ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཞིག་དང་འབྲེལ་བའི་ཐོག་གསུངས་པ།

མང་གཙོའི་སྲིད་གཞུང་གི་མེད་དུ་མི་རུང་བའི་ཆ་རྐྱེན་ནི་མང་ཚོགས་ལ་འགན་འཁུར་དགོས་པ་དང༌། དེའི་སླད་གཞུང་གི་ཆབ་སྲིད་དང༌། ལས་དོན་ཐོག་གཅོད་ཀྱི་བྱུང་རིམ་ལག་ལེན་བསྟར་ཕྱོགས། ལྷག་པར་དངུལ་གྲོན་རྩིས་ཁྲའི་གནས་སྟངས་བཅས་ཕྱི་གསལ་ནང་གསལ་དག་སྐྱེལ་ཐུབ་ངེས་ཤིག་དགོས་པ་དེ་ཡིན་པ་དང༌། བཙན་བྱོལ་སྲིད་གཞུང་མང་གཙོའི་རིང་ལུགས་སུ་བསྒྱུར་བའི་བྱུང་རབས་ཀྱི་ནང་བཅའ་ཁྲིམས་གཏན་འབེབས་དང༌། དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་གསར་བསྐྲུན། རང་དབང་ཅན་གྱི་རྩིས་ཞིབ་སྡེ་ཚན་ཟུར་འཛུགས་མཛད་པ་སོགས་དམིགས་བསལ་བློ་སྤོབས་སྐྱེ་འོས་པའི་གནས་ཚུལ་རིམ་པར་བྱུང་ཡོད་ནའང༌། ༧གོང་ས་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱི་གཟི་བྱིན་ལ་བརྟེན་ནས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་ལས་དོན་ཞུ་སྒོའི་རྣམ་གྲངས་འཕར་ཆ་ཧ་ཅང་ཆེན་པོ་ཞིག་བྱུང་སྐབས་དེ་མཚུངས་ལས་བྱེད་ཀྱི་ས་འབོར་འཕར་མ་ཐུབ་པར་བརྟེན་ལས་བྱེད་ཉུང་ངུ་ཞིག་གིས་ལས་དོན་མང་པོ་ཞིག་མཉམ་ལྕོགས་ཞུ་དགོས་པ་སོགས་ཕྱི་ནང་གི་རྒྱུ་མཚན་སྣ་ཚོགས་ཀྱི་དབང་གིས་བར་སྐབས་གཞུང་གྲོན་རྩིས་ཁྲ་ཇི་བཞིན་མ་བྱུང་བ་དང༌། རྩིས་ཞིབ་སྙན་ཤོག་ཁག་ལ་གསལ་བཤད་དང་ལན་འདེབས་ཚན་ལྡན་མ་བྱུང་བ་རིམ་ལུས་ཐོག་མཐའ་མ་ལས་བྱེད་གནས་སྤོས་སོགས་ཀྱིས་ཁུངས་འདེད་ཞུ་དཀའ་བར་གྱུར་པ་སོགས་འཐུས་མ་ཚང་བ་ཇི་སྙེད་ཅིག་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་དང༌། འདིའི་ཐོག་གྲོས་ཚོགས་ནང་དྲི་བ་དང་དྲིས་ལན། བགྲོ་གླེང༌། ཚོགས་གཙོའི་ལམ་སྟོན་སོགས་སྔ་ཕྱི་རིམ་པར་བྱུང་ཡོད་ན་ཡང༌། དེ་དག་འཛིན་སྐྱོང་བཀའ་ཤག་གིས་འཕྲལ་འཕྲལ་ལྕམ་རྩ་རྡོ་གནོན་ཞུ་མ་ཐུབ་པའི་མུར་ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༢༥ ཉིན་བདེ་སྲུང་བཀའ་བློན་པད་མ་ཆོས་འབྱོར་དམ་འབུལ་གྱི་སྐབས་༧གོང་ས་མཆོག་གིས་བཀའ་བརྩད་ཕེབས་པ་དང༌། ཚོགས་གཙོས་ལན་འདེབས་ཞུས་པ་བཅས་ལས་འཕྲོས་ཏེ་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་དགོས་པ་༧གོང་ས་མཆོག་གིས་ལམ་སྟོན་མཛད་པ་མ་ཟད། ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཀའ་འབྲེལ་གྱིས་བསྐོ་བཞག་སྩལ་བ་དང༌། དེའི་ལས་རོགས་སུ་རྩིས་ཞིབ་དྲུང་ཆེ་བཀའ་བརྒྱུད་དོན་གྲུབ་དང༌། སྨན་རྩིས་ཁང་གི་འགན་འཛིན་པད་མ་དགྲ་འདུལ་བཅས་བཀའ་ཤག་གིས་ ༡༩༩༨ ཟླ་ ༡༢ ཚེས་ ༡ ཐོག་བསྐོ་སྩལ་དང༌། ཚོགས་ཆུང་གི་ལས་དོན་ལམ་སྟོན་སྐོར་དང་ཐོག་གོ་བརྡ་མ་འཕྲོད་པའི་གནས་ཚུལ་རེ་ཟུང་བྱུང་རྗེས་མཐའ་དོན་སྐུ་སྒེར་ཡིག་ཚང་གིས་ཕྱི་ལོ་ ༡༩༩༨ ཟླ་ ༡༡ ཚེས་ ༢༤ འཁོད་པའི་ལམ་སྟོན་བཀའ་ཡིག་ནང་ཞིབ་འཇུག་ཚོགས་ཆུང་གི་ཞིབ་འཇུག་གནང་གཞིའི་རྒྱུ་ཆ་སྤྱི་འཐུས་རྒྱུན་ལས་ནས་འབུལ་དགོས་གསལ་ཁ་སྟོན་པ་ལྟར་སྤྱི་འཐུས་རྒྱུན་ལས་ཀྱིས་གནས་ཚུལ་སྔ་རྗེས་རིམ་ཕུལ་ཐོག་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༢༥ ལ་མཇུག་བསྡོམས་ཐུབ་པ་བྱུང་ཡོད། ཞིབ་འཇུག་གནང་གཞི་གལ་གནད་ཆེ་ཆུང་ལ་གཞིགས་པའི་སྙན་ཐོ་ལེ་ཚན་བཅུ་བཞི་རིམ་འབུལ་བྱུང་བའི་སྙན་ཞུ་ཐོག་མར་ཤོག་གྲངས་ ༥༡ ཅན་ཕྱི་ལོ་ ༢༠༠༠ ཟླ་ ༥ ཚེས་ ༢༥ ཉིན་བཀའ་ཤག་ཏུ་ཕུལ་འབྱོར་བྱུང་འདུག སྙན་ཞུའི་ལེ་ཚན་མཐའ་མ་ཤོག་གྲངས་ ༤༨ ཅན་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༡༩ ཉིན་བཀའ་ཤག་ཏུ་ཕུལ་འབྱོར་བྱུང་སྟེ་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༢༥ ཉིན་ཞིབ་འཇུག་ཚོགས་ཆུང་མཇུག་བསྡོམས་གནང་འདུག
༢ ད་ལམ་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ལེ་ཚན་བཅུ་བཞི་ལ་ཁྱོན་ཤོག་གྲངས་ ༧༩༦ ཅན་གྲོས་ཚོགས་ཀྱི་གསོལ་ལྕོག་ཐོག་འབུལ་ལམ་ཞུ་རྒྱུ་ཡིན།
༣ ཞིབ་འཇུག་ཚོགས་ཆུང་གིས་སྐུ་ངལ་འཛེམས་མེད་ཞིབ་འཇུག་མཐིལ་ཕྱིན་གནང་བར་བཀའ་ཤག་ནས་ཐུགས་རྗེ་ཆེ་དང་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ།
༤ སྙན་ཐོ་ཚིག་སྤྲོས་མང་ཞིང༌། གྲུབ་དོན་རྣམས་ཁྲིམས་ལུགས་ལྟར་གྱི་བརྗོད་ཚིག་ངེས་ཅན་མེད་པས་མཐའ་བསྡོམས་ཐག་གཅོད་སྐབས་གསལ་ཁ་ཆུང་ཙམ་འདུག་རུང༌། ད་ལྟ་བོད་ཀྱི་ཁྲིམས་ལུགས་ཀྱི་བརྗོད་ཚིག་གཏན་འཁེལ་དང་གོམས་གཤིས་མེད་སྟབས་ཐུགས་ཁག་མི་འདུག་པས་དགོངས་དོན་ཚོད་དཔག་གིས་གོ་རྟོགས་ཐུབ་ཐབས་ཞུ་རྒྱུ་ཡིན།
༥ སྤྱི་འཐུས་རྒྱུན་ལས་ཀྱིས་ཕུལ་བའི་ཞིབ་འཇུག་བྱ་གཞིའི་ནང་མ་གསལ་བའི་གནས་ཚུལ་ཚོགས་ཆུང་དང་བཀའ་ཤག་བར་གྱི་ཡིག་འགྲུལ་དང༌། བཀའ་མོལ་ཇི་བྱུང་གི་ཚིག་ཐོ་སོགས་འཕྲོས་དོན་མང་ཙམ་ཞིག་སྙན་ཐོའི་ནང་ཚུད་འདུག་པ་སྤྱིར་ཞིབ་འཇུག་གི་ལས་དོན་དང་ཐད་ཀར་འབྲེལ་བ་མེད་པས་བཏང་སྙོམས་སུ་བཞག་འོས་ཀྱང༌། དེའི་ནང་གསལ་བའི་དོན་གནད་གལ་ཆེ་བ་འགའ་རེའི་ཐོག་བཀའ་ཤག་གིས་ཞིབ་འཇུག་རིམ་བཞིན་བྱ་སེམས་ཡོད།
༦ སྙན་ཞུ་གྲོས་ཚོགས་སུ་མ་ཕུལ་གོང་བཀའ་ཤག་གིས་དོན་གནས་ཚང་མའི་ཐོག་བཏང་འཛིན་ཐག་གཅོད་ཞུས་ཏེ་མཇུག་གནོན་ཇི་བྱས་ཀྱི་ལས་བསྡོམས་སྙན་ཞུ་དང་མཉམ་དུ་འབུལ་དགོས་ནའང༌། སྙན་ཐོ་དོན་ཚན་མང་ཞིང་བཀའ་ཤག་མཛད་བྲེལ་ཆེ་བས་ཐག་གཅོད་ཐུབ་པ་བྱུང་མི་འདུག་ཅིང༌། བཀའ་ཤག་གསར་པར་དུས་ཚོད་མ་བྱུང་བས་ད་ལན་མཇུག་གནོན་ཐག་གཅོད་མ་ཞུས་གོང་སྙན་ཐོ་གྲོས་ཚོགས་སུ་ཕུལ་ཏེ་འབྱུང་འགྱུར་ཟླ་དྲུག་ནང་ཐག་གཅོད་གཙང་མ་ཞུས་ཏེ་གྲོས་ཚོགས་ཚོགས་དུས་གསུམ་པར་ལས་དོན་ཇི་བྱས་ཀྱི་སྙན་ཞུ་འབུལ་ཐུབ་པ་ཞུ་རྒྱུ་ཡིན།
༧ གྲོས་ཚོགས་ཀྱིས་སྙན་ཐོའི་ཐོག་བཀའ་ཤག་གི་ལག་ལེན་བསྟར་ཕྱོགས་ལ་ལམ་སྟོན་ཡོད་ཚེ་དགའ་བསུ་ཞུ་རྒྱུ་བཅས།

རྩིས་ཞིབ་སྙན་ཐོའི་ཐོག་གི་ཞིབ་འཇུག་ཚོགས་ཆུང་དང་
འབྲེལ་བའི་དྲི་བ་དྲིས་ལན།
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ཐུགས་མངའ་ལྟར་བཀའ་སྤྱི་གཉིས་དབར་གསལ་པོ་མ་ཆགས་པའི་རང་གཞུང་གི་རྩིས་ཞིབ་སྙན་ཐོ་གཙོ་བོ་གྱུར་པའི་དོན་གནད་ཁག་གི་ཆེད་བཀའ་འབྲེལ་ལྟར་ཆེད་འཛུགས་ཞིབ་འཇུག་ཚོགས་ཆུང་ནས་དུས་ཡུན་གང་འཚམས་རིང་ཐུགས་ཁུར་ཆེན་པོས་སྤྱི་འཐུས་ནས་ཕུལ་བའི་ཡིག་ཆ་ཁག་གཙོ་བཟུང་གིས་ཐུགས་ཞིབ་དང༌། མི་ངོ་ཐུག་འཕྲད། དྲི་བ་དྲིས་ལན་བཅས་ཀྱི་ལམ་ནས་རྟོགས་ཞིབ་གནང་བའི་གྲུབ་འབྲས་ལས་བསྡོམས་ཁག་ལས་དོན་ཟིན་རིམ་བཞིན་འབྲེལ་ཡོད་བཀའ་ཤག་ལ་ཕུལ་སོང་ནའང༌། ཐུགས་ཞིབ་གནང་རྒྱུ་ཙམ་ལས་ཕྱག་ལས་འདི་གནང་གསལ་ཁ་གང་ཡང་སྐབས་དེའི་བཀའ་ཤག་ནས་གནང་མེད་ན་དྭོགས་འདྲི་ཞུ་རྒྱུ།
ཀ ཞིབ་ཚོགས་ནས་ཞིབ་འཇུག་གནང་ཟིན་གྱི་དོན་ཚན་ག་ཚོད་ཅན་གྱི་ཡིག་སྣོད་གྲངས་བཀའ་ཤག་ལ་ཕུལ་ཡོད་དམ།
ཁ འདི་བཞིན་རྒྱུན་རིང་སྣང་མེད་བཞག་དོན་གང་ཡིན་ནམ།
ག སླད་བཀའ་ཤག་ནས་འདི་ཐད་གནང་འཆར་གང་ཡོད་གསལ་བཤད་བཀྲིན་ཆེ་བ་ཞུ།

བཀའ་ལན།
ཀ ཞིབ་འཇུག་ཚོགས་ཆུང་ནས་སྙན་ཐོ་ལེ་ཚན་མི་འདྲ་བ་ ༡༤ ཡོད་པའི་ཡིག་སྣོད་གྲངས་ ༡༢ ལ་ཁྱོན་ཤོག་གྲངས་ ༧༦༢ ཡོད་པ་བཀའ་ཤག་ལ་ཕུལ་ཡོད།
ཁ སྣང་མེད་མ་བཞག་པར་བཀའ་ཤག་ནས་དྲུང་འཕར་ཚེ་རིང་དོན་གྲུབ་དང༌། ཟུང་དྲུང་མགོན་པོ་ཕུན་ཚོགས། ཟུང་དྲུང་སྟོབས་རྒྱལ་གསུམ་ལ་འགན་བསྐུར་གྱིས་སྙན་ཐོར་ཞིབ་གཟིགས་གནང་རྒྱུ་བཀའ་མངགས་གནང་བ་དང༌། ལས་བྱེད་གསུམ་ནས་སྙན་ཐོར་གཟིགས་ཞིབ་ཀྱིས་བལ་ཡུལ་དོན་གཅོད་སྐོར་དང༌། སི་ཀྲི་སི་གཉིས་ཀྱི་སྐོར་བཀའ་ཤག་ལ་སྙན་གསན་ཞུས་འདུག སྙན་ཐོ་གཞི་རྒྱ་ཆེ་བ་དང༌། བཀའ་ཤག་མཛད་བྲེལ་ཆེ་བ་བཅས་ལ་བརྟེན་ཐད་ཀར་ཐག་གཅོད་གནང་ཐུབ་པ་བྱུང་མི་འདུག་སྟབས་ལས་བྱེད་གསུམ་གྱིས་ལེ་ཚན་སྔ་མ་ཐག་གཅོད་བྱུང་རིམ་བཞིན་ལེ་ཚན་རྗེས་མ་སྙན་འབུལ་ཞུ་རྒྱུའི་འཆར་གཞིའི་ངང་ལུས་འདུག
ག བཀའ་ཤག་གསར་པས་སྙན་ཐོའི་ཐོག་འཕྲལ་དུ་མཇུག་གནོན་ཐག་གཅོད་དང་འབྲེལ་ཇི་བྱས་ཀྱི་ལས་བསྡོམས་སྙན་ཞུ་ད་རེས་གྲོས་ཚོགས་སུ་ཞིབ་འཇུག་སྙན་ཐོ་དང་མཉམ་འབུལ་འདོད་བྱུང་ཡང༌། སྙན་ཐོ་དོན་ཚན་མང་ཞིང་དོན་གནད་མང་ཆེ་བ་ཞིབ་ཚགས་བསམ་ཞིབ་བྱ་དགོས་འདུག་པ་མ་ཟད། དུས་ཡུན་ཧ་ཅང་ཐུང་བས་ཐག་གཅོད་ལག་ལེན་ཐུབ་པ་བྱུང་མ་སོང༌། འོན་ཀྱང་གང་མྱུར་ཐག་གཅོད་མཐའ་བསྡོམས་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གསུམ་པའི་སྐབས་ཇི་བྱས་ཀྱི་ལས་དོན་སྙན་ཞུ་གྲོས་ཚོགས་སུ་འབུལ་ཐུབ་པ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨