འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འབྲེལ་བ།

འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འབྲེལ་བ་དང༌། རྩིས་ཁྲ་ཁམས་དྭངས་དགོས་གནད་སོགས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་གྲོས་ཚོགས་ཀྱི་སྔོན་རྩིས་གཏན་འབེབས་ཐེངས་གསུམ་པ་དེ་རེད། ཚང་མས་རྣམ་དཔྱོད་ཀྱི་ནུས་པ་དང་ཤེས་རབ་ཀྱི་རྩལ་བཏོན་ནས་འབད་བརྩོན་བྱས་ཡོད། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ཁུར་དང༌། གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་ལམ་སྟོན་གྱི་སྲོལ་ཡོད་པ་རེད། འཛིན་སྐྱོང་གི་ནོར་འཁྲུལ་ཕྱིན་པ་རྣམས་གསལ་བཤད་གནང་རྒྱུ་གྲོས་ཚོགས་ཀྱི་ལས་འགན་ཆགས་ཡོད། མང་གཙོའི་ལམ་སྲོལ་གྱི་འགྲོ་སྟངས་ལ་གོམས་འདྲིས་ཆུང་སྟབས། ཕྱོགས་གཉིས་ཀ་ནས་དགོངས་པ་བཞེས་སྟངས་ཀྱི་དཀའ་ངལ་འདུག གྲོས་ཚོགས་ནས་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་མེད་པ་དང་ནོར་འཁྲུལ་ལ་མཛུབ་སྟོན་བྱས་ན། འཛིན་སྐྱོང་ནས་ངོས་ལེན་དང་དགའ་བསུ་ཞུ་རྒྱུར་དཀའ་ངལ་ཡོད་པ་ལྟ་བུ་མཐོང་གི་འདུག འཛིན་སྐྱོང་ནས་ང་ཚོས་ལྷག་བསམ་རྣམ་དག་གིས་ཧུར་ཐག་དང་གང་ཐུབ་ཞུ་གི་ཡོད་ཅེས་ལམ་སེང་གང་ཟག་སྒེར་ལ་ཕོག་པ་ལྟ་བུའི་རྣམ་པ་བསྟན་ན་འགྲིག་གི་མེད། གྲོས་ཚོགས་ཀྱིས་འཛིན་སྐྱོང་གི་མཛད་གཙོ་ཚོའི་ལྷག་བསམ་དང༌། ཀུན་སློང༌། དྲང་བདེན། བཟང་སྤྱོད་བཞི་ལ་ནམ་ཡང་དྭོགས་པ་ཟ་གི་མེད། དྭོགས་པ་ཟ་རུང་གི་ཡང་མ་རེད། ལས་དོན་ནོར་བ་དང་མ་འགྲིག་པའི་གནས་ཚུལ་རྣམས་ཞུ་གི་ཡོད།གལ་ཏེ་སྤྱི་འཐུས་བྱེ་བྲག་པ་གཅིག་གིས་དེ་འདྲའི་དྭོགས་ཚིག་བརྗོད་ཡོད་ན། དེ་གྲོས་ཚོགས་ཀྱི་ངོས་ནས་ཡིན་པར་དགོངས་རྒྱུ་མེད། ང་ཚོས་ལས་ཀ་ནོར་འཁྲུལ་ཡོད་མེད་གསལ་པོ་བཟོ་དགོས། ཐུགས་ལ་ཕོག་པ་དང་སེམས་ཤུགས་ཆག་པའི་རྣམ་པ་བསྟན་ན་གྲོས་ཚོགས་དང་འཛིན་སྐྱོང་དབར་འབྲེལ་ལམ་ཡག་པོ་མི་ཡོང༌། འཛིན་སྐྱོང་དང་ལས་བྱེད་མང་པོའི་དགོངས་པར་ལས་དོན་གྲུབ་འབྲས་ཐོན་པ་རྣམས་ལ་ལེགས་སོ་གཏན་ནས་མེད་པར་ནོར་བ་རྐྱང་རྐྱང་མཛུབ་སྟོན་བྱེད་ཀྱི་འདུག་དགོངས་ན་ནོར་བ་རེད།ལས་དོན་གྲུབ་པ་རྣམས་བགྲང་རྒྱུ་དང་ལེགས་སོ་ཞུ་རྒྱུ་གྲོས་ཚོགས་ཀྱི་ལས་འགན་ཞིག་ཆགས་མེད། ཡག་པོ་བྱུང་བ་ཚང་མ་རང་རང་སོ་སོའི་བསོད་ནམས་ཀྱི་རྒྱུ་རེད། དེ་ལ་གཞན་གྱིས་བསྟོད་བསྔགས་དང་རང་གིས་སྤོབས་པ་བྱས་ན་བསོད་ནམས་ཆུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། སྐྱོན་བཏོན་པ་ཙམ་གྱིས་ཡོན་ཏན་མེད་པ་ཆགས་ཀྱི་མ་རེད། ཡོན་ཏན་གང་ཡོད་པ་དེ་ཡོན་ཏན་རང་རེད།
གྲོས་ཚོགས་ངོས་ནས་ལས་དོན་གྱི་ངོ་བོ་རང་ལ་གཟིགས་ནས་དེ་ལ་ནོར་འཁྲུལ་ཡོད་མེད་ཞིབ་འཇུག་གནང་བ་མ་གཏོགས།གང་ཟག་གི་གདོང་ལ་བལྟས་ནས་ནོར་འཁྲུལ་ཡོད་མེད་གཟིགས་ན་ཡ་རབས་ཀྱི་སྤྱོད་པ་དང་མཐུན་པ་ཞིག་ཆགས་ཀྱི་མ་རེད།
གཞུང་གི་དཔལ་འབྱོར་འདུ་འགོད་དང་སྔོན་རྩིས་གཏོང་ལེན་གྱི་སྒྲིག་གཞི་དེ་གལ་ཆེན་པོ་རེད།འདས་པའི་ནང་གཞུང་གི་མཛད་གཙོ་རྣམས་ཀྱིས་གཞུང་དངུལ་ལོག་པར་བེད་སྤྱོད་བྱས་མེད་ཀྱང༌། མ་འོངས་པར་དེ་འདྲ་མི་ཡོང་བའི་ཐབས་ལམ་ངེས་པ་རྙེད་པ་ཞིག་དགོས། ང་ཚོ་ཤི་བའི་རྗེས་ལའང་ཡིག་ཆའི་ཐོག་ནས་གཙང་མ་ར་འཕྲོད་ཐུབ་པ་ཞིག་དགོས། མང་ཚོགས་ཀྱི་དངུལ་འབབ་དེ་སྒེར་གྱི་དངུལ་ལས་ཧ་ཅང་གལ་ཆེ་བ་ཞིག་རེད། གཞུང་གི་དངུལ་སྐར་མ་གཅིག་བེད་སྤྱོད་ལོག་པར་བཏང་ན། བོད་མིའི་ས་ཡ་དྲུག་དབུ་བསྐོར་ནས་དངུལ་བེད་སྤྱོད་ལོག་པ་བྱས་པའི་ཉེས་པ་ཡོང་གི་རེད།
སྔར་གྱི་ལོ་རྒྱུས་སུའང་བཙན་བྱོལ་ལ་འབྱོར་ནས་སྤྱི་འཐུས་སྐབས་ ༡༠ པ་སྒོ་མ་བརྒྱབས་བར་དཀའ་རྙོག་མང་པོ་ཞིག་དངུལ་རྩིས་གསལ་པོ་མེད་པ་ལ་བརྟེན་ནས་བྱུང་ཡོད།དེར་བརྟེན་ང་ཚོས་སྔོན་རྩིས་དེ་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་ནས་ནུས་པ་དང་རྣམ་དཔྱོད་བཏོན་དགོས། སྔོན་རྩིས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཡོ་འཁྱོམ་ཕན་གནོད་ཆེན་པོ་འགྲོ་གི་ཡོད་རེད། ང་ཚོར་རྒྱལ་ཁབ་མེད་ཀྱང༌། གཞུང་གི་དཔལ་འབྱོར་ལ་ཕན་གནོད་ཡོང་གི་རེད།
འདས་པའི་ལོ་གཉིས་ནང་སེམས་འཚབ་ཡོང་རྒྱུའི་གནས་ཚུལ་ནི།ཡོང་འབབ་དང་འགྲོ་ཁུངས་གཉིས་ཁ་མ་འདུམས་པ་དེ་རེད། དེ་སྐོར་སྔོན་བརྡ་བཏང་ཡོད་ཀྱང༌། འཛིན་སྐྱོང་གིས་གསལ་བཤད་གཉིས་གནང་བ་རེད།འགྲོ་ཁུངས་ཚང་མ་གལ་ཆེན་སོང་དངུལ་འབབ་ཐབས་ཤེས་ཐུབ་པའི་རེ་བ་ཡོད་ཅེས་དང༌།ཕྱོགས་གཞན་ནས་ལས་ཁུངས་སོ་སོའི་བཀའ་བློན་གྱི་མཚན་རྟགས་དང་བཅས་བཀའ་ཁྲོལ་ཞུ་དུས་དཔལ་འབྱོར་ནས་གཅོག་བྱ་གནང་རྒྱུར་དཀའ་ངལ་ཡོད་ཚུལ་གསལ་བཤད་གནང་ཡོད། འཛིན་སྐྱོང་ནས་ཡོང་འབབ་རླབས་ཆེན་པོ་ཞིག་འདུ་འགོད་གནང་ཐུབ་ཅེས་སྤོབས་པ་དང་བཅས་བཀའ་གནང་ཡོད་ཀྱང༌། རླབས་ཆེན་པོ་ཡོང་གི་མེད་པ་ང་ཚོས་ཤེས་པ་ཞིག་རེད།དེ་ནོར་འཁྲུལ་རེད་ཞུ་གི་མེད།འོན་ཀྱང་དེ་ཚོད་དཔག་བྱས་མ་ཐུབ་པའི་དཀའ་ངལ་སྤྲད་ཡོད། མ་འོངས་པར་ཚོད་དཔག་གཟབ་གཟབ་མ་ནོར་བ་ཞིག་གནང་དགོས།ཚོད་མ་ཐིག་པར་དངུལ་ཡོང་ཁུངས་མེད་བཞིན་དུ་ལས་དོན་བརྩམས་པ་སྐྱོན་ཞིག་རེད། ལས་འགོ་བཙུགས་ནས་མཐར་མ་ཁྱོལ་ནའང་སྐྱོན་ཞིག་རེད། ལས་དོན་འགོ་མ་བཙུག་པ་དང༌། འགོ་བཙུགས་ནས་མཐར་མ་ཁྱོལ་བ་གཉིས་ལས། འགོ་མ་བཙུག་པ་དེ་སྐྱོན་ཆུང་བ་རེད། དེ་ཚོ་འདས་པའི་ལོ་རྒྱུས་རེད།
འདི་ལོའི་སྔོན་རྩིས་དེ་ཕྱོགས་གཅིག་ནས་དངོས་ཡོད་དང་མཐུན་པ་ཡག་པོ་ཞིག་ཆགས་ཡོད། ངེས་གཏན་རྙེད་པའི་ཡོང་འབབ་དང་མཐུན་པའི་སྔོན་རྩིས་ཤིག་ཆགས་ཡོད།ཕྱོགས་གཞན་ནས་ལས་དོན་གལ་ཆེ་ཆུང་གི་ངོ་བོ་ལ་སྟངས་འཛིན་མ་གནང་བར་ཚང་མར་བརྒྱ་ཆ་བགོས་ཏེ་རྒྱུག་པ་ལེབ་བརྡུངས་གནང་བ་དེ་འགན་བཞེས་མེད་པ་འདྲ་པོ་ཞིག་བྱུང་ཡོད། ལས་དོན་ལག་ལེན་བསྟར་སྐབས་དགོས་ས་ལ་ཆད་པ་དང་མི་དགོས་སར་ལྷག་པ་ཡོང་སྲིད་ཀྱི་རེད། ངས་ལོ་མང་སྔོན་ནས་ཞུས་མྱོང་བ་ལྟར་ང་ཚོས་དཀའ་ངལ་གྱི་རྩ་བ་དེ་སེལ་ཐབས་བྱེད་དགོས་པ་ལས་དུས་ཚོད་འབུད་རྒྱག་བརྒྱབ་རྒྱུའི་ཐབས་ལམ་བསྟེན་ན། ཐ་མ་ང་རང་ཚོའི་ཐོག་ལ་ཡོང་གི་རེད། དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ཞིག་རེད། ད་ལྟའི་སྔོན་རྩིས་དེ་ཡག་ཉེས་ཇི་འདྲ་ཡོད་ཀྱང་འཛིན་སྐྱོང་གིས་བཟོས་པ་ཞིག་རེད་ལབ་རྒྱུ་མེད། གྲོས་ཚོགས་ཀྱིས་དེ་ངོས་ལེན་ཟིན་པ་ཞིག་རེད། འགན་ཁུར་དེ་ཚང་མར་ཡོད་པ་ཞིག་རེད།མ་འོངས་པར་སྲ་བརྟན་དང་ཞིབ་ཚགས་ཀྱིས་དངོས་དོན་དང་མཐུན་པར་གཅོག་ཆ་བྱེད་དགོས།ལོ་རྗེས་མ་ནས་སྔོན་རྩིས་ཚད་ལྡན་ཡོང་རྒྱུ་ལ་འབད་བརྩོན་བྱེད་དགོས་པ་རེད། ང་ཚོས་འཛིན་སྐྱོང་ལ་སྐྱོན་བརྗོད་བྱེད་ཐུབ་པ་ཙམ་གྱིས་ཚིམ་རྒྱུ་མེད།
ལས་བྱེད་ཚོས་སྔོན་རྩིས་ཀྱི་ཡིག་ཆ་དེ་ཚོ་གྲོས་ཚོགས་ལ་ཕུལ་ཆོག་པ་ཞིག་བཟོས་མི་འདུག་ཞུ་ཆོག་པ་རེད། རྩིས་འགོ་གཅིག་གྱུར་མེད་པ་དང༌། བསྡོམས་རྩིས་ནོར་བ། ཕྱི་རྒྱལ་དངུལ་གྱི་འཛའ་ཐང་གཅིག་གྱུར་མེད་པ། དམིགས་བཀར་དང་དམིགས་བསལ་གང་ཡིན་གསལ་པོ་མེད་པ། མཉམ་སྦྱར་ཡིག་ཆ་མེད་པ། ལྷག་པར་དུ་ཨར་ལས་དང་ཅ་ལག་ཉོ་རྒྱུ་རྣམས་ལ་མཉམ་སྦྱར་ཡིག་ཆ་མེད་པ་སོགས་ནོར་འཁྲུལ་མང་པོ་འདུག ས་གནས་སོ་སོའི་ཚུར་ཡོང་དེ་ཚོ་གསལ་མི་འདུག
གཞུང་གི་དངོས་ཆས་ལ་འགན་ཁུར་དང་དོ་སྣང་གནང་དགོས། ལས་ཁུངས་དང་སྡེ་ཚན་འགའ་ཞིག་ལ་ཟུར་དངུལ་ཡོད་ཚོད་འདུག་ན་དེ་ཚོ་ཚང་མ་ཕྱོགས་བསྡོམས་མ་དངུལ་ནང་ཡོད་དགོས། གང་གི་ཆེད་དུ་དམིགས་ཡོད་པ་དེ་ལས་གཞན་དུ་དང༌། ཁུངས་གཞན་ཞིག་གིས་བེད་སྤྱོད་གཏོང་རྒྱུའི་དོན་དུ་མ་རེད། སྒྲིག་གཞི་དང་མཐུན་པའི་ཆེད་དུ་རེད།
སྔོན་རྩིས་སྐབས་ཁུངས་སོ་སོའི་དངུལ་ཡོད་པ་རྣམས་ཕྱོགས་བསྡོམས་མ་དངུལ་ལ་ངེས་པར་ཚུད་པ་ཞིག་དགོས། ལས་ཁུངས་དང་སྡེ་ཚན་དེ་ཚོའི་འགན་འཛིན་གྱིས་བཀའ་ཤག་ལ་འགན་འཁྱེར་དགོས། བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁྱེར་དགོས། དེ་གསལ་པོ་ཚིག་ཐག་བཅད་ནས་ཞུ་རྒྱུ་ཡིན། འདི་ལོ་རྐྱེན་ངན་བྱུང་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་དུས་ཚོད་འདེང་ངེས་བྱུང་མེད། མ་འོངས་པར་དུས་ཡུན་རིང་དུ་བཏང་སྟེ། ཡོང་རྒྱུའི་ལོ་གཉིས་ནང་དཔལ་འབྱོར་གྱི་ལས་དོན་དེ་ལམ་སྲོལ་དང་མཐུན་པ་ཞིག་བཟོ་ཐུབ་པ་བྱེད་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥