོང་ཐབས་གནང་གི་ཡོད། གང་ཉིད་ཀྱི་མཛད་བྱུས་དེ་ནི་སནཏ་ཨེཀ་ནཱཐའི་མཛད་ཕྱོགས་དང་མཚུངས་པ་ཡིན། ཉིན་ཞིག་སནཏ་ཨེཀ་ནཱཐ་གཙང་པོར་སྐུ་གཟུགས་བཀྲུ་བར་བསྐྱོད་ནས་ཕྱིར་ལོག་སྐབས་པ་ཋན་གྱི་མི་ཞིག་གིས་ཁང་པའི་ཐོག་ནས་ཁོང་ལ་ཐུ་ལུད་བརྒྱབས་པ་དང༌། སནཏ་ཨེཀ་ནཱཐ་ཡིས་དེར་གང་ཡང་མ་གསུངས་པར་སྐུ་གཟུགས་ཡང་བསྐྱར་བཀྲུ་བར་ཕེབས་ཡོད། ཚུར་ཕེབས་སྐབས་སླར་ཡང་མི་དེས་ཐུ་ལུད་བརྒྱབས་ཡོད། དེ་ལྟར་ལན་བརྒྱ་དང་བརྒྱད་བྱུང་བར་བརྟེན་ཁོང་ནས་སྐུ་གཟུགས་ཐེངས་བརྒྱ་དང་བརྒྱད་བཀྲུ་དགོས་པ་བྱུང་ཡོད། མཐར་པ་ཋན་གྱི་མི་དེ་ངོ་ཚ་སྐྱེས་ཏེ་སནཏ་ཨེཀ་ནཱཐ་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་ལམ་འདིའི་ཐོག་ཏུ་ཕེབས་ཀྱི་ཡོད། འོན་ཀྱང་ང་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ནི། སནཏ་ཨེཀ་ནཱ་ཐའི་གནས་ཚུལ་བྱུང་རྐྱེན་ལ་བལྟས་ཚེ། པ་ཋན་གྱིས་ཁོང་ལ་ཐུ་ལུད་རྒྱག་སྐབས་གཡས་གཡོན་གྱི་མི་རྣམས་ནས་ཐེ་བྱུས་མ་བྱས་པར་ཁ་བཙུམས་ཏེ་བསྡད་པ་དེས་ཉེས་ཅན་པ་དེར་སྐུལ་འདེད་གཏོང་གི་ཡོད་པ་རེད། བོད་ལྟ་བུའི་འཚེ་བ་སྤངས་པའི་རྒྱལ་ཁབ་ཅིག་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་ཚབས་ཆེའི་བྱ་སྤྱོད་ཡོང་བའི་སྐབས་འདིར་འཛམ་གླིང་རྒྱལ་ཁབ་ཁག་གིས་འགན་ཁུར་མི་བྱེད་པའི་ཐབས་སྡུག་གི་བྱ་སྤྱོད་འདི་གང་འདྲ་ཞིག་ཡིན་ནམ། རྒྱ་གར་ནས་ཀྱང་དེ་ལྟར་རང་གི་འོས་འགན་ཆེན་པོ་ཞིག་ནས་ཕྱི་བཤིག་བརྒྱབས་ཟིན་ཡོད། ནེཧ་རུས་ཕྱི་ལོ་ ༡༩༦༤ ཟླ་ ༥ ཚེས་ ༢༤ ཉིན་སློབ་དཔོན་གཱོ་པལ་སིང་ལ་ཕྱག་བྲིས་ཐ་མ་གནང་བའི་ནང་འཁོད་དོན། ད་ལྟའི་གནས་སྟངས་འོག་ང་ཚོས་བོད་ཀྱི་ཐོག་ག་རེ་བྱེད་དགོས་མིན་གསལ་པོ་ཤེས་ཀྱི་མི་འདུག མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་སྐོར་གྲོས་ཆོད་འཇོག་རྒྱུར་རྔོ་ཐོགས་པའི་ཕན་ཐོགས་ཡོང་རྒྱུ་ཁག་པོ་ཡིན། གང་ཡིན་ཞེ་ན། རྒྱ་ནག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་མིན། བོད་ནང་ཐབས་སྐྱོའི་གནས་ཚུལ་བྱུང་བར་ང་ཚོས་འགན་ཁུར་བྱེད་ཐུབ་མེད། ང་ཚོར་འདི་ཐད་དོན་ཕན་ལྡན་པའི་ནུས་པ་མེད་པས་ཡིན་ཞེས་གསུངས་ཡོད། རྒྱལ་ཁབ་གཞན་དག་གིས་ཀྱང་བར་གནས་ཀྱི་ལངས་ཕྱོགས་བཟུང་ནས་འཐུས་པར་བྱས་ཡོད། གནས་སྟངས་འདི་འདྲ་ཞིག་གི་འོག་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆོས་ལུགས་པའི་བསམ་བློའི་འདུ་ཤེས་དང༌། ཐབས་ལམ་ལ་བརྟེན་ནས་བོད་རང་དབང་རྩོད་ལེན་གྱི་ལམ་བུ་ཞིག་སྤྱོད་རྒྱུ་ལས་གཞན་གྱི་གདམ་ག་མེད་པར་གྱུར་པ་རེད། རྒྱ་ནག་གཞུང་ནས་གདུག་རྩུབ་ཆེ་ལ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་རིམ་པ་སྤེལ་ཡང་ཁོང་ནས་ཐུགས་ཞུམ་སྤུ་ཙམ་མེད་ཁར། འདི་ལོའི་གསུམ་དུས་གསུང་འཕྲིན་ནང་ཁོང་གི་དགོངས་ཚུལ་གསལ་སྟོན་གནང་བར། “ངོས་ནས་ལན་མང་བརྗོད་ཟིན་པ་ལྟར་རང་བཙན་གཙང་མ་རྩོད་ཀྱི་མེད། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་ཞེས་བརྗོད་ཀྱི་ཡོད། དེ་ཡང་བོད་མི་མང་ལ་རང་ཉིད་གོང་འཕེལ་ཡོང་བའི་ཆེད་དུ་རང་གི་སྤྱི་ཚོགས་དཔལ་ཡོན་དང༌། ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག འཚོ་བའི་གོམས་སྲོལ་བཅས་སྲུང་སྐྱོང་བྱེད་ཆོག་པ་ཞིག་དགོས་རྒྱུ་དེ་ཡིན། དེ་ལྟར་ཡོང་བ་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནི། བོད་མི་མང་ལ་ནང་གི་རང་སྲིད་རང་སྐྱོང་བྱེད་ཆོག་པ་དང༌། རང་དབང་གི་སྒོ་ནས་རང་གི་སྤྱི་ཚོགས་དང༌། དཔལ་འབྱོར། རིག་གཞུང་བཅས་ཡར་རྒྱས་གོང་འཕེལ་བྱེད་ཆོག་པའི་ཐོབ་ཐང་ངེས་པར་དགོས་པ་ཡིན། ” ཞེས་གསུངས་ཡོད་པ་རེད། རྒྱ་ནག་གི་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་ཁག་གིས་རྒྱ་གཞུང་ནས་རང་སྲིད་རང་སྐྱོང་གི་དགོས་འདུན་ལ་ངོས་ལེན་བྱེད་རྒྱུ་ཡིན་པ་ཡིད་ཆེས་བྱེད་མི་ཐུབ་ཀྱང༌། རྒྱ་ནག་གཞུང་ནས་ཉེ་དུས་བརྗོད་པ་ལྟར་གལ་ཏེ་རྒྱ་ནག་གཞུང་ནས་དོན་དམ་གྱི་ཞི་བདེ་དོན་གཉེར་བྱེད་ཀྱི་ཡོད་ན། ྋགོང་ས་ཏཱ་ལའི་བླ་མར་རྒྱ་ནག་ཁ་བྲལ་གྱི་འགོ་པ་དང༌། བྲན་གཡོག་དབང་བསྒྱུར་གྱི་བྱེད་གཏེ། ནང་བསྟན་ཆོས་ལུགས་ལ་འགོག་རྐྱེན་བཟོ་མཁན་འགོ་ཁྲིད་སོགས་ཀྱི་མིང་འདོགས་སྣ་ཚོགས་བཏགས་ནས་ཉེས་འཛུགས་ཞུ་རྒྱུ་ལས་ལྡོག་སྟེ། ཁོང་གི་འབད་བརྩོན་གསར་པར་དགའ་བསུ་ཞུས་ཏེ་ལྷག་བསམ་རྣམ་དག་མཚོན་པར་བྱེད་དགོས་པ་དང༌། དེ་བཞིན་བོད་རྒྱ་གཉིས་བར་འདྲ་མཉམ་གཉིས་མོས་ཀྱི་གྲོས་མཐུན་བཞག་པ་བརྒྱུད་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གནས་ཆོག་ཀྱང༌། བོད་ཀྱི་སྤྱི་ཚོགས་དང༌། དཔལ་འབྱོར། རིག་གཞུང་བཅས་ཀྱི་ལས་དོན་འཛིན་སྐྱོང་བྱེད་པའི་རང་དབང་དགོས་ངེས་བོད་མི་ཚོར་སྤྲོད་དགོས་པ་དང༌། བོད་མིའི་གནའ་བོའི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་དགོས་ངེས་ཡིན།

ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང༌། རྒྱ་གཞུང་བར་ཞི་མོལ་ཡོང་ཐབས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་ཆེད་དུ་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་འདས་པའི་ཉིན་བཅུ་གྲངས་གོང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང༌། བོད་མི་ཚོར་རྒྱ་ནག་གི་སྲིད་འཛིན་ཨ་རིར་འཚམས་འདྲིར་ཕེབས་སྐབས་ངོ་རྒོལ་སྐད་འབོད་སོགས་མི་ཡོང་བའི་འབོད་སྐུལ་གནང་ཡོད། འཚེ་མེད་ཞི་བའི་བསྟི་གནས་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་བསྐྲུན་རྒྱུ་ནི་སྤྱི་ཚོགས་དཔལ་ཡོན་ལྡན་པའི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། འདིའི་ཐོག་འཛམ་གླིང་ཡོངས་ཀྱི་བསམ་ཚུལ་སྤུང་རྒྱུར་ྋགོང་ས་ཏཱ་ལའི་བླ་མའི་འཚེ་མེད་ཞི་བའི་ཐབས་ལམ་གྱིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅིང༌། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ༤༣ གྱིས་གལ་ཏེ་ད་ལྟའི་རྒྱ་གཞུང་གི་རྣམ་འགྱུར་ལ་འགྱུར་བ་མེད་པར་མུ་མཐུད་གནས་པ་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ངོས་ལེན་མ་ཞུས་ན། གང་ཉིད་ནས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་འདི་བོད་རྒྱལ་ཁབ་ཀྱི་གཞུང་ངོ་མར་ཨ་རིའི་གཞུང་ནས་ངོས་འཛིན་ཞུ་དགོས་པའི་གྲོས་འཆར་བཏོན་ཡོད་པ་དང༌། ལོ་ཤས་གོང་ཡོ་རོབ་གྲོས་ཚོགས་ནས་ཀྱང་དེ་མཚུངས་གྲོས་ཆོད་བཞག་སྟེ་ཚོགས་འཐུས་རྒྱལ་ཁབ་སྲིད་གཞུང་ཁག་ལ་སྐུལ་འདེད་གནང་བཞིན་ཡོད། ང་ཚོ་རྒྱ་གར་ནས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་སྐུལ་སློང་བྱས་ཏེ་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་སྔར་བས་གནོན་ཤུགས་སྤྲོད་རྒྱུའི་དུས་སྐབས་བཟང་པོ་ཞིག་ཏུ་སླེབས་ཡོད། དེ་མིན་ང་ཚོའི་སྲིད་བློན་ཨ་ཊལ་བྷི་ཧ་རི་བ་ཇི་བྷ་ཡེ་ནས་ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་གལ་ཏེ་ད་ལྟ་བོད་ཀྱི་ཐོག་རང་རེས་ཁ་ཁུ་སིམ་པོར་བསྡད་ན། རང་རེས་བོད་ཙམ་མ་ཡིན་པར། ང་རང་ཚོ་རང་ཉིད་ལ་དྲང་བདེན་མིན་པའི་དྲིན་ཆུང་གི་བྱ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་ནང་བཞིན་ཆགས་རྒྱུ་ཡིན།

རྒྱ་ནག་གིས་ཤེས་དགོས་པའི་གནས་ཚུལ་གཞན་ཞིག་ཡོད་པ་དེ་ནི། རྒྱ་ནག་དང༌། རྒྱ་གར་གཉིས་བསྡོམས་ན་འཛམ་གླིང་མི་འབོར་གྱི་གྲངས་འབོར་སུམ་ཆ་གཅིག་ཟིན་གྱི་ཡོད་པ་མ་ཟད། འཛམ་གླིང་ནང་གི་སྤྱི་ཚོགས་དཔལ་ཡོན་རྙིང་ཤོས་གཉིས་མཚོན་གྱི་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་གདོང་ཐུག་དང༌། འགྲན་བསྡུར་གྱི་ལངས་ཕྱོགས་སྤངས་ཏེ་མཐུན་འབྲེལ་དང༌། འགྲིགས་ཐབས་བཅས་ཀྱི་ལམ་དུ་བསྐྱོད་པ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིག་གཞུང་ལས་ཁྱད་དུ་འཕགས་པའི་ཤར་ཕྱོགས་རྒྱལ་ཁབ་ཀྱི་རིག་གཞུང་རྨང་གཞིར་བྱས་པའི་འཛམ་གླིང་ཁྱོན་ཡོངས་སུ་འགོ་ཁྲིད་བྱེད་ཐུབ་ངེས་ཡིན། འོན་ཀྱང་འདི་ལྟར་ཡོང་བ་བྱེད་པ་ལ། རྒྱ་གར་གྱི་ས་ཁུལ་བཙན་བཟུང་བྱས་པ་རྣམས་ཕྱིར་སློག་དང༌། བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ངེས་པར་སྤྲོད་དགོས་རྒྱུ་ནི་གཞི་རྩའི་གནད་དོན་དུ་གྱུར་ཡོད་པ་རེད། རྒྱ་གཞུང་ནས་འདི་ཐད་ལམ་ཕྱོགས་མི་འཛོལ་བ་ཞིག་བྱེད་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག ལས་འགུལ་ཚོགས་པ་འདི་སྤྱིར་རྒྱ་གར་གྱི་ཧིན་དུ་མི་རིགས་ཀྱི་རིང་ལུགས་པའི་ལྟ་བ་འཛིན་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་མཁན་ཡོད་ཀྱང༌། དེང་སྐབས་རྒྱ་གར་རྒྱལ་ཡོངས་ནང་ཆབ་སྲིད་ཐད་ཤུགས་རྐྱེན་ཆེ་བའི་རྩ་འཛུགས་ཆེ་ཞིང༌། སྒྲིག་འཛུགས་སྲ་བརྟན་དང༌། བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་བྱེད་མཁན་སྒྲིག་འཛུགས་གལ་ཆེ་ཞིག་ཡིན། །