འབྲིང་རིམ་དགེ་འོས་དང་ཟབ་སྦྱོང་བ་རྣམས་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཐོག་གནང་བའི་གསུང་བཤད།
༄༅།། ད་ལྟ་གོང་དུ་འབྲེལ་ཡོད་ལས་བྱེད་ཀྱི་ངོས་ནས་ཉིན་མང་པོའི་རིང་ཁྱེད་ཚོས་ཤེས་ཡོན་སྲིད་བྱུས་གསར་པ་འདིའི་ཐད་ཕན་ཚུན་བགྲོ་གླེང་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བྱུང༌། དེ་འདྲ་ཡིན་སྟབས་ད་རེས་དུས་ཚོད་མང་ཆེ་བ་ཁྱེད་རང་ཚོར་ཐུགས་དོགས་ཡོད་པའི་རིགས་ལ་བསམ་གཞིགས་བྱེད་རྒྱུ་དང་བགྲོ་གླེང་བྱེད་རྒྱུར་གཞག་རྒྱུ་ཡིན། ངས་དམིགས་བསལ་མང་པོ་བཤད་རྒྱུ་གང་ཡང་མེད། དེ་རིང་འདིར་ཁ་ཐུག་ཡོང་བ་མ་གཏོགས་ཉིན་གཅིག་གི་འཛིན་གྲྭ་ཁྲིད་རྒྱུའི་ནང་སྦྱོང་དང་གྲ་སྒྲིག་བྱེད་རྒྱུ་གང་ཡང་མ་བྱུང༌། སྐབས་མཚམས་སུ་གང་ཤར་བ་དེ་བཤད་རྒྱུ་རེད། སྤྱིར་བཏང་ཤེས་ཡོན་གྱི་ལམ་སྲོལ་དང་ཤེས་ཡོན་གྱི་སྲིད་བྱུས་ཟེར་བ་དེ་རྒྱ་གར་ནང་ལོ་སྟོང་ཕྲག་བདུན་བརྒྱད་སྔོན་ནས་དར་བའི་སློབ་སྟོན་བརྒྱུད་རིམ་གྱི་གནས་བབ་ཅིག་ལ་བརྗོད་ཅིང༌། དེ་ནི་ཐོག་མར་རྒྱ་གར་དང༌། དེ་ནས་བོད་ནང་དར་སྐབས་རྒྱལ་ཁབ་དང་གཞུང་གིས་དེ་ལ་དམིགས་བསལ་བྱུས་གཏོགས་གང་ཡང་མ་བྱས་པ་མ་ཟད། དེ་ལ་སྲིད་བྱུས་ཟེར་བའི་ཐ་སྙད་ཀྱང་མེད།
འོན་ཀྱང་ལམ་སྲོལ་ཞིག་ནི་རང་བཞིན་གྱིས་ཆགས་ཡོད། ལྷག་པར་དུ་ནང་པའི་ཤེས་ཡོན་གྱི་བརྒྱུད་རིམ་ལ་བལྟས་ན་གོ་རིམ་ངེས་ཅན་ཞིག་ཡོད་ཅིང༌། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་ཐོག་མར་སྒྲིག་འཛུགས་སམ་སྤྱི་ཚོགས་ཤིག་གི་ནང་ལའང་སྒྲིག་ལམ་ངེས་ཅན་ཞིག་འཁྱེར་དགོས་ཏེ། དཔེར་ན། འདི་ཆོག་དང་མི་ཆོག འདི་འོས་དང་མི་འོས་ཞེས་པའི་བཟང་སྤྱོད་ཀྱི་ཁྲིམས་དེ་དག་སྤྱི་ཚོགས་སོ་སོའི་གནས་བབ་ལྟར་ཚུལ་བཞིན་དུ་བསྲུང་དགོས་ཤིང༌། དེ་ནས་དགེ་རྒན་དང༌། བཀའ་བསྟན་གྱི་གླེགས་བམ་ནང་ནས་ཐོག་མར་ཐོས་པ་བཙལ་དགོས་ཀྱི་ཡོད། དེ་ལ་ཐོས་བྱུང་གི་ཤེས་རབ་ཟེར། དེ་ནི་ཉན་པ་རྐྱང་རྐྱང་གི་ཐོག་ནས་བསམ་བློའི་གོ་རྟོགས་སླེབས་པ་ཞིག་ལ་བཤད།
ཁྱེད་ཚོ་མང་ཆེ་བས་སྔ་དྲོ་རླུང་འཕྲིན་ནས་གསར་འགྱུར་གསན་པའམ། ཡང་ན་བརྙན་འཕྲིན་ཐོག་ནས་གསར་འགྱུར་གཟིགས་པ་ཡིན་ནའང་རེད། ཉིན་རེ་ཉིན་རེའི་གནས་ཚུལ་མང་པོ་ཞིག་ཐོས་པ་ཙམ་གྱིས་བསམ་བློའི་ནང་གོ་བ་ཞིག་ཆགས་ཤིང༌། དཔེར་ན། འབར་རྫས་ཤིག་འགས་འདུག མི་ཞིག་ཤི་འདུག་བསམས་པ་དེ་དག་གཡར་བཞག་པའམ། ཡང་ན་གོ་བ་ཙམ་གྱིས་རྟོགས་ཐུབ། དེ་དག་སོ་སོས་དངོས་སུ་ཤེས་པ་གང་ཡང་མིན། ལན་བསྐྱལ་བ་ཙམ་ཞིག་རེད། དེ་ནས་དེའི་ཐོག་སོ་སོའི་རྣམ་དཔྱོད་ཀྱིས་བསམ་བློ་བཏང་བ་དང༌། བརྟག་དཔྱད་ཞིབ་འཇུག་བྱས་ནས་ངེས་པ་རྙེད་པ་དེ་ལ་བསམ་བྱུང་གི་ཤེས་རབ་ཟེར། དེ་ནི་ཕྱེད་ཀ་སོ་སོའི་རེད། ཕྱེད་ཀ་གཞན་གྱི་རེད། དེ་ནས་དེ་ཡང་ཡང་བསྒོམས་པར་བྱས་ནས་སོ་སོའི་ཉམས་མྱོང་དངོས་སུ་ཐོན་པ་དེ་ལ་བསྒོམས་བྱུང་གི་ཤེས་རབ་ཟེར།
དེ་ནི་རང་རྟགས་ཡོད་པའི་ཤེས་ཡོན་དེ་རེད། དེར་བརྟེན་དེ་གསུམ་ཚང་བ་ཞིག་མེད་ན་ཤེས་ཡོན་ཆ་ཚང་བ་མི་ཡོང་བ་དེ་ང་ཚོའི་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་རེད། དེ་ནི་གོང་དུ་ཞུས་པ་ལྟར་ལོ་སྟོང་ཕྲག་བདུན་བརྒྱད་སྔོན་ནས་རྒྱ་གར་འཕགས་པའི་ཡུལ་དུ་དར་བ་མ་ཟད། རྒྱ་གར་གྱི་གཡས་གཡོན་ཚང་མར་དར་ཁྱབ་བྱུང༌། སྤྱིར་བཏང་དེ་ལྟ་བུའི་ཤེས་ཡོན་གྱི་ལམ་སྲོལ་དེ་ལ་གྲུབ་མཐའ་དང་ཆོས་ལུགས་འདྲ་མིན་བྱུང་བ་དེས་ཤེས་ཡོན་གྱི་ལམ་སྲོལ་དེ་ལ་འགྱུར་བ་དམིགས་བསལ་ཞིག་ཕྱིན་མེད། ཧ་ལམ་རྒྱ་གར་དུ་དར་བའི་གྲུབ་མཐའ་དང་ཆོས་ལུགས་ཕལ་ཆེ་བ་ཞིག་ལ་བལྟས་ན་ཤེས་ཡོན་གྱི་ལམ་སྲོལ་ནི་ངས་གོང་དུ་ཞུས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་དང་གོ་རིམ་གཅིག་ལྟ་བུ་ཞིག་ཆགས་ཡོད།
འོན་ཀྱང་དེ་ལྟ་བུའི་ཤེས་ཡོན་གྱི་ལམ་སྲོལ་ནང་སློབ་ཚན་གང་དང་གང་གཞག་དགོས་ཞེ་ན། དེ་ནི་གྲུབ་མཐའ་དང་ཆོས་ལུགས་མི་འདྲ་བའི་དབང་གིས་ཐ་དད་པ་མང་པོ་ཞིག་ཏུ་འགྱུར། བོད་ནང་ཕྱི་ལོ་༡༩༥༩ བར་དུ་གདན་ས་དང་སློབ་གྲྭ་མང་ཆེ་བ་ཞིག་ལ་བོད་གཞུང་གིས་བཏང་འཛིན་དང་ཐེ་བྱུས་མེད་ཅིང༌། དཔེར་ན། འདི་བསླབ་དགོས་པ་དང༌། འདི་བསླབ་རྒྱུ་མེད་ཅེས་གང་ཡང་བཤད་ཀྱི་མེད། ཚང་མ་རང་དབང་རེད། དགོན་སྡེ་ཡིན་ན་དགོན་སྡེ་སོ་སོའི་སྒྲིག་འཛུགས་ཡོད་ཅིང༌། ལྕོག་པོ་རི་དང༌། རྩེ་སློབ་གྲྭ སྨན་རྩིས་ཁང་བཅས་ནི་དེ་སྔ་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱས་པའི་སློབ་གྲྭ་རྣམས་རེད།
ལྕོག་པོ་རི་ལ་སྨན་སློབ་པ་དང༌། རྩེ་སློབ་གྲྭར་ཡིག་རྩིས་ཁོ་ན་སློབ་པ་རེད། དེ་རྗེས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་སྨན་རྩིས་ཁང་ཞེས་པ་དེའི་ནང་སྨན་དང་རྩིས་གཉིས་ཀ་སློབ་པ་ནི་གསར་པ་ལྟ་བུ་ཞིག་བྱུང༌། དེ་དག་ནི་གཞུང་གིས་ཐད་ཀའི་འཛིན་སྐྱོང་བྱས་པ་དང༌། གཞུང་གིས་འགྲོ་སོང་བཏང་བ། གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་བྱེ་བྲག་པ་ཞིག་གི་འོག་ལ་འགྲོ་བ་མ་གཏོགས། དེ་མིན་ཆོས་བརྒྱུད་སོ་སོའི་གདན་ས་ཁག་གིས་མཚོན་པའི་བོད་ཀྱི་ཉི་ཟླ་ལྟ་བུའི་མཁས་པ་མང་པོ་འཐོན་སའི་སློབ་གྲྭ་དེ་ཚོ་ནི་སོ་སོའི་ཕྱག་འདེབས་མཁན་དེས་སྲོལ་བཙུགས་པ་ཞིག་གི་ཐོག་ནས་མུ་མཐུད་ཡོང་བ་རེད། དེ་ལ་སྲིད་བྱུས་ཞེས་མིང་བཏགས་པ་མེད་ཀྱང༌། ཤེས་ཡོན་ལམ་སྲོལ་ཞིག་ནི་ཡོད་མུས་རེད། འོན་ཀྱང་ང་ཚོ་བཙན་བྱོལ་ལ་འབྱོར་ནས་བོད་མི་རིགས་ཡོངས་རྫོགས་དང༌། བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི་ཤེས་ཡོན་གྱི་འགན་དེ་བཙན་བྱོལ་གཞུང་གིས་འཁྱེར་དགོས་པ་ཞིག་ཆགས་ཏེ། དེང་རབས་རྒྱལ་ཁབ་ཚང་མའི་གཅིག་གྱུར་གྱི་འགྲོ་སྟངས་ཤིག་གི་ཐོག་ནས་ཕྱིན་པ་རེད། དེ་ཡག་སྡུག་གང་བྱུང་ང་ཚོས་ཐག་བཅད་ནས་བཤད་ཐུབ་ཐབས་མེད། དེ་ནི་བགྲོ་གླེང་གི་གཞི་རྩ་ཞིག་མ་རེད་ལ། ད་ལྟ་བགྲོ་གླེང་བྱེད་དགོས་དོན་ཡང་མེད།
ད་ལྟའི་གནས་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང༌། ང་ཚོ་བསྡད་སའི་རྒྱ་གར་གྱི་ཁོར་ཡུག དེ་བཞིན་འཛམ་གླིང་གི་ཁོར་ཡུག་འདིའི་ནང་ལོ་ན་གཞོན་པ་ཡོངས་རྫོགས་གཞི་རིམ་གྱི་སློབ་ཆུང་ཞིག་ལ་འགྲོ་དགོས་པ་དང༌། དེའི་མཐུན་རྐྱེན་སྒྲིག་འཛུགས་ཤིག་གི་ངོས་ནས་སྦྱར་དགོས་པ་དེ་ལྡོག་ཏུ་མེད་པའི་གནས་ཚུལ་ཞིག་རེད། གལ་སྲིད་དེ་སྡུག་ཅག་ཡིན་ནའང་ཡག་པོ་བཟོ་རྒྱུའི་འབད་བརྩོན་བྱེད་དགོས་པ་མ་གཏོགས་དེ་གཡུག་མི་ཐུབ། མིའི་སྤྱི་ཚོགས་འདི་མང་ཆེ་བ་ཞིག་ཤིང་ལོ་ལྷག་པས་འཁྱེར་བ་ལྟ་བུ་ཞིག་འགྲོ་དགོས་པར་བརྟེན། ང་ཚོའི་སྤྱི་ཚོགས་འདི་ཡང་འཛམ་བུ་གླིང་སྤྱི་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ནང་བསྡད་དགོས་དུས། གནས་ཚུལ་དེ་རིགས་དང་དུ་བླང་རྒྱུ་ལས་མ་འདས། ལར་ནས་དང་དུ་བླང་མ་འོས་པ་ཞིག་ཀྱང་མེད། དེའི་ནང་གི་སྐྱོན་ཆ་རྣམས་སེལ་གྱིན་དང་དུ་བླང་ན་དགེ་མཚན་ཡོད་པ་ཞིག་ཆགས་རྒྱུར་བརྟེན། ང་ཚོས་དང་དུ་བླང་དགོས་བྱུང༌། སྤྱིར་བཏང་འཛམ་གླིང་ནང་བཙན་བྱོལ་གྱི་སྤྱི་ཚོགས་མང་པོ་ཞིག་ཡོད་ཅིང༌། དེ་ནི་ལུང་པ་ཚང་མའི་ནང་ཡོད་པ་ཞིག་རེད། སྐྱབས་བཅོལ་བ་མེད་སའི་རྒྱལ་ཁབ་ཧ་ལམ་ཡོད་མ་རེད་བསམ་གྱི་འདུག དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུའང་དེའི་གནས་སྟངས་དེ་མེད་པར་ཆགས་ཐུབ་མེད། ང་ཚོའི་གནས་ཚང་རྒྱ་གར་ལ་མཚོན་ནའང་བོད་མི་རྣམས་ནི་སྐྱབས་བཅོལ་བའི་གྲངས་ཀ་ཉུང་ཤོས་དེ་རེད།
ང་ཚོ་ལས་སྐྱབས་བཅོལ་བ་མང་བ་ནི་བངྒལཱདེཤ་དང༌། ཤྲིའལངྐཱ། ཨཕགནིསྟཱན། ཨིརཱཀ་ནས་ཡོང་བ་རྣམས་རེད། སྔོན་མ་ང་ཚོ་རྒྱ་གར་དུ་འབྱོར་སྐབས་རྒྱ་གར་གཞུང་གི་སྒྲིག་འཛུགས་ནང་སྐྱབས་བཅོལ་བློན་ཆེན་ལྷན་ཁང་(Ministry of Rehabilitation) ཞེས་པ་ཞིག་ཟུར་དུ་ཡོད་ཅིང༌། དེང་སང་སྐྱབས་བཅོལ་བ་ཉུང་དུ་ཕྱིན་ནས་ལས་ཁུངས་དེ་ནང་སྲིད་ལས་ཁུངས་ནང་བསྡུས་ཚར་འདུག དེར་བརྟེན་གོང་དུ་ཞུས་པ་ལྟར་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་གར་ནང་ཡོད་ཀྱང༌། སྒྲིག་འཛུགས་དང་སློབ་གྲྭ་ཟུར་དུ་ཡོད་པ་བོད་པ་སྐྱབས་བཅོལ་བ་མ་གཏོགས། འཛམ་བུ་གླིང་གི་སྐྱབས་བཅོལ་གཞན་སུ་ལའང་ཨེ་ཡོད་བསམ་གྱི་འདུག འདིས་ང་ཚོ་བོད་ཀྱི་གནས་བབ་དེ་ཐུན་མོང་མ་ཡིན་པ་དང༌། ལྷག་པར་དུ་ང་ཚོའི་བླ་ན་མེད་པའི་ྋདབུ་ཁྲིད་ཀྱི་མཛད་འཕྲིན་གཞན་དྲིང་མ་མཆིས་པ་ཞིག་ཡིན་པ་དེ་ང་ཚོས་ཤེས་ཐུབ་དགོས། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བའི་ལོ་དེ་རང་ལ་གཞི་རིམ་གྱི་སློབ་གྲྭ་གསུམ་ཙམ་བཙུགས་ཏེ་ཕྱག་ལས་གནང་ཐུབ་པ་དེ་ཚོར་དེང་སང་ཕྱི་བལྟས་སློག་ནས་བལྟས་ན་རླབས་ཆེན་གྱི་གྲུབ་འབྲས་རེད་བསམ་གྱི་ཡོད། ད་ལྟ་ང་ཚོས་དེའི་རྒྱུན་དེ་བསྐྱངས་ཐུབ་མི་ཐུབ་བྱས་ཏེ་འགྲོ་བཞིན་པ་རེད།
དཔལ་འབྱོར་གྱི་མཐུན་རྐྱེན་དང་མིའི་མཐུན་རྐྱེན་གཉིས་ཆ་ནས་བལྟས་ན་ཕྱི་ལོ་ལྔ་བཅུ་ང་དགུ་དང་དྲུག་ཅུ་རེ་གྲངས་ཀྱི་གནས་སྟངས་ལས། ད་ལྟ་བརྒྱ་ཆ་ཉིས་བརྒྱ་སུམ་བརྒྱ་ཡག་ཏུ་ཕྱིན་ནའང༌། གྲུབ་འབྲས་ཐོག་བརྒྱ་ཆ་བསྐོར་ཏེ་བསྡུར་ན་ད་ལྟ་ཉུང་དུ་ཕྱིན་མེད་ནའང་མང་དུ་ཕྱིན་མེད། དེའི་ནང་དུས་ཚོད་དང༌། གནས་སྐབས། མིའི་བསམ་ཚུལ་བཅས་མང་པོ་ཞིག་ཁྱད་པར་སོང་ཡོད། ན་གཞོན་ཚོའི་ཤེས་ཡོན་གྱི་ལས་དོན་ཡོངས་རྫོགས་གཞུང་གིས་འགན་འཁྱེར་དགོས་དུས། དེ་འདྲའི་འགན་འཁྱེར་མཁན་གྱི་གཞུང་དེ་ལ་ཤེས་ཡོན་གྱི་སྲིད་བྱུས་གསལ་པོ་ཞིག་གཏན་ལ་ཕབ་མེད་ན། གཞུང་འཛིན་པ་སོ་སོས་ཐད་ཀར་ཐད་ཀར་གང་དྲན་གྱི་ཐོག་ནས་འགྲོ་རྒྱུ་དང༌། ཡང་ན་མི་གཞན་ཞིག་གིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ལ་དཔེ་ལྟ་བའམ་གཡར་བ་མ་གཏོགས་ཡོང་ཐབས་མེད། སྤྱིར་བཏང་ཤེས་རིག་བཀའ་བློན་དང་དྲུང་ཆེས་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པའི་བྱུང་རིམ་གསལ་པོ་ཞིག་གསུངས་ཟིན་པས་རྒྱས་བཤད་ཞུ་དགོས་མ་མཐོང༌།
གང་ལྟར་སྒྲིག་འཛུགས་ཤིག་གི་ངོས་ནས་དེའི་གྲ་སྒྲིག་བྱེད་དགོས་དུས་དེ་ལ་ངེས་ཅན་གྱི་སྲིད་བྱུས་ཤིག་མེད་ན་འགྲིག་ཐབས་མེད་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་དགོས་པ་དེ་གཞུང་གི་རྩ་བའི་བྱེད་སྒོའི་ལམ་སྟོན་ནང་གསལ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་ཕྱི་ལོ་༡༩༩༡ ལོར་གཏན་ལ་ཕབ་པ་ཡིན་ནའང༌། དེའི་དགོངས་དོན་གྱི་ཤེས་ཡོན་སྲིད་བྱུས་དེ་ཕྱི་ལོ་༢༠༠༤ ནང་མ་གཏོགས་གཏན་ལ་ཕབ་ཐུབ་མེད། གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་ད་ལྟ་ཁྱེད་ཚོའི་མདུན་ལ་ཡོད་པ་དེ་རེད། ལར་ནས་སྲིད་བྱུས་ཇི་ལྟར་ཡོང་དང་མི་ཡོང་ནི་དོན་གནས་ཁ་ཤས་ལ་ཧ་ཅང་རག་ལས་ཀྱི་ཡོད། སྔོན་ལ་ཤེས་ཡོན་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་པའམ་ཤེས་ཡོན་གྱི་ངོ་བོ་དེ་མ་ཤེས་ན་ཡོང་ཐབས་མེད་ཅིང༌། ཤེས་ཡོན་གྱི་ངོ་བོའི་ཐོག་ལ་ལོག་རྟོག་ཡོད་ན། དེའི་དབང་གིས་ལམ་སྲོལ་དང་སྲིད་བྱུས་གཉིས་ཀ་དེ་དང་མཐུན་པ་མ་གཏོགས། དེ་མ་ཡིན་པའི་གཙང་མ་ཞིག་ཡོང་དཀའ།
དེང་རབས་ཀྱི་འཇིག་རྟེན་ནང་དེ་སྔ་དང་མི་འདྲ་བར་ཤེས་ཡོན་དེ་ཁ་འཕྲེད་ལ་ཐོགས་ཚད་ཀྱིས་བཤད་རྒྱུ་དང་གོ་བསྡུར་བྱེད་པའི་དོན་གནད་ཅིག་ཏུ་གྱུར་ཅིང༌། ཤེས་ཡོན་ལ་དབྱིན་སྐད་དུ་Education ཟེར་བ་དེ་ལ་ངོས་འཛིན་འདྲ་མིན་སྣ་ཚོགས་ཤིག་ཡོང་དུས། ཐོག་མ་ཤེས་ཡོན་དེ་ག་རེ་ཡིན་པ་གསལ་པོ་ཞིག་ངོ་མ་ཤེས་ན། དེའི་སྲིད་བྱུས་སྟོན་སྟངས་དེ་མ་ཤེས་པ་ཆགས་འགྲོ དེས་ན་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་གཉིས་པའི་ནང་ཤེས་ཡོན་གྱི་ངོ་བོ་ག་རེ་ཡིན་པ་དེ་ངོས་འཛིན་བྱེད་རྒྱུའི་ཐབས་ཤེས་བྱས་ཡོད། དེའི་རྗེས་ལ་ཤེས་ཡོན་གྱི་དགོས་པ་ངོས་འཛིན་བྱེད་རྒྱུ་དེ་རེད། འཇིག་རྟེན་འདིའི་ནང་བར་ལམ་ཞིག་ནས་ཤེས་ཡོན་གྱི་ལམ་སྲོལ་གང་ཡིན་རུང་དེས་འགྲོ་བ་མིའི་བསམ་སྤྱོད་ཀྱི་གནས་བབ་ཉམས་ཆག་འགྲོ་རྒྱུ་མ་གཏོགས་བཟང་ཕྱོགས་སུ་འགྲོ་བའི་མཐུན་རྐྱེན་ཆགས་མ་ཐུབ་པ་དེ་ཤེས་ཡོན་གྱི་དགོས་པ་ངོས་འཛིན་བྱེད་སྟངས་ནོར་བ་རེད། བྱེ་བྲག་ཏུ་ང་ཚོའི་ཤེས་ཡོན་གྱི་དགོས་པ་དེ་དེང་སང་ཡོ་རོབ་དང་ཨ་རིའི་ནང་གི་མི་ཚོའི་བསམ་ཚུལ་བཞིན་སོང་བ་ཡིན་ཙང་དཀའ་ངལ་དེ་ཕྲད་པ་རེད།
ལར་ནས་དེ་ནི་ང་ཚོ་བོད་པ་སྐྱབས་བཅོལ་བའི་སྤྱི་ཚོགས་ཁོ་ནའི་དཀའ་ངལ་གང་ཡང་མིན་ཞིང༌། འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་དཀའ་ངལ་ཞིག་ཏུ་གྱུར་ཡོད། ཤེས་ཡོན་བསླབས་པའི་དགོས་པ་དེ་མི་ཚེའི་འཚོ་ཐབས་ཡག་པོ་ཞིག་བཙལ་དགོས་ཀྱི་ཡོད་པ་དང༌། དེའི་ཆེད་དུ་ཤེས་ཡོན་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ། གང་ལྟར་ཤེས་ཡོན་སློབ་སྦྱོང་ནི་ཚེ་འདིའི་ལྟོ་གོས་གཏམ་གསུམ་རྐྱང་པའི་ཆེད་དུ་མ་གཏོགས། དེ་ལས་སྤྲོས་པ་གང་ཡང་མེད་པའི་བསམ་ཚུལ་ལ་བརྟེན་ནས། དེ་སྒྲུབ་བྱེད་ཀྱི་ལམ་ཡང་ཆ་ཚང་ནོར་བ་རེད།
གལ་ཏེ་ང་ཚོའི་ཕ་མའི་སྤྱི་ཚོགས་དང༌། ཕྲུ་གུའི་སྤྱི་ཚོགས། དགེ་རྒན་གྱི་སྤྱི་ཚོགས་བཅས་ཀྱི་ནང་ཤེས་ཡོན་སྤྲོད་རྒྱུ་དེ་ཕྲུ་གུ་དེའི་མི་ཚེའི་འཚོ་ཐབས་འཚོལ་ཆེད་མ་རེད་ཅེས་བཤད་ན་མང་ཆེ་བའི་རྣ་བར་མི་འགྲོ གང་ལྟར་དེ་ནི་འཚོ་ཐབས་བཙལ་ཆེད་མིན་པ་མ་ཤེས་བར་ཤེས་ཡོན་གྱིས་ལམ་བཟང་པོ་ཞིག་རྙེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེས་ན་ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་དགོས་པ་ལ་སྤྱིར་ཤེས་ཡོན་གྱི་དགོས་པ་དང༌། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ་བཅས་གཉིས་སུ་ཕྱེ་ནས་གསལ་པོ་ངོ་སྤྲོད་བྱེད་རྒྱུའི་འབད་བརྩོན་བྱས་ཡོད། ཤེས་ཡོན་གྱི་དགོས་པ་དང་ངོ་བོ་གཉིས་པོ་ངོ་སྤྲོད་ཡག་པོ་མ་བྱུང་བར་ཤེས་ཡོན་སྲིད་བྱུས་དེ་ཚད་ལྡན་ལག་ལེན་བསྟར་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེའི་རྗེས་ལ་དོན་ཚན་བཞི་པ་ཤེས་ཡོན་གྱི་ངོས་འཛིན་དེ་རེད།
དེའི་ནང་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་སུ་ཕྱེ་ཡོད་ཅིང༌། ང་ཚོའི་ལབ་སྟངས་ལའང་སྲོལ་རྒྱུན་དང་དེང་རབས་ཞེས་བརྗོད་ཀྱི་ཡོད། གང་ལྟར་སྡེ་ཚན་གཉིས་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེང་རབས་ཟེར་བ་དེ་ཕ་མ་མེད་པའི་ཕྲུ་གུ་ལྟ་བུ་རྒྱབ་ལྗོངས་སུ་ལའང་བརྟེན་མི་དགོས་པ་ཞིག་དགོས། མི་གཅིག་གིས་བསམ་བློ་བཏང་བའམ་ཡང་ན་མི་གཅིག་ལ་འཁྲུལ་སྣང་ལྟ་བུ་ཞིག་བྱུང་ནས་ལམ་སེང་ཐད་ཀར་སྟོན་ཆོག་པ་ལྟ་བུ། གང་ལྟར་སོ་སོ་ལང་སའི་རྐང་པའི་འོག་ལ་སྔར་ནས་ཡོད་པའི་ས་གཞི་ལྟ་བུ་ཞིག་དགོས་ཀྱི་མེད། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་གྱིས་Self grounding, Novelty, Violence, Modernity Synonyms ཞེས་དེང་རབས་དེ་ཚིག་བཞིའི་ནང་བསྡོམས་བརྒྱབས་ཏེ་གསུངས་ཡོད། Novelty ཞེས་པ་ནི་སྔོན་མ་དེ་དང་མི་འདྲ་བར་གསར་པ་ཞིག་དང༌། Self grounding ཞེས་པ་ནི་ལང་ས་དེ་སོ་སོས་བཟོས་པ་མ་གཏོགས། སྔོན་ནས་ཡོད་པའི་ལང་ས་ཞིག་མེད་པ། Self grounding ཡིན་དུས་འཚེ་བ་(Violence) ཡོད་པ་བཤད་མ་དགོས། དེས་ན་དེ་གསུམ་ཚང་ན་དེང་རབས་ཀྱི་མཚན་ཉིད་དུ་བཤད་ཆོག།
གསུང་བཤད་འདི་ནི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་བཞི་པའི་འབྲིང་རིམ་དགེ་འོས་སློབ་ཐོན་པས་ཕྱི་ལོ་༢༠༠༧ ལོར་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་བྱས་པའི་༼ཤེས་ཡོན་༽ཞེས་པའི་དཔེ་དེབ་ལས་ཕྱུང་ཡང༌། ཚིག་ལྷག་མང་བས་ཞུ་སྒྲིག་ཕྲན་བུ་ཞུས།