རང་བཞིན་བརྗོད་པའི་རྟོགས་བརྗོད་པདྨ་དཀར་པོ།

འཇམ་གཅེས་སམ་པིར་མིང་ལྷ་རྒོད།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །
གསུམ་ལྡན་ངུར་སྨིག་འཛིན་པའི་རྣམ་རོལ་ཏེ། །
བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་མཆོག་གྱུར་བ། །
ཟམ་གདོང་བློ་བཟང་བསྟན་འཛིན་གུས་པས་འདུད། །

འཆད་པའི་ཚེ་ན་ཀླུ་ཐོག་དབྱིགས་གཉེན་དང་། །
རྩོད་པའི་ཚེ་ན་ཟླ་གྲགས་ཕྱོགས་ཀྱི་གླང་། །
རྩོམ་པའི་ཚེ་ན་སློབ་དཔོན་དཔའ་བོ་སོགས། །
འགྲན་མཛད་ཁྱེད་ཀྱི་རྟོགས་བརྗོད་བདག་གིས་འབྲི། །
ཁྱེད་ཀྱིས་ཕྱི་ནང་རིག་པའི་གཞུང་ལུགས་ཀུན། །
སྤྱན་གཤེར་ཙམ་གྱི་ཐུགས་ལ་མངའ་ཚུལ་ནི། །
དམ་པའི་རང་རྟགས་མངོན་སུམ་སྟོན་པ་ལས། །
ཚུར་རོལ་མཐོང་བའི་རྟོག་བློའི་ཡུལ་ལས་འདས། །
ལེགས་ཚོགས་ཀུན་གྱི་རྩ་བ་དགེ་བའི་བཤེས། །
མཉེས་པ་གསུམ་གྱི་ལམ་ནས་བསྟེན་དགོས་ཞེས། །
མདོ་རྒྱུད་ཀུན་ལས་ཡང་ཡང་གསལ་བའི་དོན། །
ཆ་ཤས་ཙམ་ལའང་སྲོག་ལས་གཅེས་པར་མཛད། །
གནས་མལ་འཚོ་གོས་ངན་ངོན་ལ་བརྟེན་ནས། །
རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །
རྣམ་ཐར་ཟབ་མོ་སྐྱོང་བའི་སྙིང་སྟོབས་དང་། །
འདོད་ཆུང་ཆོག་ཤེས་ཉམས་ལེན་ཨེ་མ་རྨད། །
ཁྱད་པར་འཕགས་མཆོག་གངས་ཅན་མགོན་པོ་ཡི། །
རང་རིགས་བདེ་སྡུག་ཕྲག་ཏུ་བཞེས་པའི་དུས། །
ངོ་ལྐོག་རྒྱབ་མདུན་ཁ་ཁོག་དབྱེར་མེད་ངང་། །
ལྷག་བསམ་བ་དན་དཀར་པོ་མཁའ་རུ་བསྒྲེངས། །
སྙིགས་ལྔའི་རྒུད་ཚོགས་རྒྱ་མཚོའི་རླབས་རིས་བཞིན། །
རྒྱུན་མི་ཆད་པའི་དུས་ཀྱི་ཁུག་སོ་རུ། །
རང་རིགས་ས་སྟེང་ཆགས་འཇིགས་ཉེ་དུས་སུ། །
རང་དོན་དོར་ནས་གཞན་དོན་འབའ་ཞིག་བརྩོན། །
ཁྱེད་ཀྱི་མཁྱེན་རབ་ཕུལ་བྱུང་རྣམ་དཔྱོད་ལ། །
ཡིད་རབ་མི་འཕྲོག་གཟུར་གནས་ཡོད་མ་ཡིན། །
འོན་ཀྱང་ལིང་ཏོག་དྲི་མས་རབ་སྦགས་པའི། །
མཁྲེགས་འཛིན་མཁན་པོ་རེ་འགས་འོ་དོད་འབོད། །
ཧ་ཅང་གཞོན་ནུའི་དུས་ནས་ད་ལྟའི་བར། །
སྤྱི་མཐུན་ངན་འབྲས་ཁུར་ཙ་ལྕི་མོ་ནི། །
ཁྱེད་ཀྱི་མཇིང་པའི་སྒང་ནས་མ་བྲལ་མོད། །
ད་དུང་དྲིན་དུ་མི་གོ་བླུན་པོ་སྐྱོ། །
བཟོད་པ་དཀའ་བའི་མྱ་ངམ་ཐང་ཆེན་དུ། །
ལྷུང་བའི་ཤ་རུས་གཅིག་པའི་གདོང་དམར་བ། །
སྐྱོབ་ཕྱིར་བརྩོན་འགྲུས་རྟ་ཕོ་ལ་བཞོན་ཏེ། །
ལུགས་གཉིས་བདེ་སྐྱིད་སྣང་བའི་དཔལ་ཡོན་བསྩལ། །
བགྲང་བྱ་དུ་མའི་རིང་དུ་བཙན་བྱོལ་བའི། །
མགོན་མེད་སློབ་བུ་འཁྲི་ཕྲག་མང་པོ་ལ། །
རྨོངས་མུན་སེལ་ཕྱིར་ཕྱི་ནང་རིག་གནས་ཀྱི། །
ཤེས་རིག་སྒྲོན་མེའི་མེ་ལྕེ་ཁྱེད་ཀྱིས་སྦར། །
གྲོས་ཚོགས་བཅའ་ཁྲིམས་དག་ཐེར་གནང་དང་ལྷན། །
གཡོ་སྒྱུའི་ལས་སུ་གོམས་པའི་སྐྱེ་བོ་དག །
རེ་རེ་བཞིན་དུ་ནག་ཉེས་ཐེར་སྟོན་གནང་། །
གཟུར་གནས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར། །
རིགས་ཀྱི་ཚེ་སྲོག་བརྡ་སྤྲོད་ཕྱི་མོའི་གཞུང་། །
ཡབ་མེས་ཚེ་སྲོག་བྱིན་ནས་ཉོས་པ་ཀུན། །
བྱུང་རབས་ལོ་རྒྱུས་ཙམ་དུ་འགྱུར་ཉེའི་དུས། །
འགྲོ་བའི་མིག་ཟུང་ཤེས་ཡོན་སྲིད་ཇུས་སྤེལ། །
དཀའ་ཚེགས་ཅན་གྱི་རྒྱ་བོད་མཐུན་སྒྲིལ་ཕྱིར། །
སྔ་ཕྱིར་འབྲེལ་མོལ་བཅུ་ཕྲག་མཐུད་དང་ལྷན། །
རྣམ་དཔྱོད་གཞུ་མོ་ཐབས་ཀྱི་དཔུང་པས་བཀུག །
བདེན་པའི་མདའ་མོ་དགྲ་་སྙིང་དུ་བསྣུན། །
ཆོས་ཁྲིར་བཞུགས་ནས་དམ་ཆོས་འཆད་པའི་ཚེ། །
སྨྲ་བའི་དབང་ཕྱུག་མགྲིན་པར་འཕོས་དང་མཚུངས། །
སྲིད་ཁྲིར་བཞུགས་ནས་སྲིད་དོན་སྤེལ་བའི་ཚེ། །
སྲོང་བཙན་སྒམ་པོ་སླར་ཡང་ཕེབས་དང་མཚུངས། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
ས་ལ་གནས་པའི་སེམས་དཔས་གཞལ་དཀའ་ན། །
བདག་འདྲས་འདི་ཡིན་ཚད་ཐིག་མི་འོས་མོད། །
འཁྲུངས་སྐར་ཉིན་མོར་མཆོད་པའི་མེ་ཏོག་ཡིན། །
བྱས་པ་ཅན་ལ་དྲིན་དུ་མ་གོ་ན། །
སྒོ་ཁའི་ཁྱི་རྒན་ལས་ཀྱང་སྡུག་པ་དང་། །
ལས་འབྲས་གཙུག་ཏུ་བཀུར་མཁན་མི་རིགས་ཀྱི། །
རིན་ཐང་ཆུ་ནང་གཡུགས་དང་གཉིས་མེད་མཐོང་། །
བརྡ་དག་སྡེབ་སྦྱོར་སྙན་ཚིག་དབེན་པ་ཡི། །
རང་བཞིན་བརྗོད་པའི་རྟོག་བརྗོད་པད་དཀར་འདི། །
མི་ཕྱེད་དང་བའི་ཡིད་ཀྱིས་རབ་བསྐུལ་ནས། །
ཁྱེད་ཀྱི་འཁྲུངས་སྐར་བསུ་བའི་མཆོད་ཡོན་ཡིན། །
མདོར་ན་བསྟན་དང་འགྲོ་བའི་བྱེད་པོ་རུ། །
ཞབས་པད་རྡོ་རྗེའི་ཁམས་སུ་རབ་བརྟན་ནས། །
བླ་མ་སྤྱན་རས་གཟིགས་ཀྱི་ཕོ་ཉ་རུ། །
སྔར་བཞིན་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ། །
ཅེས་པ་འདི་ནི་སྙིགས་ལྔའི་ངན་རྒུ་མ་ཚང་བ་མེད་པར་ཆར་རྗེས་ཤ་མོ་བཞིན་བརྡོལ་བའི་དུས་འདིར་བོད་བསྟན་སྲིད་མི་རིགས་སྤྱི་ལ་བཀའ་དྲིན་གཞལ་དཀའ་བའི་དེང་རབས་ཀྱི་པཎྜི་ཏ་ཆེན་པོ་བཀའ་དྲིན་གསུམ་ལྡན་གྱི་སློབ་དཔོན་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་གུས་བརྩི་མཚོན་བྱེད་དུ་ཡུལ་མདོ་ཁམས་འདན་ཡུལ་ཆོས་འཁོར་དགོན་གྱི་གྲྭ་མིང་པ་འཇམ་གཅེས་སམ་པིར་མིང་ལྷ་རྒོད་ཀྱིས་༢༠༡༤/༨/༣༠/ཉིན་འཕགས་ཡུལ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ནས་ཕུལ།། །།