ཟམ་གདོང་པཎ་ཆེན།

འབྲས་སྤུངས་བློ་གསལ་གླིང་དགེ་རྒན་ལྕོག་རི་ཕུར་བུ།
<<དགེ་སློང་དབུ་དཀར་ཞིག་གི་རྐང་རྗེས་འགྲེལ་བ།>>
དགུང་ལོའི་བབས་ཀྱི་ལྷོད་པོར་མ་བཞུགས་པར།།
འོད་ཀྱི་རྐང་རྗེས་འདེད་དེ་མིག་ལ་ཐོགས།།
གོ་ལའི་སྐད་ཆ་བླགས་པའི་ནངས་མོ་དེར།།

ཉི་འོག་གཏམ་རྒྱུད་ནག་པོ་ཁྲོམ་ལ་བསྒྲགས།།
དྲང་བདེན་སྐད་ཀྱིས་འཁྱུད་པའི་ཆོ་འཕྲུལ་སྣེར།།
སྒེར་གཅོད་ནད་ཀྱིས་སྤྱི་ཚོགས་ཁོག་པ་གསིག།
མུན་པའི་རྒྱབ་ལྗོངས་སྟུག་པོའི་གོང་ཁ་ནས།།
གདོང་གི་འཇའ་ཚོན་རི་མོའི་གནས་ལུགས་རྙེད།།
ཆོས་སྲིད་ཚ་གྲང་འཐབ་པའི་སྲིབ་མོ་དེར།།
སེམས་ཀྱི་རྩིབ་ཤའི་ངོས་ནས་མིག་ཆུ་གཤར།།
ལོ་ཟླའི་ཁུག་པ་སྲོང་བའི་གཞོགས་སྲུབ་ནས།།
ཁྱོད་ཀྱི་དབུ་ལོ་དཀར་པོའི་ཡིག་རིས་མཐོང་།།
གདོང་ལ་འཛུམ་གྱི་འོད་སྣང་མ་མཆེད་གོང་།།
ཞལ་ནས་བྲུས་པའི་གསེར་གྱི་ཡིག་རིགས་རྒོད།།
རྒྱང་བཞུད་རྨི་ལམ་ཉེས་པའི་བར་དོའི་སྐབས།།
མང་གི་སེམས་པས་ཁྱོད་ཉིད་ལྷོད་མ་ཆུགས།།
ཡུལ་གྱར་རྐང་ཐང་འགྲིམས་པའི་རྗེས་ཤུལ་ན།།
རྨི་ལམ་དངོས་མ་བྲིས་པའི་གླེགས་བམ་བཞེངས།།
ལོ་རྒྱུས་བཙན་ལ་ཆུད་པའི་སྐར་ཁུང་ནས།།
རྒྱལ་ཁབ་འོད་ཟེར་འཐེན་པའི་ནམ་ཟླ་ཚེས།།
དུས་རབས་རྐང་པའི་རྗེས་སུ་མ་བཤོལ་བར།།
གནའ་དུས་རིག་པ་བརྐུས་པའི་ནག་ཉེས་ཅན།།
ས་ནག་གོང་ཁ་འོད་ཀྱི་མིག་འབྱེད་པ།།
ལྷན་ཐབས་གསེར་གྱི་རིག་པ་མཁའ་ལ་གཏོད།།