ཡོངས་ཁྱབ་གསལ་བརྡ།

༄༅། །ཉེ་ལམ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཆོལ་གསུམ་ཁྱོན་ཡོངས་ཀྱི་ནང་གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་ནས་རྒྱ་ནག་གཞུང་གི་རྡུག་རྩུབ་གཉའ་གནོན་ལ་མ་བཟོད་པར་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ཞི་བའི་ངོ་རྒོལ་རྒྱ་ཆེ་གནང་དང་གནང་མུས་ལྟར། ཕྱི་རྒྱལ་རང་དབང་ཡུལ་ལུང་ནང་ཡོད་བཙན་བྱོལ་བོད་མི་རྣམས་ནས་ཀྱང་གཞིས་ལུས་བོད་མིའི་ཞི་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣེ་མང་སྤེལ་མུས་སུ་ཡོད་པ་བཞིན། བོད་གཞུང་བཀའ་ཤག་དང༌། ཛ་དྲག་ལས་འགུལ་ཚོགས་ཆུང༌། ལྷག་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཅས་ནས་བོད་ཕྱི་ནང་གི་བོད་མིར་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་སྤེལ་དགོས་ཀྱི་གསལ་བསྒྲགས་སྔ་རྗེས་བསྐྱངས་ཟིན་པའི་དགོངས་དོན་གཞིར་བཟུང་མང་ཆེ་བས་ཕྱག་བསྟར་གནང་མུས་སུ་ཡོད་རུང༌། གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ད་ལམ་སླར་ཡང་འབོད་བསྐུལ་ཞུ་རྒྱུར། ཨོ་ལམ་པིཀ་དཔལ་འབར་འདི་ཟླའི་ཚེས་ ༡༧ ཉིན་རྒྱ་གར་ནང་འབྱོར་སྐབས་ཀྱང་ཞི་བ་ཁོ་ནའི་ཐོག་ལས་འགུལ་སྤེལ་དགོས་པ་དང༌། ལྷག་པར་ས་གནས་ཡུལ་ཁྲིམས་དང་མི་འགལ་བ། གནས་ཡུལ་མང་ཚོགས་ལ་བསུན་གཙེར་མི་འབྱུང་བ་བྱ་གལ་ཤིན་ཏུ་ཆེ་བས་དེ་དོན་ཚང་མས་ཡིད་གཟབ་ངེས་པར་གནང་དགོས་པའི་འབོད་བསྐུལ་དུ། བོད་གཞུང་བཀའ་ཤག་ནས། ༢༠༠༨ ཟླ་ ༤ ཚེས་ ༡༠ ལ། །