ཞབས་གཡར་དང་ཆོད་གན་གྱི་ངོ་བོ་དང༌། རང་དབང་ཅན་གྱི་སྡེ་ཚན་གྱིས་གྲོས་ཚོགས་ལ་འགན་འཁྱེར་སྟངས་སོགས་ཀྱི་སྐོར།

ཕན་ཐོགས་ཡོད་མིན་ལ་མ་ལྟོས་པར་གནས་ཚུལ་གསལ་བཤད་ཞུ་དགོས་འགའ་ཤས་མ་ཞུས་ཚེ། ཚོགས་གཙོའི་ལས་དོན་རྗེས་འབྲེལ་གྱི་ལས་འགན་མ་འགྲུབ་པ་ཆགས་ཀྱི་ཡོད་སྟབས། སྐབས་རེ་གནད་དོན་ཁ་ཤས་མཚམས་སྦྱོར་གྱི་ནང་གསལ་བཤད་ཞུས་དགོས་ཀྱི་འདུག འཇིག་རྟེན་ཡོངས་ཀྱིས་སྤྱིར་བཏང་ཁས་ལེན་བྱས་པའི་རིག་པའི་གཞུང་ལུགས་ཀྱི་འགྲོ་སྟངས་དང་བསྟུན་པ་ཡིན་ན། ཞབས་གཡར་ཟེར་བ་དེ་ས་གནས་གང་ཡང་རུང་བ་ཞིག་ལ་གཏན་འཇགས་ཀྱི་ཕྱག་ལས་གནང་བཞིན་པ་ཞིག་ཚུར་གཡར་བ་དེ་ཡིན། དེ་འདྲའི་རིགས་ལ་གཡར་བའི་གང་ཟག་དེའི་སྲི་ཞུའི་ཐོབ་ཐང་གཡར་ས་དེ་ལ་ལྟོས་ཀྱི་ཡོད། གང་ཟག་དེ་ཞབས་གཡར་དུ་ཕྱི་ལ་ཕྱིན་ནས་དེ་ནས་ཚུར་མ་ལོག་པའི་སྔོན་ཞབས་གཡར་བྱེད་ས་དེའི་ས་མིག་དེ་གནས་སྤར་ཕྱིན་ཚེ། ཞབས་གཡར་བྱེད་མཁན་དེ་ཡིས་གནས་སྤར་ངོས་ལེན་ཞུས་ཏེ་དེ་མཚུངས་ཕོགས་འབབ་ཕུལ་དགོས་པ་ནི་སྤྱི་སྲོལ་ཡིན། ཡང་སྒྲིག་འཛུགས་ཁ་ཤས་ཀྱི་ནང་གནས་སྤར་བའི་སྐབས་ཞབས་གཡར་ཕྱིན་པ་རྣམས་ཕྱིར་ལོག་དགོས་པའང་ཡོད། གཡར་ས་དེ་ནས་གནས་སྤར་ཕྱིན་པར་བརྟེན། ཕར་མ་ལོག་ཚེ་གནས་སྤར་གྱི་ཐོབ་ཐང་གཡར་མཁན་དེས་སྤྲད་དགོས། དེ་ནི་ཞབས་གཡར་གྱི་སྤྱི་སྲོལ་ཡོངས་གྲགས་ཤིག་རེད། ས་གནས་གཞན་ཞིག་ལ་གཏན་འཇགས་ཀྱི་ལས་བྱེད་མ་ཡིན་པ་ཡིན་ཚེ། ཐོག་མ་ཆོད་གན་གྱི་ཐོག་བསྐོ་གཞག་བྱེད་སྐབས་གནས་རིམ་གང་ཡིན་དང་དེའི་ཕོགས་ཐོབ་དང་ཁེ་ཕན་གང་ཞིག་ཡོད་པ་དེའི་ཐོག་ལོ་གཉིས་སམ་བཞི་གང་གི་ཐོག་ཆོད་གན་བཞག་ཡོད་རུང༌། ཐོག་མ་ཆོད་གན་བཞག་སྐབས་ཀྱི་འབྲུ་དོན་གང་ཡོད་པ་དེ་ཆོད་གན་དེའི་དུས་ཡུན་མ་རྫོགས་ཀྱི་བར་འགྱུར་བ་གཏང་རྒྱུ་མེད། དེ་ནི་རང་བཞིན་གྱི་ཁྲིམས་ཀྱི་འགྲོ་ལུགས་ཤིག་ཡིན་ལ། སྤྱིར་བཏང་གི་ཤེས་བྱ་ཞིག་ཀྱང་ཡིན་པས་ཚང་མས་མཁྱེན་དགོས་པ་ཞིག་ཡིན། དེ་མ་མཁྱེན་ན་ཡ་མཚན་རེད། ཆོད་གན་གཅིག་གི་དུས་ཡུན་རྫོགས་ཏེ་ཆོད་གན་གསར་པ་ཞིག་གི་ཐོག་ནས་དུས་ཡུན་བསྐྱར་དུ་སྤར་དགོས་བྱུང་ཚེ་ཆོད་གན་གསར་པ་ཕྱོགས་གཉིས་ཀས་གཉིས་མོས་ཐོག་འཇོག་རྒྱུ་མ་གཏོགས་སྔ་མའི་ཆོད་གན་ནང་གང་ཡོད་པ་ཕྱི་མར་ཡོང་དགོས་པའི་ངེས་པ་གང་ཡང་མེད། འགྱུར་བ་བཏང་སྟེ་ཆོད་གན་གསར་པ་བཞག་ནས་བསྐོ་གཞག་བྱེད་འཐུས། ཡང་ན་ཅི་སྟེ་ཆོད་གན་གྱི་ནང་དང་པོ་ནས་ལོ་གཉིས་ཀྱི་རིང་གནས་རིམ་དང་ཁེ་ཕན་འདི་འདྲ་ཞིག་གི་ཐོག་ལས་ཀ་བྱེད་རྒྱུ་ཡིན། དེ་རྗེས་གནས་རིམ་དང་ཁེ་ཕན་འདི་འདྲ་ཞིག་ཡར་སྤར་དགོས་ཀྱི་ཡོད་ཅེས་པ་གཅིག་དང༌། ཡང་ན་ལོ་རེ་བཞིན་གནས་རིམ་དང་ཁེ་ཕན་གྱི་ཐོག་འགྱུར་བ་འདི་འདྲ་ཞིག་གཏོང་གི་ཡིན་ཞེས་པའི་ཆ་རྐྱེན་ཞིག་ཆོད་གན་གྱི་ནང་གསལ་ཡོད་ཚེ། དེའི་འབྲུ་དོན་གཞིར་བཟུང་ལག་བསྟར་བྱེད་རྒྱུ་རེད། གལ་ཏེ་ཆོད་གན་གྱི་དུས་ཡུན་མ་རྫོགས་པའི་སྔོན་དུ་ཕྱོགས་སུ་ཐད་ནས་འགྱུར་བ་གཏོང་དགོས་བྱུང་ཚེ་དུས་ཚོད་ཇི་ཙམ་གྱི་སྔོན་དུ་སྔོན་བརྡ་སྤྲོད་དགོས་ཀྱི་ཡོད་པ་སོགས་ཆོད་གན་ཕྱིར་འཐེན་བྱེད་སྟངས་ཀྱི་ཆ་རྐྱེན་ཞིག་ཆོད་གན་ཚང་མའི་ནང་ངེས་པར་དུ་གསལ་དགོས། དེ་མ་གསལ་ན་ཆོད་གན་དེ་ཚད་ལྡན་མ་རེད། དེ་ཡོད་ན་ཆ་རྐྱེན་དེ་གཞིར་བཟུང་འགྱུར་བ་གཏང་དགོས་པ་ལས། དེ་མིན་ཆོད་གན་གྱི་དུས་ཡུན་མ་རྫོགས་པའི་སྔོན་དུ་འགྱུར་བ་བཏང་ན་དེ་ནོར་འཁྲུལ་རེད། གནད་དོན་དེའི་ཐད་བཀའ་འདྲི་གནང་མཁན་དང་གསུང་ལན་གནང་མཁན་གཉིས་ཀའི་ཐུགས་ལ་གསལ་པོ་མེད་པ་དང་གོ་བརྡ་མ་འཕྲོད་པའི་རྣམ་འགྱུར་གསལ་པོ་ཞིག་ཐོན་གྱི་འདུག་པ་དེ་ལ་བློ་ཕམ་བྱུང༌། དེ་དོན་ཚན་གཅིག་ཡིན།
གཉིས་པར། རང་དབང་གི་སྡེ་ཚན་ག་འདྲ་ཞིག་ཡིན་རུང་གྲོས་ཚོགས་ལ་འགན་ཁུར་དགོས། གྲོས་ཚོགས་ལ་འགན་འཁྱེར་བའི་སྐབས་གྲོས་ཚོགས་ནང་བཀའ་མོལ་གནང་ཆོག་མཁན་གྱི་བཀའ་བློན་གཅིག་བརྒྱུད་དེ་འགན་འཁྱེར་དགོས། རང་དབང་སྡེ་ཚན་གྱི་འགན་འཛིན་གྲོས་ཚོགས་ནང་ལན་འདེབས་བྱ་རྒྱུའི་ཐོབ་ཐང་ཡོད་མ་རེད། སྡེ་ཚན་ག་འདྲ་ཞིག་དང་འབྲེལ་བ་ཡོད་པའི་དྲི་བ་ཞིག་བཀའ་ཤག་ལ་ཕུལ་བ་ཡིན་ན། བཀའ་ཤག་གིས་དེར་བཀའ་ལན་གནང་ཐུབ་ཀྱི་ཡོད་ཚེ་སྨྲོས་མེད་དང༌། བཀའ་ཤག་གིས་གནས་ཚུལ་གསལ་པོ་མཁྱེན་གྱི་མེད་པ་ཡིན་ན་འབྲེལ་ཡོད་ཀྱི་སྡེ་ཚན་གང་ཡིན་རུང༌། དེ་ལ་བཀའ་བརྩད་གནང་སྟེ་གནས་ཚུལ་ལན་གསལ་འབྲེལ་ཡོད་བཀའ་བློན་ཞིག་གིས་གྲོས་ཚོགས་སུ་གནང་དགོས་རྒྱུ་དེ་གྲོས་ཚོགས་ལ་འགན་ཁུར་མཁན་གྱི་སྲིད་གཞུང་ཚང་མའི་སྤྱི་ཡོངས་འགྲོ་ལུགས་དེ་ལྟར་རེད།
གསུམ་པར། ཆོད་གན་དང་ཞབས་གཡར་ཕར་འགྱངས་བྱ་རྒྱུའི་རིགས་རྣམས་སྒྲིག་གཞི་ལས་བརྒལ་ཏེ་ཕར་འགྱངས་བྱས་པ་དེ་ཚོགས་གཙོ་གཉིས་ལ་བཀའ་བསྡུར་ཞུས་ནས་གནང་བ་ཡིན་ཞེས་གྲོས་ཚོགས་ཀྱི་ནང་བཀའ་བློན་ཁྲི་པའི་ལྗགས་ལན་ནང་གསལ་པོ་བྱས་ནས་གསུངས་སོང་བས། ཚོགས་གཙོ་གཉིས་ཀྱི་ངོས་ནས་གྲོས་ཚོགས་ཀྱི་ནང་གནས་ཚུལ་གསལ་པོ་བཟོ་དགོས་ཀྱི་ཡོད། དེར་བརྟེན་གནས་སྐབས་ག་འདྲ་ཞིག་ལ་བཀའ་བསྡུར་ག་འདྲ་ཞིག་བྱུང་ཡོད་མེད་ཞིབ་འཇུག་བྱས་རྗེས་གསལ་བཤད་ཞུས་ཆོག་པ་ཞུ་རྒྱུ་ཡིན། ལར་ནས་ཚོགས་གཙོ་གཉིས་སྒྲིག་གཞི་དང་ཁྲིམས་ཡིག་འགྲེལ་བཤད་བྱེད་མཁན་མིན། འོན་ཀྱང་སྐབས་རེ་ནང་དོན་གཅིག་ཕན་གཅིག་གྲོགས་ཀྱིས་ཐུགས་ཕན་གསོས་རེས་སྒྲིག་གཞིའི་དགོངས་དོན་རྣམས་ཚོགས་གཙོའི་མཐོང་ཚུལ་གང་ཡིན་སྔར་ཡང་བཤད་པ་བྱུང་ཡོད་ལ། ད་ལྟའང་འཆད་ཀྱི་ཡོད་པས་དེ་ལ་སྐྱོན་རང་ཨེ་ཡོད་སྙམ། དེ་མ་གཏོགས་གཞུང་འབྲེལ་གྱི་ཐོག་ནས་ཚོགས་གཙོ་གཉིས་ཀྱིས་སྒྲིག་གཞིའི་འགྲེལ་བརྗོད་བྱེད་ཆོག་གི་མེད་ལ། འགྲེལ་བརྗོད་བྱེད་ཚེ་དེ་ལ་ཁྲིམས་ཀྱི་ཐོག་ནས་ཚད་འཛིན་ཡང་མེད། སྒྲིག་གཞི་དང་ཁྲིམས་ཡིག་ཐོག་དྭོགས་པ་བྱུང་ཚེ་ངེས་པར་དུ་དྭོགས་གཅོད་གནང་རྒྱུ་དེ་ཁྲིམས་ཞིབ་ཁང་ནས་གནང་དགོས་ཀྱི་རེད། ཁྲིམས་ཞིབ་ཁང་ལ་ྋསྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ནས་བསམ་འཆར་བཞེས་རྒྱུའི་ལམ་ནས་གནང་བ་ཡིན་ནའང་རུང༌། ཡང་ན་བཀའ་ཤག་ནས་ཐད་ཀར་ཁྲིམས་གཏུགས་ཞུས་ཏེ། བྱབྱསྒྲིག་གཞི་དེ་འདྲ་ཞིག་གི་ཐོག་གསལ་པོ་མི་འདུག་པས་ཐག་གཅོད་གནང་རོགས་ཞུས་ཏེ་བྱབྱ ཁྲིམས་ཁང་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན།
བཞི་པར། ད་ལན་འཕྲོ་དོན་དྲི་བ་བཅུ་བྱུང་འདུག་པ་དེས་ལས་བྱེད་འདེམས་བསྐོ་དང་འབྲེལ་བའི་བར་ལམ་གྱི་བྱུང་བ་རྣམས་ལ་སྤྱི་འཐུས་རྣམ་པའི་ཐུགས་ཀྱི་ཚོར་བ་ཇི་ཙམ་ཡོད་པ་དེ་གསལ་པོ་བྱས་ནས་བསྟན་པ་རེད་བསམ་གྱི་འདུག བཀའ་ཤག་དང་འབྲེལ་ཡོད་ཚང་མས་གྲོས་ཚོགས་ཀྱི་དགོངས་ཚུལ་གང་ཡོད་པ་གསལ་པོ་མཁྱེན་ཡོད་པའི་ཡིད་ཆེས་ཞུ་གི་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བདུན་པ། ༡༩༩༩/༠༣/༡༦ ་་་ ༡༩༩༩/༠༣/༢༦