འབུམ་ལའི་ལས་དྲུང་བསྐོ་གཏོང་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
༄༅། །བསྟན་སྒང་ཁྱབ་ཁོངས་རུ་པ་དང༌། གར་འཆམ། ཀྲན་ག འབིར་སྤུར། ས་ཀྲན་གཟམ་པ། འཁོར་ལ་ཀེམ། འབུམ་ལ། རྡི་རང༌། རྟ་དབང་བཅས་ཀྱི་རང་རེའི་མི་མང་གི་བདེ་དོན་སླད་སྔོན་མ་ནས་འབུམ་ལ་ཡན་ལག་ལས་ཁུངས་ནང་ལས་དྲུང་གཏན་སྡོད་ཡོད་པ་དེ་ལྟར་ཡང་ཉེ་ལམ་ལས་དྲུང་གསར་བསྐོ་མེད་པར་ད་ཆ་ཟླ་གྲངས་བཅུ་འགྲོ་བཞིན་འདུག་པར་བཀའ་འདྲི་ཞུ་རྒྱུར། ༡ ས་གནས་མི་མང་ནས་ཇི་ཙམ་འབོད་བསྐུལ་ཞུས་ཀྱང་ལས་དྲུང་བསྐོ་གཏོང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
༢ ད་ཆ་བསྐོ་གཏོང་གནང་རྒྱུའི་ཐད་དགོངས་བཞེས་གང་ཡོད་དམ།
༣ ལས་དྲུང་ཟུར་པའི་སྐོར་ཞིབ་འཇུག་གྲུབ་ཡོད་དམ། ཡོད་ན་གྲུབ་འབྲས་ཇི་བྱུང་གསུང་བདེ་ཡོད་དམ།

བཀའ་ལན།
༡ མི་འགྲོ་འོས་འཚམས་མ་རྙེད་པ་དང༌། ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་འགྲོ་མུས་བཅས་ལ་བརྟེན་ཚབ་གསར་འཕྲལ་གཏོང་ཐུབ་མེད།
༢ ད་ཆ་བཀོད་བསྒྲིགས་གང་མགྱོགས་ཡོང་བའི་བཀའ་ཤག་ལ་སྙན་གསན་ཞུས་ཡོད།
༣ ལས་དྲུང་ཟུར་པའི་ཞིབ་འཇུག་སྐོར། འདི་ནས་ས་གནས་འགོ་འཛིན་ལ་བཀོད་ཁྱབ་སོང་དོན་ལྟར་ཞིབ་འཇུག་དང་འབྲེལ་ཡོད་ཚོར་གོ་བསྐོན་གསལ་བཤད་ཞུས་ཏེ་ཐག་གཅོད་ཟིན་པ་ཡིན་ཞེས་ ༢༠༠༤།༧།༢༤ འཁོད་ནང་སྙན་འབྱོར་བྱུང་བ་ལྟར། ཐག་གཅོད་ཟིན་པར་ངོས་འཛིན་ཞུས་པ་ཡིན། ཡང་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་ཕུན་ཚོགས་ནས་ ༢༠༠༥ ཟླ་ ༢ ཚེས་ ༢༨ འཁོད་ཞུ་རྩ་དོན་ཚན་ ༦ ཅན་ཞིག་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་ཕུལ་འདུག་པའི་ཐད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ ༠༥ ཕྱི་ཟླ་ ༣ ཚེས་ ༧ འཁོད་གནས་དང་བཅས་འདི་ནས་ཞིབ་འཇུག་དགོས་སྐོར་ཕེབས་པ་བཞིན་ས་གནས་སུ་འདྲི་ཞིབ་ཆེད་ཁུངས་ཁྱབ་ཟིན་པ་ཡིན།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་འཕྲོས་དོན་དྲི་བར།
གོང་དུ་དྲི་བ་དང་པོའི་བཀའ་ལན་གྱི་ནང་དུ་ལས་དྲུང་བཏང་མ་ཐུབ་པའི་རྒྱུ་མཚན་ལ་ བྱབྱམི་འགྲོ་འོས་འཚམས་མ་རྙེད་པ་བྱབྱ ཞེས་གསུངས་འདུག་པས་འོས་འཚམས་མ་རྙེད་པ་ཞེས་པའི་འགྲེལ་བཤད་གང་ཡིན་ནམ། ལས་དྲུང་ནི་སྤྱིར་ལས་བྱེད་ནང་ནས་དཀྱུས་མ་ཞིག་རེད་མ་གཏོགས་ཁྱད་ལས་པ་སོགས་དམིགས་བསལ་དེ་འདྲ་གང་ཡང་མ་རེད། བྱས་ཙང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་ཐོག་ནས་འོས་ཆོས་གཏན་འབེབས་ཡོད་པ་གཞིར་བཟུང་གི་ཐོག་ནས་འགྲོ་སྟངས་ཡོད་པ་གཅིག་རེད་མ་གཏོགས་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དེ་འདྲ་གང་ཡང་དགོས་ཀྱི་ཡོད་མ་རེད། དེར་བརྟེན་འོས་འཚམས་མ་རྙེད་པ་ཞེས་པ་ག་འདྲ་ཞིག་ཡིན་ནམ། དེ་དང་ཆབས་ཅིག་འོས་འཚམས་མ་རྙེད་པ་ཞིག་དང༌། ཡང་ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་འགྲོ་མུས་ཞེས་རྒྱུ་མཚན་གཉིས་འདུག་པས་ནང་འགལ་ཡོད་པ་ལྟ་བུ་ཞིག་འདུག དེ་ཡང་འོས་འཚམས་དང་ལྡན་པའི་མི་ཞིག་མ་རྙེད་པ་ཞིག་གསུངས་མུར་ཡང་ཕྱོགས་གཅིག་ནས་ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་འགྲོ་མུས་ཡིན་སྟབས། དེའི་དབང་གིས་བཀོད་བསྒྲིགས་མ་ཐུབ་པ་ཞིག་བཅས་གསུངས་དུས་ནང་འགལ་འདྲ་ཆགས་ཀྱི་འདུག་པས་དེའི་ཐོག་བཀའ་འདྲི་ཞུ་རྒྱུ་གཅིག་དང༌། བཀའ་ལན་གཉིས་པའི་ནང་ “ད་ཆ་བཀོད་བསྒྲིགས་གང་མགྱོགས་ཡོང་བའི་བཀའ་ཤག་ལ་སྙན་གསན་ཞུས་ཡོད་” ཅེས་གསལ་འདུག བཀའ་ཤག་ལ་སྙན་གསན་ཞུ་དགོས་པ་དེ་གང་ཡིན་ནམ། གསུམ་པ་ནང་སྲིད་ནས་ལས་དྲུང་ཟུར་པའི་ཞིབ་འཇུག་བསྒྲུབས་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག ང་དང་ངའི་ཕྱག་རོགས་གཉིས་ཆབ་སྲིད་སློབ་གསོར་ས་གནས་ཐོག་ཕྱིན་པའི་སྐབས་ཕྱི་ཟླ་ ༡༢ པའི་ནང་རེད། དེའི་སྐབས་ས་གནས་མི་མང་དང༌། ལྷག་པར་དུ་འབུམ་ལའི་ས་གནས་རང་བདེན་ཚོགས་ཆུང་དང་གཞོན་ནུའི་ཚོགས་གཙོ་སོགས་དེ་བཞིན་རུ་པ་སོགས་ཀྱི་མི་མང་ཚོགས་འདུའི་སྐབས་སུ་ཞུ་རྒྱུ་ལ། ལས་དྲུང་ཟུར་པའི་གནད་དོན་དེ་ཐག་གཅོད་བྱུང་མ་སོང་ཞེས་ཐག་ཆོད་མེད་པ་རང་ལ་ངོས་འཛིན་གནང་ནས་ངེད་གཉིས་ལ་ཞུ་བསྡད་ཀྱི་འདུག ས་གནས་གཞོན་ནུའི་ཚོགས་གཙོ་ནས་གཞུང་ཞབས་འདེམས་ལྷན་ལ་དོན་ཚན་གང་ཙམ་ཞིག་ཞུས་འདུག་ཟེར་བ་བཞིན། ཁོང་གིས་ངེད་གཉིས་ཀྱི་མདུན་དུའང་གནས་ཚུལ་མང་ཙམ་ཞུས་སོང༌། དེའི་སྐབས་སུ་ངེད་གཉིས་ནས་དེའི་ཐོག་འཛིན་སྐྱོང་ནས་ཞིབ་འཇུག་གནང་བཞིན་པ་ཞིག་ཡིན་སྟབས་ཞིབ་འཇུག་བསྒྲུབས་པའི་མཚམས་ལ་ཁྱེད་རང་ཚོ་ལ་ས་གནས་འགོ་འཛིན་བརྒྱུད་ནས་བཀའ་ལན་ཕེབས་ཀྱི་རེད་ཅེས་ཞུས་པ་ཡིན། ནང་སྲིད་ཀྱི་ཐོག་ནས་ ༢༠༠༤།༧།༢༤ ནས་ཐག་གཅོད་ཟིན་པར་ངོས་འཛིན་ཞུས་པ་ཡིན་ཞེས་གསུངས་ཡོད་རེད། དེ་དང་ཆབས་ཅིག་ས་གནས་གཞོན་ནུའི་ཚོགས་གཙོ་གཞུང་ཞབས་འདེམས་ལྷན་ལ་ཕུལ་བའི་གནས་ཚུལ་ཞིག་གི་ཐོག་ད་ལྟ་བཀའ་བརྩད་གནང་བཞིན་པ་ཡིན་པ་འདྲ་པོ་ཞིག་འདུག དེའི་སྐོར་ཞིབ་འཇུག་བསྒྲུབས་པ་རང་ལ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་ཞིབ་འཇུག་གནང་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་ཁག་ལ་ལན་ཞུ་རྒྱུར་༼མི་འགྲོ་འོས་འཚམས་མ་རྙེད་པ་དང༌། ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་འགྲོ་མུས་ལ་བརྟེན་༽ཞེས་རྒྱུ་མཚན་གཉིས་བཀོད་པ་དེ་སྔ་ཕྱི་ནང་འགལ་འགྲོ་བ་ལྟ་བུ་ཞིག་འདུག དེ་ག་འདྲ་ཡིན་ནམ་ཞེས་བཀའ་འདྲི་ཕེབས་ཐད། ཐོག་མར་ལས་དྲུང་ཟུར་པ་སངས་རྒྱས་འབུམ་རྡི་ལ་ནས་གནས་སྤོས་བཏང་བའི་སྐབས་ས་མིག་དེ་སྡེ་འགན་རེད། དེར་བརྟེན་ལས་བྱེད་གསར་པ་བཀོད་བསྒྲིགས་བྱ་རྒྱུ་དེ་ཡང་ཡང་ན་སྡེ་འགན་གཅིག་དགོས་ཀྱི་ཡོད་རེད། ཡང་ན་དེའི་གནས་རིམ་གཅིག་གི་འོག་མ་ལས་ཁུངས་དོ་དམ་པ་ཞིག་དགོས་ཀྱི་ཡོད་རེད། དེ་གཉིས་གང་རུང་ཞིག་མ་ཡིན་པར་དེ་ལས་གཞན་པའི་ལས་བྱེད་ཅིག་བཏང་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་སོང་ཙང་སྐབས་དེ་དུས་སྡེ་འགན་དང་ཡང་ན་ལས་ཁུངས་དོ་དམ་པ་གང་རུང་གི་གནས་རིམ་ཡིན་པའི་ལས་བྱེད་བཏང་ཆོག་ཆོག་ཅིག་མ་རྙེད་པར་ཟླ་བ་གཅིག་གཉིས་ཙམ་ལུས་པ་རེད། དེའི་རྗེས་ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་བྱེད་རྒྱུའི་ལས་རིམ་འགོ་ཚུགས་པ་ཡིན་ཙང་འབུམ་རྡི་ལའི་ལས་དྲུང་གི་ས་མིག་དེ་རང་འཇགས་བསྡད་ཀྱི་ཡོད་དམ་མེད། གཏན་མ་འཁེལ་བའི་དབང་གིས་སྒྲིག་འཛུགས་བསྐྱར་བཅོས་མ་ཟིན་བར་མ་སྒུག་ན་གནས་རིམ་མ་འཚམས་པར་གྱུར་ཚེ་ཡང་བསྐྱར་གནས་སྤོས་གཏོང་དགོས་ཡོང་གི་རེད་བསམ་ངང་སྒུག་བྱས་པ་རེད། དེ་ལྟར་དང་པོ་བཀོད་བསྒྲིགས་འགྱངས་པ་དང༌། ཡང་བསྐྱར་བཀོད་བསྒྲིགས་འགྱངས་པའི་རྒྱུ་མཚན་གཉིས་བྱུང་བ་དེ་དག་ལན་འདིའི་ནང་གསལ་པོ་ཞུས་ཡོད། དེ་གཉིས་ནང་འགལ་འགྲོ་སྟངས་མེད་ཞུ་རྒྱུ་ཡིན། དེ་ནས་ད་ཆ་བཀོད་བསྒྲིགས་གང་མགྱོགས་ཡོང་བའི་བཀའ་ཤག་ལ་སྙན་གསན་ཞུས་ཡོད་ཅེས་པ་དེ་ནི་གཞུང་ཞབས་ཀྱི་ལས་བྱེད་ཡོངས་རྫོགས་ཀྱི་གནས་སྤོས་དང་བཀོད་བསྒྲིགས་སྔ་ལོ་ནས་བཀའ་ཤག་གིས་གནང་གི་ཡོད་རེད་མ་གཏོགས་དེ་ལས་ཁུངས་སོ་སོས་གནང་གི་ཡོད་མ་རེད། རང་ཁོངས་ལས་བྱེད་གསར་བསྐོ་བྱེད་རྒྱུ་མཚམས་བཞག་ཟིན་པ་རེད། གཞུང་ཞབས་ཤིག་གནས་སྤོས་གཏོང་དགོས་ཀྱི་ཡོད་རེད། དེ་ནི་བཀའ་ཤག་ལ་སྙན་གསན་ཞུ་རྒྱུ་མ་གཏོགས་པའི་ནང་སྲིད་ལས་ཁུངས་ནས་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་སྟབས་བཀའ་ཤག་ལ་སྙན་གསན་ཞུས་ཡོད་ཅེས་ཞུས་པ་ཡིན། བཀའ་ཤག་ནས་དེའི་ཐོག་ལ་གཟིགས་ཞིབ་གནང་མུས་དང༌། ཕལ་ཆེར་བདུན་ཕྲག་འདིའི་ནང་གསར་པ་བཀོད་བསྒྲིགས་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་མི་འགྲོའི་འོས་གཞི་ཁ་ཤས་མིང་བཏོན་ཟིན་ནས་འབྲེལ་ཡོད་ལས་ཁུངས་སོ་སོར་གོ་བསྡུར་ཞུ་བཞིན་པ་ཡིན་འདུག
ཡང་ཞིབ་འཇུག་གི་སྐོར་ལ། ཕྱོགས་གཅིག་ནས་ཞིབ་འཇུག་ཟིན་པ་ཡིན་ཞེས་དང༌། ཕྱོགས་གཞན་ནས་ད་ལྟ་ཞིབ་འཇུག་འགྲོ་བཞིན་པ་ཡིན་ཞེས་གསུངས་འདུག དེ་གང་ཡིན་ནམ་ཞེས་བཀའ་གནང་སོང༌། དེ་ནི་ཞིབ་འཇུག་བྱེད་དགོས་པའི་གནས་ཚུལ་ ༢༠༠༤ ཟླ་བ་ལྔ་པ་དྲུག་པའི་ནང་བྱུང་བ་དེ་ནི་སྐབས་དེར་ས་གནས་འགོ་འཛིན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང༌། ཐག་གཅོད་མ་ཐུབ་ན་གོང་རིམ་ལ་སྙན་གསན་ཞུ་དགོས་བཀོད་མངགས་བྱས་པ་ནང་བཞིན་ས་གནས་འགོ་འཛིན་གྱིས་ཞིབ་འཇུག་བྱས་པ་ཡིན། ཐག་གཅོད་བྱས་ཟིན། རྙོག་དྲ་གང་ཡང་མེད་ཅེས་གསལ་བའི་ཡིག་ཆུང་ ༢༠༠༤ ཕྱི་ཟླ་ ༧ ཚེས་ ༢༤ འཁོད་པ་ནང་སྲིད་དུ་ཕུལ་འབྱོར་བྱུང༌། ཡིག་ཆུང་དེའི་ནང་ བྱབྱད་ལྟའི་ཆར་ད་ཚེས་བར་གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་གླེང་སློང་གང་ཡང་མེད་པ་མ་ཟད། སྣེ་ཡོད་ཁང་ངོ་འཕྲད་སྐབས་ཕན་ཚུན་གསལ་བཤད་བྱ་དགོས་ཞུ་བཞིན་ཡོད་པས་གནས་སྟངས་ལྷིང་འཇཌ་ཡིན་བྱབྱ ཞེས་གསལ་སྟབས་ནང་སྲིད་ལས་ཁུངས་ནས་དེའི་སྐོར་ཡང་བསྐྱར་ཞིབ་འཇུག་མི་དགོས་པར་ཐག་གཅོད་ཟིན་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན། ཡང་ད་ལྟ་ཞིབ་འཇུག་བྱ་དགོས་ཁུངས་ཁྱབ་ཟིན་པ་ཡིན་ཞུས་པ་དེ་ནི་ཉེ་ཆར་ ༢༠༠༥ ཟླ་ ༢ ཚེས་ ༢༨ འཁོད་པའི་ཞུ་རྩ་དོན་ཚན་ ༦ ཅན་གྱི་སྙན་ཞུ་ཞིག་གཞུང་ཞབས་འདེམས་ལྷན་དུ་འབུལ་གནང་འདུག གཞུང་ཞབས་འདེམས་ལྷན་གྱིས་ནང་སྲིད་ནས་ཞིབ་འཇུག་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག་པར་བརྟེན། ངག་དབང་ཕུན་ཚོགས་ནས་ཕུལ་བའི་དོན་ཚན་དྲུག་ཅན་གྱི་སྙན་ཞུ་དང་གཞུང་ཞབས་འདེམས་ལྷན་གྱི་ཡིག་ཆུང་གི་ངོ་བཤུས་དང་སྦྲགས་ནས་ས་གནས་འགོ་འཛིན་ལ་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༧ འཁོད་པའི་ཡིག་ཆུང་བརྒྱུད་དེ་ཞིབ་འཇུག་བྱ་དགོས་བཀོད་མངགས་བྱས་ཡོད། སྔོན་མའི་གནས་ཚུལ་དང༌། ད་ལྟའི་གནས་ཚུལ་གཉིས་འབྲེལ་བ་མེད་པ་ཞིག་ཏུ་མཐོང་གི་ཡོད།

སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
འབུམ་ལའི་ལས་དྲུང་གནས་སྤོས་ཐོག་ལ་གང་ལ་གང་འཚམས་ཤིག་གསལ་པོ་ཆགས་སོང༌། དེ་ཡང་ཛ་དྲག་གི་ཐོག་ནས་ཡིན་པའང་ཤེས་སོང༌། དེ་བཞིན་ཞིབ་འཇུག་འགྲོ་རྒྱུ་སོགས་ཕལ་ཆེར་ཟླ་བ་བཅུ་ཙམ་ཉུང་ཉུང་ཡིན་གྱི་རེད་དེ། ས་ཆ་གལ་ཆེན་པོ་དེ་ལ་ཟླ་བ་དེ་ཙམ་དགོས་པ་དེ་གང་ཡིན་ནམ་ཞུ་རྒྱུ་ཞིག་དང༌། ས་གནས་འགོ་འཛིན་བསྟན་འཛིན་སྒང་དུ་ཡོད་པ་རེད་ཅེས་གསུངས་ཀྱི་འདུག་སྟེ། བསྟན་སྒང་དང་དེའི་དབར་རྒྱང་ཐག་རིང་བ་དང་འགྲོ་ལམ་སྡུག་པ་བརྒྱུད་ལམ་ཡག་པོ་མི་འདུག ཛ་དྲག་གི་འགྲོ་དགོས་སའི་སྐབས་མི་མང་སྡོད་ཡུལ་ཁ་འཐོར་དེ་འདྲའི་ནང་ལ་གནད་འགག་མ་གཟིགས་པར་ལས་ཁུངས་དེ་དག་སྒོ་བརྒྱབས་བཞག་དུས་མཐོང་འདོད་དང་ཉན་འདོད་མེད་པ་ཞིག་བྱུང༌། གནད་འགག་ཆེན་པོ་དེ་འདྲ་ཞིག་ལ་ད་བར་ལས་དྲུང་ཞིག་བཀོད་བསྒྲིགས་མ་ཐུབ་པའི་རྒྱུ་མཚན་ག་འདྲ་ཞིག་ལ་ཐུག་ཡོད་དམ་ཞེས་ཞུ་རྒྱུ་ཡིན།

བཀའ་ལན།
ག་རེ་བྱས་ནས་བཀོད་བསྒྲིགས་བྱས་མ་ཐུབ་པའི་རྒྱུ་མཚན་ཡིག་ཐོག་ཏུ་གསལ་པོ་བཀོད་ཡོད་ལ། གོང་དུ་འཕྲོས་དོན་དྲི་བའི་ལན་དུའང་གསལ་པོར་ཞུས་ཟིན་པ་ཡིན། རྒྱུ་མཚན་དེ་མ་གཏོགས་གསར་པ་ཞུ་རྒྱུ་གང་ཡང་མེད། མི་མང་གིས་གནས་ཚུལ་སྔ་ཕྱི་ལན་མང་ཕུལ་བ་ཡིན། ལན་ཙམ་ཡང་གནང་མ་བྱུང་གསུངས་པ་དེ་དངོས་གནས་ཨེ་ཡིན་བསམ་གྱི་འདུག མི་མང་ལ་བཀའ་འདྲི་གནང་བའི་རྗེས་སུ་འབྲེལ་ཡོད་ས་གནས་འགོ་འཛིན་དང་ནང་སྲིད་ལས་ཁུངས་ལ་བཀའ་འདྲི་གནང་ཡོད་པ་ཡིན་ན། མི་མང་གིས་ག་དུས་ག་རེ་ཞུས་འདུག དེ་ལ་ལན་ག་དུས་གང་ཕུལ་འདུག་དེ་དག་ཐམས་ཅད་ཞུ་རྒྱུ་ཡོད་རྒྱུ་རེད། མི་མང་གིས་ཞུས་པ་ལ་སྣང་མེད་ཐོག་ལན་མེད་པ་དེ་འདྲ་ཕལ་ཆེར་ལྷག་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
སྤྱིར་བཏང་བསྟན་འཛིན་སྒང་ས་གནས་འགོ་འཛིན་དེས་རྟ་དབང་མན་ཆད་ཀྱི་བོད་མི་ཡོངས་ལ་ལྟ་རྟོག་བྱེད་དགོས་པའི་གནས་ཚུལ་དེ་སྔ་ལོ་ནས་ཡོད་བསྡད་པ་ཞིག་རེད། ཡིན་ནའང་རྗེས་སུ་འབུམ་ལའི་གཡས་གཡོན་དུ་ཡོད་པའི་ཁ་འཐོར་མི་མང་ཚོར་ཐག་ཉེ་འབྲེལ་མཚུངས་འབྲེལ་བ་བྱེད་བདེའི་ཆེད་དུ་ལས་དྲུང་ཞིག་བཀོད་བསྒྲིགས་བྱས་འདུག ཡིན་ནའང་དངོས་ཡོད་ཀྱི་གནས་ཚུལ་ལ་གཟིགས་ན་ས་གནས་ལས་དྲུང་གིས་ལས་དོན་ཐག་གཅོད་གང་ཡང་བྱེད་ཐུབ་ཀྱི་མེད་ཙང་མཐའ་མ་བསྟན་སྒང་ས་གནས་འགོ་འཛིན་ལ་འབྲེལ་བ་བྱེད་དགོས་པ་ཆགས་ཀྱི་ཡོད་པ་རེད། གང་ལྟར་བསྟན་འཛིན་སྒང་ས་གནས་འགོ་འཛིན་དུས་ནས་དུས་སུ་འབུམ་སྡེ་ལར་ཆེད་བསྐྱོད་ཐོག་ཛ་དྲག་གི་གནས་ཚུལ་དེ་ཚོ་ལྟ་རྟོག་ཞུ་བཞིན་པ་ཡིན་ཞུ་རྒྱུ་ཡིན།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
ངས་དྲི་བ་ཞུ་རྒྱུ་དེ་གོང་དུ་ཞུས་པ་བཞིན་མི་འགྲོ་འོས་འཚམས་མ་རྙེད་པ་ཞེས་པ་དང་འབྲེལ་བ་ཆགས་ཀྱི་འདུག་སྟེ། གོང་དུ་ནང་སྲིད་བཀའ་བློན་མཆོག་ནས་དེའི་ཐོག་འགྲེལ་བརྗོད་གསལ་པོ་ཞིག་གནང་སོང་བས་གསལ་པོ་ཆགས་སོང༌། ཡིན་ནའང་ང་རང་གིས་གོ་བ་ལེན་སྟངས་ལ་གཞིགས་ན། མི་འགྲོ་འོས་འཚམས་མ་རྙེད་པ་ཞེས་པ་དེ་ད་ཡོད་ཀྱི་སྡེ་འགན་དང་དེའི་གཤམ་འོག་གི་ལས་བྱེད་དེ་དག་ཚང་མ་ལ་མཐོང་ཆུང་འདྲ་བ་ཞིག་ཆགས་ཀྱི་མིན་འགྲོ་བསམ་པ་ཞིག་ཧོབ་ལ་བལྟས་སྐབས་དྲན་སོང༌། ཡིན་ནའང་དེ་ལྟར་མིན་པའི་གསལ་བཤད་དེ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་བསྐྱོན་ཚར་བ་སོང་ཙང༌། ང་རང་ངོས་ནས་ཞུ་རྒྱུ་གང་ཡང་མེད། དེ་ནས་བཀའ་ལན་གཅིག་གི་ནང་གསུངས་དོན་ལ། སྔོན་མ་ལས་བྱེད་བཀོད་བསྒྲིགས་དེ་བཀའ་ཤག་གིས་གནང་གི་ཡོད་རེད། ད་ལྟའང་བཀའ་ཤག་གིས་གནང་གི་ཡོད་རེད་ཅེས་གསུངས་སོང༌། ངའི་དྲན་པ་ལ་བྱས་ན་སྔོན་མ་ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་ཟུར་དུ་ཡོད་པ་དེ་ཡང་བློན་ཆེན་ལས་ཁུངས་བདུན་གྱི་དྲུང་ཆེ་རྣམ་པ་དང་དེའི་ཐོག་ལ་བཀའ་དྲུང་གིས་ཚོགས་གཙོ་གནང་བ་ཞིག་དྲན་གྱི་འདུག དེ་ཏག་ཏག་ཅིག་བསྡད་ཀྱི་ཡོད་མེད་ཀྱི་ཐོག་ལ་གསལ་བཤད་ཅིག་སྐྱབས་འཇུག་ཞུ་རྒྱུ་དང༌། དེ་དང་འབྲེལ་བའི་ཐོག་ནས་རེ་བསྐུལ་ཞུ་རྒྱུ་ཞིག་ལ། ལས་བྱེད་བཀོད་བསྒྲིགས་དེ་སྔོན་མ་བཞིན་ཚོགས་ཆུང་དང་དེ་བཞིན་བཀའ་དྲུང་དབུ་བཞུགས་ཐོག་མཐའ་མའི་ཐག་གཅོད་ལ་ཞིབ་འཇུག་གནང་ཐོག་བཀའ་ཤག་གིས་ཀྱང་ཞིབ་འཇུག་གནང་ཐོག་བཀོད་བསྒྲིགས་ཤིག་གནང་བ་ཡིན་ན། བཀོད་བསྒྲིགས་གནང་ཕྱོགས་ཀྱི་ཕྱག་ལས་དེའི་ཐོག་ལ་སྔར་ལས་ཚགས་ཚུད་པ་ཞིག་ཡོང་རེ་ཞིག་ཡོད། དེར་བརྟེན་དེ་དག་ཐོག་ལ་ཏག་ཏག་ཕྱག་ལེན་འཁྱེར་གྱི་ཡོད་མེད་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིག་གཞིའི་ནང་འཛིན་སྐྱོང་སྡེ་ཚན་དང་ལས་བྱའི་སྡེ་ཚན་གཉིས་ཀའི་ལས་དོན་བཀོད་བསྒྲིགས་བྱ་རྒྱུ་དེ་བཀའ་ཤག་གི་འགན་དབང་ཡིན་ཞེས་གསལ་ཡོད། དེ་ཡང་སྐབས་དེའི་བཀའ་ཤག་ནས་ཆེད་གཉེར་གྱིས་རྒྱུན་ལས་དང་ཚོགས་གཙོ་ལ་འབྲེལ་བ་ཞུས་ཏེ་ལས་བྱེད་བཀོད་བསྒྲིགས་ཀྱི་འགན་དབང་ཆ་ཚང་བཀའ་ཤག་ལ་བཞག་དགོས་ཀྱི་འདུག་ཅེས་ཞུས་པ་དེ་རྒྱུ་མཚན་དང་ལྡན་པ་གཟིགས་ནས་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དང་འཛིན་སྐྱོང་གི་སྒྲིག་གཞི་གཉིས་ཀའི་ནང་ལས་བྱེད་བཀོད་བསྒྲིགས་འགན་དབང་བཀའ་ཤག་ལ་བཞག་ཡོད་པ་རེད། དེ་འདྲ་ཡིན་ཙང་འཛིན་སྐྱོང་སྒྲིག་གཞི་གཏན་ལ་ཕབ་པ་ནས་བཟུང་སྟེ་ལས་བྱེད་བཀོད་བསྒྲིགས་བཀའ་ཤག་གིས་གནང་བཞིན་པ་རེད་མ་གཏོགས་གསར་པ་གང་ཡང་མ་རེད། ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་ཟེར་བ་དེ་བཀའ་ཤག་གིས་བཙུགས་པའི་ཚོགས་ཆུང་ཞིག་རེད་མ་གཏོགས། བཅའ་ཁྲིམས་དང་སྒྲིག་གཞིའི་ནང་ཆ་རྐྱེན་ཡོད་པའི་ཚོགས་ཆུང་ཞིག་མ་རེད། ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་གི་སྒྲིག་གཞི་ཞིག་ཀྱང་བཟོས་འདུག དེ་ཡང་བཀའ་ཤག་རང་གིས་བཟོས་པ་ཞིག་རེད་མ་གཏོགས་གྲོས་ཚོགས་ནས་གཏན་འབེབས་བྱས་པ་ཞིག་མ་རེད། ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་གིས་འཆར་གཞི་ཕུལ་གྱི་ཡོད་རེད། འཆར་གཞི་ཕུལ་བ་དེ་དག་བཀའ་ཤག་གིས་ངོས་བཞེས་གནང་དང་མ་གནང་ཅི་རིགས་ཤིག་ཡོང་གི་ཡོད་འདུག ཡིན་ནའང་ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་གི་ནང་བློན་ཆེན་ལས་ཁུངས་བདུན་གྱི་དྲུང་ཆེ་དེ་ཚོས་དུས་ཚོད་མང་པོ་བཏང་དགོས་ཡོང་གི་ཡོད་པ་དང༌། དེ་ཙམ་དུ་མ་ཟད་ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་གིས་ཕུལ་བའི་འཆར་གཞི་ལ་ཡང་བསྐྱར་བཀའ་ཤག་ནང་བགྲོ་གླེང་ཞིབ་རྒྱས་བྱེད་དགོས་ཡོང་གི་ཡོད་པ་ཡིན་ཙང་ཕན་ཐོགས་ཆེ་བ་གང་ཡང་མི་འདུག དེ་འདྲ་ཡིན་དུས་སྐབས་བཅིུས་པའི་བཀའ་ཤག་གིས་ཚོགས་ཆུང་དེ་ཕྱིར་བསྡུ་བྱས་པ་རེད། ཡིན་ནའང་ལས་བྱེད་བཀོད་བསྒྲིགས་བྱེད་སྐབས་འབྲེལ་ཡོད་བཀའ་བློན་སོ་སོས་དགོངས་འཆར་གནང་རྒྱུ་དང༌། ལས་ཁུངས་སོ་སོའི་དྲུང་ཆེ་སོགས་ལ་གོ་བསྡུར་གནང་རྒྱུའི་གོ་སྐབས་ཡོད་པ་ཡིན་ཙང་ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་མེད་པ་ལ་བརྟེན་ནས་བཀོད་བསྒྲིགས་ཀྱི་ལས་དོན་ལ་འཐུས་ཤོར་དང་ལས་ཁུངས་སོ་སོར་དཀའ་ངལ་འཕྲད་པ་དེ་འདྲ་གང་ཡང་བྱུང་མེད། དེ་འདྲ་ཡིན་དུས་ང་ཚོའི་ལས་དུས་ལྷག་མ་ཐུང་ཐུང་ཞིག་ལས་མེད་པ་དེའི་རིང་ལས་བྱེད་བཀོད་བསྒྲིགས་ཚོགས་ཆུང་བསྐྱར་འཛུགས་བྱེད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད་བསམ་གྱི་འདུག
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
བཀའ་ལན་གསུམ་བསྐྱོན་གནང་འདུག་པས་དེའི་ནང་ནས་དྲི་བ་གཉིས་པའི་ལན་དེ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གསལ་པོ་གསུངས་སོང་བས་ཞུ་དགོས་པ་མི་འདུག དང་པོ་དང་གཉིས་པའི་སྐོར་ལ་སོ་སོའི་བསམ་ཚུལ་དང་སྦྲགས་དྲི་བ་ཞུ་རྒྱུ་ཡིན། དང་པོའི་ནང་གསལ་ལ་ཕྱོགས་གཅིག་ནས་མི་འགྲོ་འོས་འཚམས་མ་རྙེད་པའི་དཀའ་ངལ་ཏན་ཏན་ཆགས་ཀྱི་རེད་དེ། ཕྱོགས་གཞན་ཞིག་ནས་བྱས་ན་དཀའ་ངལ་ཆགས་ཀྱི་མེད་པ་ཞིག་སྒེར་གྱི་ངོས་ནས་མཐོང་གི་འདུག ཡིན་ནའང་ད་ལྟ་ངས་ཞུ་རྒྱུ་ཞིག་ལ། ས་གནས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་འགྲོ་མུས་ཞེས་པ་དེ་སྒྲིག་འཛུགས་ག་འདྲ་ཞིག་རེད། དེ་གསལ་པོ་ཞིག་གསུང་རོགས་གནང་ཞུ་རྒྱུ་ཡིན། དེ་ནས་དྲིས་ལན་གསུམ་པའི་ཐོག་ལ་ཞུ་རྒྱུ་ཞིག་ནི། ལས་དྲུང་ཟུར་པའི་ཞིབ་འཇུག་སྐོར་ཟེར་དུས་ཞིབ་འཇུག་ག་རེ་སྐོར་ཡིན་ན་བསམ་པའི་དྭོགས་པ་འདུག་སྟེ། དེ་དག་ཡིག་ཆ་དང་བཅས་པ་ཆ་ཚང་གསལ་པོ་ཞེ་དྲགས་ཆགས་སོང༌། ཡིན་ནའང་ཞིབ་འཇུག་ཅིག་ཚར་བའི་རྗེས་སུ་ཡང་བསྐྱར་ཟླ་ ༢ ཚེས་ ༢༨ ལ་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་འདུག བྱས་ཙང་འགོའི་ཞིབ་འཇུག་དེ་དང་གཤམ་གྱི་དོན་ཚན་ ༦ ཅན་གྱི་ཞིབ་འཇུག་དབར་འབྲེལ་བ་ཡོད་པ་ཞིག་རེད་དམ། དེའི་ནང་ནས་གཙོ་བོ་ཞིབ་འཇུག་བྱེད་དགོས་པ་དེ་གང་དང་གང་ཡིན་མིན་ཐོག་ལ་གསལ་པོ་ཞིག་གསུང་རོགས་ཞུ་རྒྱུ་ཞིག་དང༌། དེ་ཞིབ་འཇུག་བྱས་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཆོག་གི་ཡོད་དམ་མེད་བསམ་པ་ཞིག་བྱུང་སོང་བས་དོན་ཚན་དེ་དག་གི་སྐོར་ལ་འགྲེལ་བརྗོད་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
སྤྱིར་བཏང་བཀུར་འོས་སྤྱི་འཐུས་མཆོག་གིས་དྲི་བ་མ་ཡིན་པར་དགོངས་ཚུལ་ཞིག་བཀའ་གནང་སོང༌། དེ་ཡང་མི་འགྲོ་འོས་འཚམས་མ་རྙེད་པ་ཡོད་པ་མ་རེད་གསུངས་ཀྱི་འདུག འདིར་མི་འགྲོ་འོས་མཚམས་ཞེས་པ་དེ་ཤེས་ཡོན་དང་འཇོན་ཐང་འདེང་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་མ་རེད། ས་གནས་དེའི་ས་མིག་དང་གནས་རིམ་འཚམས་པ་ཞིག་དང༌། སྡེ་ཚན་གཞན་ཞིག་ནས་གནས་སྤོས་བྱེད་སྐབས་སྡེ་ཚན་དེ་ལ་མི་འགྲོ་ཚབ་གསར་འཕྲལ་དུ་བསྐོ་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། བཀུར་འོས་སྤྱི་འཐུས་མཆོག་འཛིན་སྐྱོང་ནང་བཞུགས་མྱོང་མེད་སྟབས་དཀའ་ངལ་དེ་མཁྱེན་གྱི་མ་རེད། གལ་སྲིད་འཛིན་སྐྱོང་ནང་དུ་བཞུགས་པ་ཡིན་ན་དེ་ལས་ཆེ་བའི་དཀའ་ངལ་མང་པོ་ཞིག་གཟིགས་ཀྱི་རེད།
སྒྲིག་འཛུགས་བསྐྱར་བཅོས་གང་གནང་གི་ཡོད་རེད་ཅེས་བཀའ་གནང་སོང༌། དེ་ནི་ཚང་མས་མཁྱེན་གསལ་ལྟར་ལོ་གཉིས་རེའི་མཚམས་ལས་འབོར་ཉམས་ཞིབ་རེ་བྱས་ཏེ་གཞུང་ཞབས་ཀྱི་ས་མིག་གཏན་འབེབས་བྱེད་དགོས་པ་བཀའ་ཤག་དང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞིའི་ནང་གསལ་པོར་འཁོད་ཡོད། དེ་བཞིན་གྲོས་ཚོགས་ནས་ཀྱང་དེའི་ཐོག་ལ་ལམ་སྟོན་སྔ་རྗེས་ཕེབས་ཡོད་པ་ལྟར་བཀའ་ཤག་གིས་སྒྲིག་དོན་ལག་བསྟར་བྱ་རྒྱུའི་འབད་བརྩོན་མང་པོ་བྱས་པ་རེད། སྐབས་ ༡༢ པའི་བཀའ་ཤག་གིས་ལས་ཁུར་བླངས་མ་ཐག་རྒྱ་གར་གྱི་ཁྱད་མཁས་མི་སྣ་གདན་འདྲེན་ཞུ་རྒྱུས་མཚོན་ཐབས་ཤེས་མང་པོ་བྱས་པ་ཡིན་ཡང་མཐར་ལས་འབོར་ཉམས་ཞིབ་ཚད་དང་ལྡན་པ་ཞིག་བྱས་ཐུབ་མ་སོང༌། དེ་འདྲ་སོང་ཙང་སྦྲུལ་ཡང་ཤི་ལ་རྒྱུག་པ་ཡང་མ་ཆག་པའི་ཐབས་ལམ་ཞིག་བསྟེན་ཏེ་དབུས་སའི་ལས་ཁུངས་ཡོངས་རྫོགས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་བྱས་ནས་ས་མིག་གཏན་འབེབས་བྱས་པ་རེད། ཕྱོགས་གཞན་ཞིག་ནས་ཞུ་ན། ལས་འབོར་ལ་བརྟེན་ནས་ས་མིག་གཏན་འབེབས་བྱས་མ་ཐུབ་པ་ཡིན་ཙང་ས་མིག་ལ་ལྟོས་ཏེ་ལས་འབོར་བཀོད་བསྒྲིགས་བྱ་དགོས་བྱུང་བ་རེད། མདོར་བསྡུས་ཏེ་ཞུས་ན་ད་ལྟ་ཡོད་བཞིན་པའི་གཞུང་ཞབས་དང་རང་ཁོངས་་ལས་བྱེད་རྣམས་ནས་གཅིག་ཀྱང་མཁུ་བསྡུ་བྱེད་མི་དགོས་པར་རང་འཇགས་ཐོག་ཁོང་ཚོར་ལས་ཀ་འདང་ངེས་ཤིག་བཀོད་བསྒྲིགས་བྱེད་རྒྱུའི་ལྟ་གྲུབ་ཅིག་བཟུང་སྟེ་སྒྲིག་འཛུགས་བསྐྱར་བཅོས་བྱས་པ་རེད། དབུས་ཀྱི་ལས་ཁུངས་ཁག་གི་ནང་ལས་ཀའི་ངོ་བོ་ལ་གཞིགས་པའི་སྡེ་ཚན་དང་སྡེ་ཚན་འོག་ཚན་པ་བཅས་དབྱེ་བ་ཕྱེ་ནས་ལས་བགོས་བྱས་ཡོད་པ་རེད། གཞིས་ཆགས་ཁག་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་ནས་གཞིས་ཆགས་ཆེ་ཆུང་ལ་གཞིགས་པའི་ས་མིག་གཏན་འབེབས་བྱས་ཡོད། ད་ལྟ་ཡོད་བཞིན་པའི་ལས་བྱེད་རྣམས་སྒྲིག་འཛུགས་བསྐྱར་བཅོས་དང་མཐུན་པར་རིམ་པས་བཀོད་བསྒྲིགས་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད། གཞིས་ཆགས་ཁག་མང་པོ་ཞིག་ལ་ད་ཡོད་ལས་བྱེད་པའི་ས་མིག་དང་སྒྲིག་འཛུགས་བསྐྱར་བཅོས་རྗེས་ཀྱི་ས་མིག་གཉིས་དབར་ཁྱད་པར་ཕྱིན་ཡོད་ཀྱང་འབུམ་སྡེ་ལར་ཡོད་པའི་ལས་བྱེད་དེའི་ས་མིག་དེ་རང་འཇགས་ཡིན་སྟབས། མགྱོགས་མྱུར་ལས་བྱེད་བསྐོ་གཏོང་ཞུ་རྒྱུ་ཡིན། ཡང་སྔོན་མ་ཞིབ་འཇུག་བྱས་དགོས་པ་དེ་གང་རེད་དམ། ད་ལྟ་བསྐྱར་དུ་ཞིབ་འཇུག་བྱེད་དགོས་པ་དེ་གང་རེད་ཅེས་བཀའ་གནང་བའི་ཐད་ ༢༠༠༤ ཟླ་ ༥ ཚེས་ ༢༤ ཉིན་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་ཕུན་ཚོགས་ཀྱིས་ས་གནས་འགོ་འཛིན་གྱི་མཚན་ཐོག་སྙན་ཞུ་ཞིག་ཕུལ་བའི་ནང་ཡུལ་མི་དབང་འདུས་ཀྱི་བཟའ་ཟླ་དང་འབུམ་སྡེ་ལ་ས་གནས་ལས་དྲུང་སངས་རྒྱས་གཉིས་དབར་འབྲེལ་བ་ཡོད་ཚུལ་གྱི་སྐོར་ངག་དབང་ཕུན་ཚོགས་ཀྱི་བཟའ་ཟླ་བདེ་སྐྱིད་ཀྱིས་ལབ་ཀྱི་འདུག་ཅེས་སངས་རྒྱས་ཀྱིས་དབང་འདུས་ལ་ལབ་འདུག་པས་ཁོ་ཚོའི་ཉེ་འབྲེལ་ཁ་ཤས་ཁོ་རང་གི་ནང་དུ་ཡོང་ནས་བཟའ་ཟླར་འགྲམ་ལྕག་ཞུས་འདུག་པས། དེ་ནི་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་ཡིན་པས། ལས་དྲུང་སངས་རྒྱས་ཀྱིས་དེ་འདྲ་བྱེད་དགོས་དོན་གང་ཡིན་དེའི་སྐོར་ཞིབ་འཇུག་གནང་དགོས་ཀྱི་འདུག་ཅེས་འཁོད་འདུག་པ་དེའི་ངོ་བཤུས་ནང་སྲིད་ལས་ཁུངས་སུ་ཕུལ་འདུག ནང་སྲིད་ནས་ཡི་གེ་དེའི་ངོ་བཤུས་འབྱོར་བ་དང་ཟླ་ ༦ ཚེས་ ༡༩ ཉིན་ས་གནས་འགོ་འཛིན་ལ་གནས་ཚུལ་དེར་ཞིབ་འཇུག་གིས་སྙན་ཐོ་འཕྲལ་དུ་འབུལ་དགོས་ཀྱི་རེད་ཅེས་བཀོད་ཁྱབ་ཞུས་འདུག དེ་ཞིབ་འཇུག་དང་པོ་དེ་རེད། དེའི་གྲུབ་འབྲས་ལ་ ༢༠༠༤ ཟླ་ ༧ ཚེས་ ༢༤ འཁོད་པའི་ས་གནས་འགོ་འཛིན་གྱི་གནས་བྲིས་ནང་ཐག་གཅོད་གཙང་མ་ཟིན་པ་ཡིན་ཞེས་འཁོད་འདུག་པས་ནང་སྲིད་ནས་དེ་དོན་ཡིན་པར་ཆ་འཇོག་གིས་ལེའུ་དེ་རྫོགས་ཟིན་པ་རེད། དེ་ནས་ཡང་བསྐྱར་ངག་དབང་ཕུན་ཚོགས་ཀྱིས་གཞུང་ཞབས་འདེམས་ལྷན་ལ་ཉེ་ཆར་ ༢༠༠༥ ཟླ་ ༢ ཚེས་ ༢༨ འཁོད་པའི་སྙན་ཞུ་དོན་ཚན་ ༦ ཡོད་པ་ཞིག་ཕུལ་འདུག་པ་ལས་ནང་སྲིད་དང་ས་གནས་འགོ་འཛིན་ལ་ཕུལ་མེད་སྟབས། སྤྱིར་བཏང་བྱས་ན་ནང་སྲིད་དང་འབྲེལ་བ་མེད་པ་ཞིག་རེད། དོན་ཚན་དྲུག་གང་རེད་གསུངས་པའི་ཐད། དོན་ཚན་དང་པོ་ལས་དྲུང་སངས་རྒྱས་སུ་གང་ལའང་མ་ལབ་པར་བྲོས་བྱོལ་དུ་ཕྱིན་པའི་སྐོར་དང༌། དོན་ཚན་གཉིས་པ་ས་གནས་འགོ་འཛིན་ལ་བཀའ་འདྲི་ཞུས་པའི་སྐབས་སངས་རྒྱས་ཀྱིས་རྩིས་སྤྲོད་རྩིས་ལེན་གང་ཡང་མ་བྱས་པར་ཐོན་སོང་ཞེས་གསུངས་ཀྱི་འདུག་ཚུལ། དོན་ཚན་གསུམ་པ་སངས་རྒྱས་ཕྱིན་པའི་རྗེས་ལ་ད་བར་ལས་ཁུངས་སྒོ་མ་ཕྱེ་བའི་གནས་ཚུལ། དོན་ཚན་བཞི་པ་ཁོང་དེ་ནས་ཕེབས་དགོས་དོན་བསྟན་སྒང་གཞིས་ཆགས་དང་འབུམ་ལའི་བོད་མི་རེ་ཟུང་དང་ཡུལ་དེའི་ཡུལ་མི་འགའ་ཤས་དང་འབྲེལ་བ་ཡག་པོ་མེད་པའི་རྐྱེན་གྱིས་རེད་མ་གཏོགས། འབུམ་ལའི་བོད་མི་ཚང་མ་མ་དགའ་བ་བཟོས་པ་ཞིག་མ་རེད་ཅེས་འཁོད་འདུག དོན་ཚན་ལྔ་པ་ས་གནས་འགོ་འཛིན་ཚེ་དབང་རྟ་མགྲིན་ལགས་ལ་སྙན་གསན་ཡང་ཡང་ངག་ཐོག་ནས་ཞུས་ཀྱང་གསལ་བཤད་མེད་པའི་ཐོག་སྦས་གསང་གནང་གི་འདུག་སྐོར། དོན་ཚན་དྲུག་པ། ཁོང་འདི་ནས་མ་ཕེབས་གོང་ལ་བོད་མི་དང་ཡུལ་མིའི་དབར་མཐུན་འབྲེལ་ཞན་དུ་འགྲོ་རྒྱུའི་དཀྲོགས་གཏམ་ཞིག་བརྗོད་ནས་ཕེབས་འདུག དེའི་རྐྱེན་གྱིས་འབུམ་ལ་ས་གནས་ཡུལ་མི་དབང་འདུས་ཟེར་བ་ཞིག་གིས་འབུམ་ལ་ས་གནས་གཞོན་ནུའི་ཚོགས་གཙོའི་བཟའ་ཟླར་ཉེས་བརྡུང་ཚད་མེད་བཏང་འདུག་ཚུལ་བཅས་འཁོད་འདུག དོན་ཚན་དེ་ཚོའི་ནང་ནས་གཞོན་ནུའི་ཚོགས་གཙོའི་བཟའ་ཟླར་ཉེས་བརྡུང་བཏང་འདུག་ཅེས་པ་དེ་གཅིག་པ་རེད་མ་གཏོགས་དེ་མིན་གྱི་དོན་ཚན་རྣམས་ཁག་ཁག་རེད་འདུག

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨