འབུམ་ལའི་ཀུ་ཤུའི་འདེབས་ལས་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས། ལོ་གསུམ་སྔོན་བསྟན་སྒང་གཞིས་ཆགས་ཀྱི་ས་ཞིང་ཕལ་མོ་ཆེ་བོད་གཞུང་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཀྱི་ཐོག་ནས་ཤིང་འབྲས་འདེབས་རྒྱུའི་ལས་གཞིར་བསྒྱུར་གནང་གིས་མང་ཆེ་བར་ཀུ་ཤུ་བཏབ་འདུག ལོ་ལྔ་ཅན་གྱི་འཆར་གཞི་ཁོངས་ད་ལྟ་ལོ་རིམ་གསུམ་པ་རྫོགས་ཙམ་ཡིན། འདས་ལོར་ཀུ་ཤུར་ན་ཚ་ཞིག་ཕོག་སྟེ་གཞིས་མི་རྣམས་ལ་དཀའ་ངལ་དང་སེམས་འཚབ་ཅི་ཆེ་བཟོ་བཞིན་པར་ནང་སྲིད་ནས་སྨན་བཅོས་བྱ་རྒྱུའི་ཐད་ཉམ་ཐག་རིགས་ལ་མ་གཏོགས་རོགས་རམ་གནང་རྒྱུ་མིན་པའི་མཛད་བྱུས་ཤིག་འདུག་ན་བཀའ་འདྲི་ཞུ་རྒྱུར།

༡ ཐོག་མའི་སྲིད་བྱུས་དང་ལོ་ལྔ་ཅན་གྱི་འཆར་གཞི་བཅས་རང་གཞུང་ནས་གཏན་འབེབས་གནང་བར་བརྟེན་དེ་དག་མཇུག་བསྒྲིལ་མ་བྱུང་བར་བོད་གཞུང་ནས་སྤྱི་ཡོངས་གཟིགས་རྟོགས་ཀྱིས་མགོ་འདོན་འཚོ་སྐྱོང་གནང་དགོས་པ་བཟང་སྤྱོད་ཀྱི་ལས་འགན་ཞིག་མ་ཡིན་ནམ།
༢ དེ་མཚུངས་བཀའ་ཤག་ནས་དགོངས་གཞི་དང༌། ཕྱག་ལེན་བསྟར་འཆར་གང་ཡོད་དམ།
༣ ཤིང་འབྲས་གནག་ཕྱུགས་ལས་སྐྱོབ་ཆེད་ས་ཞིང་ལ་རྭ་བ་བསྐོར་རྒྱུའི་འགྲོ་གྲོན་ཡང་གཞུང་ནས་གནང་དགོས་པ་ཞིག་མ་ཡིན་ནམ།

བཀའ་ལན།
༡ ལོ་ལྔ་ཅན་གྱི་འཆར་གཞི་མཇུག་བསྒྲིལ་མ་བྱུང་བར་བོད་གཞུང་ནས་ལྟ་རྟོག་དགོས་ངེས་ཀྱང༌། འབུམ་ལའི་ཀུ་ཤུ་འདེབས་འཛུགས་ལས་གཞི་ལོ་གསུམ་ཡིན་པ་དང༌། ལས་གཞི་ ༡༩༩༨ ལོར་འགོ་འཛུགས་ཀྱིས་ ༢༠༠༡ ལོར་མཇུག་བསྒྲིལ་ཟིན་པ་ཡིན། ལས་གཞིའི་ལོ་དུས་རྫོགས་ཀྱང་དཀའ་ངལ་བྱུང་ན་ལྟ་སྐྱོང་བྱ་རྒྱུ་གཞུང་གི་ལས་འགན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
༢ སྔ་ལོ་ཕྱི་ཟླ་ ༩ ནང་ཀུ་ཤུར་ན་ཚ་ཕོག་པའི་གནས་ཚུལ་ཐོས་འཕྲལ་ལས་གཞི་འདིའི་ཁྱད་མཁས་སློབ་སྟོན་པའི་སར་མི་སྣ་ཆེད་གཏོང་གིས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་ལམ་སྟོན་ཇི་གནང་ལྟར་ཞུ་དགོས་ལམ་སྟོན་ཞུས་ཟིན་པ་ཡིན། སྨན་བཅོས་ཀྱི་རིན་འབབ་ཆ་ཚང་ད་བར་གཞུང་ནས་བཏང་ཡོད།
༣ དེ་སྔ་རྭ་བ་ཞིག་གཞུང་གྲོན་བཏང་སྟེ་བསྐོར་ཟིན་པ་དང༌། ད་ཆ་རྭ་བ་གསར་པ་ལྕགས་ཀྱི་ཀ་བ་ཡོད་པ་བསྐོར་རྒྱུའི་ལས་གཞི་ཕྱེད་ཟིན་ཞིང༌། འཕྲོས་ད་ལྟ་རོགས་དངུལ་ཐབས་འཚོལ་བྱེད་མུས་ཡིན།

སྤྱི་འཐུས་ཐོགས་མེད་ལགས་ནས་འཕྲོས་དོན་དྲི་བར།
འབུམ་སྡེ་ལ་ཁ་འཐོར་གཞིས་ཆགས་མ་གཏོགས་མི་འདུག་པས་བཙན་བྱོལ་གཞུང་གིས་ལོ་གསུམ་ཙམ་གྱི་སྔོན་ནས་ཀུ་ཤུ་འདེབས་འཛུགས་ཀྱི་འཆར་གཞི་དེ་འདྲ་བཏིང་ཡོད་དམ།

བཀའ་ལན།
བསྟན་འཛིན་སྒང་གཞིས་ཆགས་འབུམ་སྡེ་ལའི་རྫོང་ཁོངས་སུ་ཡོད་པ་སོང་ཙང༌། ལས་གཞི་དེ་ཐོག་མར་བཟོ་སྐབས་ Settlement Bomdila Arunachal Pradesh ཞེས་བྲིས་ཡོད་པ་སོང་ཙང་ལས་གཞི་དེར་འབུམ་ལ་ཀུ་ཤུ་འདེབས་ལས་ཞེས་ཡིག་ཆ་ཚོའི་ནང་ལ་འཁོད་འདུག ཀུ་ཤུ་འདེབས་ལས་བྱེད་ས་དེ་འབུམ་སྡེ་ལ་རྫོང་གི་ལས་ཁུངས་ཁག་ཡོད་ས་དེར་མ་རེད། བསྟན་འཛིན་སྒང་གཞིས་ཆགས་ཀྱི་ནང་ལ་རེད།

སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
སོ་སོ་ས་གནས་ས་ཐོག་ལ་ཕྱིན་པ་སོང་ཙང་ཀུ་ཤུའི་ལས་གཞི་དེ་དངོས་གནས་དྲང་གནས་རེ་བ་ཡོད་བསྡད་པ་འདྲ་པོ་ཞིག་རེད་འདུག ཀུ་ཤུ་ལ་ན་ཚ་པགས་ནད་ལ་སོགས་པ་གང་ཡང་མི་འདུག ཡིན་ན་ཡང་ད་ལྟ་བཀའ་ཤག་གིས་བཀའ་ལན་གནང་བ་བཞིན་ན་ཚ་ཡོད་པ་དང༌། དེ་ལ་སྨན་གནང་བ་དེ་འདྲ་ཡིན་ན་དགའ་བསུ་ཞུ་རྒྱུ་ཡིན། ལྕགས་ཀྱི་རགས་བསྐོར་རྒྱུ་དེ་འཆར་གཞི་ཆེན་པོ་ཞིག་ཡིན་ཙང༌། རྭ་བ་དེ་དུས་ཚོད་ག་དུས་བསྐོར་འཆར་ཡོད།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་བཀའ་གནང་བ་བཞིན། ཐོག་མ་ནས་ལྕགས་ཀྱི་ཀ་བ་བཙུགས་ཐུབ་ཡོད་ན་ཡག་པོ་ཡོད་ནའང་གཞིས་ཆགས་གསར་རྒྱག་གི་སྐབས་ལ་ལས་གཞི་མང་ཆེ་བ་འགྲོ་སོང་གང་ཆུང་དང་འཕྲལ་སེལ་དེ་འདྲ་གཅིག་མཚུངས་བྱས་འདུག ཁ་སང་གྲོས་ཚོགས་སུ་བཀའ་བསྡུར་མང་པོ་བྱུང་བ་ལྟར། ཉི་འོད་ཀྱི་གླང་ཆེན་རྭ་བ་དང༌། ཆུའི་ལས་གཞི་དེ་དག་འདི་དང་གནས་སྟངས་གཅིག་པ་རེད། བསྟན་འཛིན་སྒང་གཞིས་ཆགས་ཀྱི་རྭ་བ་རྙིང་པ་དེས་ལོ་ཤས་རིང་ཏན་ཏན་ཕན་ཐོགས་ཡོད་རེད། འོན་ཀྱང་ཤིང་ཀ་རིམ་པས་རུལ་ནས་ཉམས་ཆག་སོང་བ་ད་ཆ་ལྕགས་ཀྱི་ཀ་བར་བསྒྱུར་གྱི་ཡོད། ལྕགས་ཀྱི་ཀ་བ་ ༣༣༣༡ བཙུགས་ཚར་འདུག ད་དུང་ཀ་བ་ ༣༦༦༩ བཙུག་དགོས་ཀྱི་འདུག ཕྱེད་ཀ་མིན་ཙམ་ཟིན་པ་རེད། ཕྱེད་ལྷག་ཙམ་ཞིག་ད་དུང་བཙུག་རྒྱུ་རེད། དུས་ཚོད་འདི་ཙམ་ལ་ཟིན་གྱི་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག་སྟེ་ལས་གཞི་འགྲོ་བཞིན་པ་ཡིན། གང་མགྱོགས་ཟིན་པའི་རེ་བ་བྱེད་ཀྱི་ཡོད།

སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
ད་ལྟ་བཀའ་ལན་གྱི་ནང་དུ་ཀུ་ཤུ་ལ་ན་ཚ་ཕོག་པའི་གནས་ཚུལ་ཐོས་འཕྲལ་ལས་གཞི་འདིའི་ཁྱད་མཁས་སློབ་སྟོན་པ་ལ་འབྲེལ་བ་གྱིས་ཞེས་བཀོད་ཁྱབ་གནང་ཡོད་ཅེས་བཀའ་གནང་འདུག བཀའ་གནང་དོན་ལྟར་སྨན་བཅོས་བྱས་ནས་ན་ཚ་འགོག་ཐབས་བྱས་ཐུབ་པ་བྱུང་ཡོད་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཞིག་དང༌། ལར་ནས་ང་ཚོའི་གཞུང་གི་ལས་གཞི་ཚང་མ་པད་ཤག་ཅིག་རག་དུས་ཐོག་མར་འགོ་བཙུགས་ཏེ་སྒྲོམ་གཞི་ཆ་ཚང་བཟོས་ཚར་དུས་མཇུག་མ་སྐྱེལ་བ་དང༌། ཁུངས་མ་འཁྱོལ་བས་རྗེས་སུ་ལས་གཞི་སྒོ་རྒྱག་དགོས་པ་དང་ཁུངས་མ་འཁྱོལ་བའི་རིགས་མང་པོ་ཞིག་ཆགས་ཀྱི་ཡོད་རེད། དེའང་ས་གནས་ཁག་ཏུ་ལྟ་སྐོར་འགྲོ་བའི་སྐབས་དང་རྩིས་ཞིབ་སྙན་ཐོ་སོགས་ལ་བལྟས་སྐབས་ངའི་མཐོང་ཚུལ་དེ་འདྲ་དངོས་ཡོད་ཀྱི་ཐོག་ནས་ཡོད། གོང་དུ་གླེང་བ་བྱེད་གཞི་ཀུ་ཤུ་འདེབས་ལས་ཀྱི་ལས་གཞི་ཡག་པོ་ཞིག་བཙུགས་ཡོད་པ་འདྲ། དེ་ལས་མཇུག་སྐྱེལ་མཁན་ཞིག་དང༌། ན་ཚ་ཕོག་ན་སྨན་བཅོས་བྱེད་ཐུབ་མཁན་སོགས་ལྟ་སྐྱོང་བྱེད་ཐུབ་མཁན་གྱི་ཁྱད་ལས་པ་མི་སྣ་ཡོད་དང་མེད། མེད་ན་རྒྱ་གར་མི་སུ་དང་སུ་ལ་འབྲེལ་བ་བྱེད་དགོས་པ་དང༌། ལྷག་པར་དུ་ནང་སྲིད་ལས་ཁུངས་སུ་ལས་གཞི་མཇུག་སྐྱོང་བྱེད་མཁན་གྱི་མི་སྣ་སུ་ཡོད་དམ་མེད་དང༌། ཡོད་ན་ས་གནས་ས་ཐོག་ལ་ལྟ་སྐོར་དུ་འགྲོ་གི་ཡོད་མེད་བཅས་དེ་ཚོའི་ཐོག་ལ་བཀའ་ལན་གནང་རོགས་གནང༌།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བའི་ནང་ལ་ཆ་ཤས་གསུམ་འདུག
དང་པོ། ལས་གཞི་མང་པོ་མཇུག་མ་བསྐྱལ་བའི་གཟིགས་སྣང་བྱུང་ཞེས་བཀའ་གནང་སོང༌། མཐོང་སྣང་དེ་ད་ལྟའི་བཀའ་ཤག་ལའང་ཡོད་བཞིན་པ་ཡིན། དེ་ལ་གསལ་བཤད་ཞུ་རྒྱུ་མེད།
གཉིས་པ། ཁྱད་ལས་པ་ལ་བཀའ་འདྲི་ཞུས་ཞེས་བཀའ་བཏང་འདུག ད་ལྟ་ག་པར་སླེབས་ཡོད་རེད་ཅེས་བཀའ་གནང་སོང༌། བཀའ་བཏང་ཡོད་ཞུས་མེད། ཁྱད་མཁས་སློབ་སྟོན་པའི་སར་མི་བཏང༌། ཤིང་སྡོང་གི་ནད་གཞི་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱས་ནས་ད་ལྟའི་གནས་སྐབས་སུ་སྨན་རྒྱག་དགོས་པའི་རིགས་ཚང་མ་བརྒྱབས་ཟིན་པ་ཡིན། ད་ལྟ་ཀུ་ཤུའི་ལོ་མ་མར་ཟག་པའི་སྐབས་ཡིན་ཅིང༌། སྨན་བརྒྱབས་པ་དེ་དག་གིས་ན་ཚ་རྩ་བ་ནས་ཆོད་པ་ཞིག་བྱུང་ཡོད་དམ། ད་དུང་ལོ་མ་གསར་པ་སྐྱེ་བའི་སྐབས་ལ་ན་ཚ་ཤུལ་ལུས་བསྡད་ཡོད། དེ་རིང་སང་ཉིན་ཞིབ་འཇུག་བྱ་རྒྱུ་རེད། ད་ལྟ་ལོ་མ་སྐྱེ་བཞིན་པ་རེད། ལོ་མ་གང་འཚམས་ཆེ་རུ་ཕྱིན་པའི་སྐབས་སུ་ཡང་བསྐྱར་ཁྱད་མཁས་མི་སྣས་ཞིབ་འཇུག་བྱས་ཏེ་སྨན་རྒྱག་དགོས་དང་མི་དགོས། སྔ་ལོ་ལོ་མ་ཟག་པའི་སྐབས་བརྒྱབས་པའི་སྨན་དེས་ན་ཚ་ཡོངས་རྫོགས་མཚམས་ཆོད་ཡོད་མེད་དེ་ཚོ་འབྱུང་འགྱུར་གྱི་ཟླ་བ་གཅིག་གམ་ཕྱེད་ཀའི་ནང་གསལ་པོ་ཐག་ཆོད་རྒྱུ་ཞིག་རེད། གལ་སྲིད་སྨན་རྒྱག་དགོས་ཀྱི་ཡོད་ན་སྨན་ཚང་མ་ཕ་གིར་འབྱོར་ཟིན་པ་རེད། དེའི་འགྲོ་སོང་གོང་དུ་ཞུས་པ་བཞིན་ད་ལྟ་བར་དུ་ནང་སྲིད་ནས་བཏང་ཡོད་ཞུ་རྒྱུ་ཡིན། འོན་ཀྱང་རྒྱུན་དུ་གཞན་བརྟེན་གྱི་བསམ་བློ་དོར་བའི་ཆེད་དུ་གལ་སྲིད་མི་ཚང་སོ་སོ་ནས་དཔལ་འབྱོར་གྱིས་ལྕོགས་པ་ཡོད་ན། འགྲོ་སོང་དེ་གསབ་ཐུབ་ན་ཡག་པོ་ཡོད་པའི་སྲིད་བྱུས་ཤིག་བཟུང་ཡོད།
གསུམ་པ། ཀུ་ཤུ་ལྡུམ་རའི་ལས་གཞིའི་ཐོག་ལ་ལྟ་སྐྱོང་བྱེད་ཐུབ་མཁན་གྱི་ས་གནས་རང་གི་མི་ཡོད་རེད་དམ་ཞེས་གསུངས་སོང༌། ས་གནས་རང་ལ་སྦྱོང་བརྡར་ཆ་ཚང་ཕུལ་བའི་མི་གཉིས་ད་ལྟ་ཡོད་མུས་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
འབུམ་ལ་ཀུ་ཤུ་འདེབས་འཛུགས་ཀྱི་ལས་གཞི་ལོ་གསུམ་ཡིན་པ་དང༌། དེ་ ༢༠༠༡ ལོར་མཇུག་བསྒྲིལ་ཟིན་པ་རེད་ཅེས་གསུངས་འདུག མཇུག་བསྒྲིལ་ཚར་བའི་རྗེས་ལའང་དཀའ་ངལ་ཡང་བསྐྱར་བྱུང་ནས་གཞུང་གིས་རོགས་རམ་གནང་ཡོད་གསུངས་འདུག ངས་བཀའ་འདྲི་ཞུ་རྒྱུར་མཇུག་བསྒྲིལ་ཟིན་པའི་གཞིས་ཆགས་ཁག་ལ་སྟོན་ཉེས་སླར་ཡང་བྱུང་བ་ཡིན་ན། རང་གཞུང་ནས་ས་གནས་གཞན་ལའང་གཅིག་མཚུངས་ཀྱིས་རོགས་རམ་གནང་ཐུབ་ཀྱི་ཡོད་རེད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་གནང་བ་བཞིན་ལས་གཞི་མཇུག་བསྒྲིལ་ཟིན་ནའང་དཀའ་ངལ་བྱུང་ན་གཞུང་གིས་གཟིགས་དགོས་པ་ཞིག་ཆགས་བསྡད་ཀྱི་འདུག དངོས་གནས་བྱས་ན་གཟིགས་མ་དགོས་པ་དང་གཟིགས་མ་འོས་པ་ཞིག་རེད། ཡིན་ན་ཡང་གཟིགས་ཀྱི་ཡོད་རེད། གཞིས་ཆགས་ཁག་མང་ཆེ་བ་གཞིས་ཆགས་ཀྱི་ལས་གཞི་མཇུག་བསྒྲིལ་ནས་ལོ་ཉི་ཤུ་སུམ་ཅུ་ཕྱིན་པ་དེ་འདྲ་རེད། དེ་ཚོའི་ནང་ལ་སྟོན་ཉེས་བྱུང་བའི་སྐབས་སྟོན་ཉེས་གུན་གསབ་སྤྲོད་སྡོད་ཀྱི་ཡོད་རེད། སྟོན་ཉེས་གུན་གསབ་སྤྲད་པའི་རྗེས་ལའང་སྤྲོད་སྟངས་འགྲིག་མ་སོང་ཞེས་རྙོག་དྲའི་སྐྱོ་མ་ལྡག་སྡོད་ཀྱི་ཡོད། རྐྱེན་ངན་བྱུང་བའི་རྗེས་ལ་གཞུང་གིས་གཟིགས་རྟོག་གནང་དགོས་ཡོང་གི་འདུག མ་འོངས་པར་ཡང་བསྟན་འཛིན་སྒང་ཙམ་མ་ཡིན་པར་གཞིས་ཆགས་གང་དུའང་དེ་དང་དེ་འདྲ་བའི་རྐྱེན་ངན་བྱུང་བ་ཡིན་ན་གཞུང་གིས་གཟིགས་རྟོག་གནང་དགོས་པ་ནི་བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་པ་བཞིན་བཟང་སྤྱོད་ཀྱི་ལས་འགན་རེད།

སྤྱི་འཐུས་འཇམ་དབྱངས་འཕྲིན་ལས་ལགས་ནས།
ད་ལྟ་འབུམ་ལའི་ཀུ་ཤུ་འདེབས་འཛུགས་ལས་གཞི་དང་ཕྱོགས་མཚུངས་ཀྱི་བལ་ཡུལ་གློ་ཚེ་རོགས་གཞིས་ཆགས་ལ་ཀུ་ཤུ་འདེབས་ལས་རྒྱ་ཆེན་པོ་ཞིག་ཡོད་རེད། ཕལ་ཆེར་སྡོང་པོ་ལྔ་བརྒྱ་མ་ཟིན་ཙམ་ཡོད་རེད། དེའི་ཐོག་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡོད་རེད། གང་ཡིན་ཞེ་ན་སྒེར་གྱིས་མང་པོ་ཞིག་བཏང་ཡོད། སྒེར་ལ་སྡོང་པོ་ཞེ་དྲགས་ཡོད་མཁན་དེ་འདྲ་ཡོད་རེད། དེ་ཚོ་མཇུག་ལ་བཏབ་པ་ཡིན་ནའང་ཡག་པོ་སྐྱེས་པ་དང༌། གཞུང་གིས་ལྔ་བརྒྱ་ཙམ་དེ་ལྟ་བུའི་ཡག་པོ་ཆགས་ཀྱི་ཡོད་མ་རེད། དེའི་རྒྱུ་མཚན་དེ་དཔལ་འབྱོར་གྱི་གནད་དོན་ལས་རེད། དེ་འདྲ་སོང་ཙང་དེ་ཚོ་ལའང་མཐུན་འགྱུར་འབུམ་ལ་དང་ཕྱོགས་མཚུངས་གནང་གི་རེད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་དེ་དག་དྲི་བ་དངོས་གཞི་དང་འབྲེལ་བ་ཡོད་མེད་ཚོགས་གཙོས་ཐག་གཅོད་མ་གནང་ན་ལན་ཞུ་མཁན་གྱིས་ཐག་གཅོད་ཞུ་རྒྱུ་དཀའ་ལས་ཁག་པོ་འདུག ཡིན་ནའང་མིང་འབོད་གནང་བ་སོང་ཙང་ལན་ཞུ་རྒྱུ་ཡིན། འབུམ་ལ་བསྟན་འཛིན་སྒང་གི་ཀུ་ཤུ་འདེབས་ལས་ཀྱི་ལས་གཞི་ཆ་ཚང་བཙན་བྱོལ་གཞུང་གི་ལས་གཞིའི་ནང་ཕྱིན་པ་ཞིག་རེད་འདུག གློ་ཚེ་རོགས་ཀྱི་ལས་གཞི་དེ་གཞུང་གི་ལས་གཞིའི་ནང་སྤྱི་མཚུངས་ཀྱི་འགྲོ་བ་ཞིག་རེད་མི་འདུག གློ་ཚེ་རོགས་ལ་དེ་འདྲའི་དཀའ་ངལ་ཡོད་པ་དང༌། རོགས་སྐྱོར་དགོས་པ་གནས་ཚུལ་ནང་སྲིད་ལས་ཁུངས་ལ་ད་བར་འབྱོར་མི་འདུག་ཅེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨