ཚོགས་གཙོའི་ཐོག་གནས་ཚུལ་འགའ་ཞིག་བྱུང་བ་ལ་གསལ་བཤད།
གྲོས་ཚོགས་སུ་ཚོགས་འདུའི་སྟངས་འཛིན་བྱེད་ཕྱོགས་དང་འབྲེལ་བ་མ་ཡིན་པར། ཚོགས་གཙོས་སྤྱི་འཐུས་རྒྱུན་ལས་སམ། ཚོགས་གཙོའི་ལས་ཁུངས་ནང་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཁ་ཤས་གྲོས་ཚོགས་སུ་གླེང་སློང་བྱུང་སོང་བ་དེ་ཚོ་ལ་གསལ་བཤད་མདོར་བསྡུས་རེ་ཞུ་དགོས་པ་ཆགས་ཀྱི་འདུག ཚོགས་འདུའི་གཙོ་སྐྱོང་བྱེད་བཞིན་པའི་ང་ཚོགས་གཙོའི་ཁྲི་ཐོག་ནས་གསལ་བཤད་བྱས་པ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པར་བསྐྱར་འདྲི་དང་བགྲོ་གླེང་བྱེད་ས་མེད་པ་ཡིན་སྟབས། ཚོགས་མི་སྤྱི་འགྲོའི་གདན་ཐོག་ནས་གསལ་བཤད་ཞུ་རྒྱུ་ཡིན། བྱས་ཙང་བཀུར་འོས་སྤྱི་འཐུས་དང་བཀའ་བློན་སུ་ལའང་བསྐྱར་འདྲི་དང་བགྲོ་གླེང་གནང་རྒྱུ་ཡོད་ན་གནང་རོགས་ཞུ་རྒྱུ་ཡིན།
ཕྱི་ཚེས་ ༡༩ ཉིན། དྲི་བ་དྲིས་ལན་སྐབས་དྲི་བ་ཨང་ལྔ་པའི་འཕྲོ་དོན་དྲིས་ལན་གནང་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ ༼དེའི་སྐོར་ལ་ ༡༩༩༦ ལོར་གཞུང་ཞབས་འདེམས་བསྐོ་དང་བཀའ་མོལ་གནང་ཡར་མར་བྱས་ནས་ཞུས། ཚོགས་གཙོ་རྣམ་གཉིས་ལའང་སྙན་གསན་ཞུས་ཏེ་སྐབས་དེ་དུས་ཡང་བསྐྱར་སྤར་རྒྱུ་དེ་མི་འགྲོ་ངོ་ཡོད་མུ་མཐུད་བཞག་རྒྱུར་དགོས་པ་ཡོད་ན། ལོ་བཞི་ཞབས་གཡར་རམ་ཆོད་དོན་བཞག་པ་ཡིན་ན་དགག་པ་མེད་ཅེས་གསུངས་འདུག་༽ཅེས་གསུངས་སོང༌། དེའི་སྐོར་ཚོགས་གཙོ་གཉིས་ལ་ཕྱག་གཅིག་ཕྱིས་པ་ཡིན་ཙང་གསལ་བཤད་ཅིག་ཞུ་དགོས་ཀྱི་འདུག དེ་དོན་ཚན་གཉིས་ཀྱི་ཐོག་ནས་ཞུ་རྒྱུ་ཡིན། དོན་ཚན་དང་པོ་གཞུང་ཞབས་འདེམས་ལྷན་ནས་ ༡༩༩༦ ཟླ་ ༩ ཚེས་ ༡༣ ལ་བསྩལ་བའི་ཕྱག་བྲིས་ནང་ ༼གཞུང་ཞབས་འདེམས་བསྐོའི་སྒྲིག་དོན་ ༡༧ ནང་གསེས་དང་པོར། ཞབས་གཡར་དང་ཆོད་དོན་བསྐོ་གཞག་སྐོར་མང་མཐའ་ལོ་བཞི་ལས་མ་བརྒལ་བའི་དུས་ཡུན་བར་བསྐོ་གཞག་བྱ་འཐུས་ཞེས་པའི་དགོངས་དོན་ལས། ལོ་བཞི་ལྷག་གང་ཟག་བྱེ་བྲག་པ་དེར་བསྐོ་གཞག་མི་ཆོག་པའམ། ཡང་ན་ཅི་སྟེ་དགོས་གལ་ལ་བརྟེན་ནས་གནས་རིམ་གཞན་དང་དུས་ཚོད་བར་སྟོང་ཞིག་བཞག་སྟེ་བསྐྱར་དུ་བསྐོ་ན་འཐུས་མིན་གསལ་རྟོགས་མ་གྱུར་པས་བཀའ་སློབ་ཡོང་བ་ཞུ་རྒྱུ་༽ ཞེས་བཀོད་འདུག དེའི་ལན་དུ་ཚོགས་གཙོ་སྦྲེལ་པོས་ ༡༩༩༦ ཟླ་ ༡༠ ཚེས་ ༡༨ ལ་ཕུལ་བའི་ཕྱག་བྲིས་ནང་ ༼ཞབས་གཡར་དང་ཆོད་དོན་བསྐོ་གཞག་མང་ཆེ་ཐད་བསྐོས་དང་གནས་སྤར་གནས་སྤོས་སོགས་བསྐོ་གཞག་མ་ཐུབ་པའི་ས་མིག་རིགས་བསྐང་ཆེད་ཡིན་སྟབས། ལོ་ཡུན་བཞི་རེ་ལས་མ་མང་བའི་མཚམས་ནས་གནས་སྤར་གནས་སྤོས་ཐད་བསྐོས་གང་རུང་གི་ཐོག་ནས་བསྐོ་གཞག་ཐུབ་པ་ཡོད་ཚེ། དེ་ཚོའི་བསྐོས་ལམ་མ་བཀག་པའི་ཆེད་དུ་ལོ་གྲངས་མཚམས་བཟུང་གནང་བ་ཡིན་ཞིང༌། གལ་སྲིད་དེ་འདྲའི་མི་འགྲོའི་ཁེ་ཕན་ལ་གནོད་གཞི་མེད་ཅིང༌། མི་འགྲོ་ངོ་ཡོད་མུ་མཐུད་བཞག་རྒྱུ་དགོས་པ་ཡོད་ན། ལོ་བཞིའི་ཞབས་གཡར་རམ་ཆོད་དོན་རྫོགས་མཚམས་སླར་ཡང་ལོ་བཞི་ལས་མ་མང་བའི་དུས་ཡུན་ངེས་ཅན་རིང་ཞབས་གཡར་རམ་ཆོད་དོན་ཐོག་བསྐྱར་བསྐོ་གནང་རྒྱུར་དགག་པ་མེད་༽ཅེས་ལན་ཕུལ་ཡོད། ལས་བྱེད་འདེམས་བསྐོའི་སྒྲིག་གཞི་དོན་ཚན་བཅུ་བདུན་པའི་ནང་གསེས་དང་པོའི་འགྲེལ་བརྗོད་བྱེད་སྟངས་སྐོར་རེད། དེའི་ནང་ཞབས་གཡར་དང་ཆོད་དོན་རིགས་དུས་ཡུན་མང་མཐའ་ལོ་བཞི་ལས་མ་བརྒལ་བ་དགོས་པའི་ཆ་རྐྱེན་བཀོད་ཡོད་པ་མ་གཏོགས། དེ་བསྐྱར་དུ་ཞབས་གཡར་རམ་ཆོད་དོན་ཐོག་བསྐོ་གཞག་ཆོག་དང་མི་ཆོག་གི་གསལ་ཁ་མེད་ལ། ལོ་བཞིའི་ནང་ཚུད་ས་མིག་དེར་གཞུང་ཞབས་ངོ་མ་བཀོད་བསྒྲིགས་ཟིན་པ་དགོས་རྒྱུའི་ཆ་རྐྱེན་བཀོད་ཡོད་པ་མ་རེད། སྒྲིག་གཞི་དེའི་འགྲེལ་བརྗོད་བྱས་སྐབས་ཞབས་གཡར་རམ། ཆོད་གན་འོག་བཀོད་བསྒྲིགས་བྱས་པ་རྣམས་ཀྱི་དུས་ཡུན་མང་མཐའ་ལོ་བཞི་ལས་མ་བརྒལ་བ་དགོས་པའི་དགོངས་དོན། ལོ་ལྔའམ། བཞི་དང་ཕྱེད། ཐ་ན་ལོ་བཞི་དང་ཉིན་གཅིག་གི་ཡུན་ཚད་བར་ཡང་ཞབས་གཡར་རམ་ཆོད་དོན་འོག་བསྐོ་གཞག་མི་ཆོག་པ་རེད། དེའི་དམིགས་ཡུལ་གཅིག་ནི་ཚོགས་གཙོའི་ཡིག་ལན་དུ་གསལ་བ་བཞིན་ལོ་ཡུན་དེ་ཙམ་གྱི་ནང་དུ་ས་མིག་དེར་ཐད་བསྐོས་སམ་གནས་སྤར་གནས་སྤོས་ཀྱི་ལམ་ནས་འགྲོ་མཁན་ཞིག་ཡོང་ཐུབ་ངེས་དང༌། དེ་ཚོའི་བསྐོས་ལམ་མི་བཀག་པའི་ཆེད་དུ་ལོ་དུས་མཚམས་བཟུང་བྱས་པ་རེད། དམིགས་ཡུལ་གཞན་ཞིག་ནི་ས་གནས་ཡུལ་ཁྲིམས་འོག་གང་ཟག་གཅིག་ས་མིག་གཅིག་ཏུ་མུ་མཐུད་ལོ་བཞི་ལས་མང་བ་ལས་ཞབས་ཞུས་པ་ཡིན་ན། ལས་བྱེད་གཏན་འཇགས་བཟོ་དགོས་པའི་ཐོབ་ཐང་རྩོད་གླེང་བྱེད་སྲིད་པ་རེད། དེའི་རྙོག་དྲ་མི་ཡོང་བའི་ཆེད་དུ་ལོ་མཚམས་བཟོས་པ་རེད། བྱས་ཙང་རང་བཞིན་གྱི་ཁྲིམས་སྲོལ་ནས་བལྟས་པ་ཡིན་ན། ས་མིག་དེར་ཐད་བསྐོས་སམ། གནས་སྤར། ཡང་ན་གནས་སྤོས་ཀྱི་ཐོག་ནས་ཡོང་མཁན་གྱི་འགྲོ་ལམ་བཀག་གི་མེད་པ་དང༌། མི་འགྲོ་དེའི་དགོས་གལ་ད་དུང་ཡོད་པ་ཡིན་ན་སླར་ཡང་ཞབས་གཡར་རམ་ཆོད་དོན་གསར་པ་ཞིག་འོག་དུས་ཚོད་ངེས་ཅན་རིང་བསྐྱར་བསྐོ་བྱས་པ་ལ་དགག་བྱ་ཡོང་དོན་མེད་པ་རེད། ཞབས་གཡར་རམ་ཆོད་དོན་ཐ་དད་གཉིས་ཀྱི་འོག་ལོ་བཞི་རེའི་ལས་ཞབས་ལན་གཉིས་བྱས་པ་ཡིན་ནའང་མུ་མཐུད་ལས་ཞབས་ལོ་བཞི་ལས་བརྒལ་བའི་ཐོབ་ཐང་རྩོད་རྒྱུ་མེད་པ་རེད། དེའི་ལས་རྒྱུན་ལོ་བཞི་རེ་བྱས་པ་གཉིས་ལ་ལོ་བརྒྱད་བརྩི་རྒྱུ་མེད། གང་ཡིན་ཟེར་ན་ཆོད་དོན་སོ་སོ་ཡིན་པ་དང་བར་མཚམས་ཆད་པའི་རྒྱུ་མཚན་གྱིས་རེད། བྱས་ཙང་ལས་བྱེད་འདེམས་བསྐོའི་སྒྲིག་གཞི་དོན་ཚན་བཅུ་བདུན་པའི་འགྲེལ་བརྗོད་ཚོགས་གཙོས་ཞུས་པ་དེ་ཁྲིམས་ཐོག་འཕེར་བ་ཡིན་བསམ་གྱི་ཡོད། རྩིས་ཞིབ་སྙན་ཤོག་ཏུ་ལུང་དྲངས་པ་དེ་ལས་བྱེད་འདེམས་བསྐོའི་སྒྲིག་གཞི་མིན་པར་ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་ ༤༥ པ་དེ་རེད། ལས་བྱེད་བླང་དོར་སྒྲིག་གཞི་ནི་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་རྗེས་སུ་བྱུང་བ་ཞིག་དང༌། འཛིན་སྐྱོང་གིས་ཟིན་བྲིས་བཀོད་ནས་རྒྱུན་ལས་ནས་ཆོག་མཆན་ཞུས་པ་ཞིག་རེད། དེའི་ནང་ལོ་བཞིའི་ནང་གཞུང་ཞབས་ངོ་མ་གོ་སྒྲིག་ཟིན་པ་དགོས་ཞེས་གསལ་འདུག སྒྲིག་དོན་དེ་གོང་གི་འདེམས་བསྐོའི་སྒྲིག་གཞི་དོན་ཚན་ ༡༧ པས་མ་ཁྱབ་པ་ཞིག་རེད་ལ། གོང་གི་འགྲེལ་བརྗོད་དེས་ལས་བྱེད་བླང་དོར་སྒྲིག་གཞི་དོན་ཚན་ ༤༥ པའི་ནང་གསེས་ ག པ་དང་མི་འགལ་བའི་སྒྲུབ་བྱེད་ལ་མི་འགྲོ། དེ་ལ་འབྲེལ་ཡོད་ནས་གསལ་བཤད་ཟུར་དུ་གནང་དགོས་པ་ཞིག་རེད། དོན་ཚན་གཉིས་པ་སྔར་ནས་ཡང་ཡང་ཞུས་པ་བཞིན་ཚོགས་གཙོ་གཉིས་པོ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཆ་ཤས་ཤིག་རེད་མ་གཏོགས་ཁྲིམས་ལུགས་དབང་འཛིན་པ་ཞིག་མ་རེད། བྱས་ཙང་ཁྲིམས་ཡིག་དང་སྒྲིག་གཞིའི་འགྲེལ་བརྗོད་བྱེད་པའི་འགན་དབང་ཡོད་པ་མ་རེད། གལ་སྲིད་ནང་དོན་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་བསམ་ཚུལ་ཞུས་པ་དེ་ཚོ་དགོངས་པའི་དཔྱད་གཞི་ཙམ་ཞིག་རེད་མ་གཏོགས། གྲོས་ཚོགས་སུ་ལུང་འདྲེན་བྱེད་འོས་པ་ཞིག་མ་རེད་ལ། བྱས་ནའང་ཚད་འཛིན་གནང་དགོས་པ་ཞིག་མ་རེད།
ཡང་བཀུར་འོས་སྤྱི་འཐུས་གཅིག་གིས་ཕྱི་ཚེས་ ༢༢ ཉིན་སྟོང་པའི་དུས་ཚོད་ཀྱི་ནང་ལ་ཚོགས་གཙོ་སྤྱི་འཐུས་རྒྱུན་ལས་སུ་ཡང་ཡང་ཡོང་གི་མེད་པ་དང༌། རྡ་རམ་ས་ལར་རྒྱུན་རིང་པོ་བསྡད་ཀྱི་མི་འདུག ལས་ཀའི་འགན་འཁྱེར་གྱི་མི་འདུག ཕྱི་རྒྱལ་ལ་ཤ་སྟག་འགྲོ་བསྡད་ཀྱི་འདུག་ཅེས་བཀའ་གནང་སོང༌། དེ་ཚོ་ཚང་མ་དངོས་ཡོད་ཀྱི་གནས་ཚུལ་བདེན་པ་རང་རེད། བྱས་ཙང་ཚོགས་གཙོའི་ལས་འགན་མ་གྲུབ་པ་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་པ་དེ་ངས་ངོས་ལེན་ཞུས་པའི་ཐོག་ནས་གྲོས་ཚོགས་ནས་བཀའ་ཆད་ཉེས་པ་གང་གནང་ཡང་དགའ་པོའི་ངང་དྭང་ལེན་ཞུ་རྒྱུ་མ་གཏོགས། གླེང་རྙོག་ཞུ་རྒྱུའི་བསམ་ཚུལ་གཏན་ནས་མེད། བཟང་སྤྱོད་ཀྱིས་འགན་ཁུར་ངོས་ལེན་བྱས་ནས་ཚོགས་གཙོ་དགོངས་པ་ཞུས་གསུངས་ནའང་དགའ་པོའི་ངང་ཞུ་བ་ལས་མཁྲེགས་བཟུང་རྩ་བ་ཉིད་ནས་ཞུ་རྩིས་མེད། རང་ངོས་ནས་ལས་འགན་འགྲུབ་ཀྱི་མི་འདུག་སྙམ་པའི་ཉམས་མྱོང་ལོ་ཤས་སྔོན་ནས་འོང་བསྡད་ཀྱི་ཡོད། ཚོགས་དུས་དྲུག་པའི་སྐབས་ལ་དེའི་སྐོར་ཞུ་དགོས་བསམ་ཡང་རྐྱེན་ཁ་ཤས་ལ་བརྟེན་ནས་ཞུས་མ་ཐུབ་པར་ལྷག་སོང༌། བཀུར་འོས་སྤྱི་འཐུས་ཤིག་གིས་ཚོགས་གཙོ་རྒྱུན་ལས་ནང་དུ་འོང་གི་མི་འདུག་ཅེས་གསུངས་པ། ངས་སྔོན་ནས་རྒྱུན་ལས་ལ་ཞུས་ཡོད་པ་ལྟར། ངས་རྒྱུན་ལས་ལ་གཡོལ་དགོས་པའི་རྒྱུ་མཚན་ང་རང་གི་ཉམས་མྱོང་ལ་བྱུང་བ་དེ་གྲོས་ཚོགས་ལ་ཞུ་དགོས་ཀྱི་རེད་བསམ་གྱི་འདུག ང་རང་རྒྱུན་ལས་ནང་དུ་ག་ཚོད་བཅར་བ་ཡིན་ནའང་གྲུབ་འབྲས་འཐོན་རྒྱུ་ཡོད་པའི་ལས་ཀ་བྱེད་ཐུབ་ཀྱི་མི་འདུག ཅི་སྟེ་གྲུབ་འབྲས་འཐོན་རྒྱུ་ཡོད་པའི་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་ན། གང་ལ་གང་འཚམས་བཅར་ཐུབ་ཀྱི་རེད་བསམ་གྱི་འདུག འོན་ཀྱང་སྐབས་བཅུ་གཉིས་པའི་གྲོས་ཚོགས་དབུ་བཙུགས་པ་ནས་བཟུང༌། ད་ལྟའི་བར་དུ་རྒྱུན་ལས་ནང་དུ་བཅར་ནས་གྲུབ་འབྲས་ཐོན་པའི་ལས་ཀ་སྣ་གཅིག་ཀྱང་བྱས་ཐུབ་མེད་པ་ང་རང་མ་ཟད་རྒྱུན་ལས་རྣམ་པས་ཀྱང་མཁྱེན་གསལ་རེད། ཚོགས་གཙོ་གཉིས་པོ་རྒྱུན་ལས་ཀྱི་ཚོགས་གཙོ་ཡིན་ཙང་ཞེས་རྒྱུ་མཚན་དྲངས་པ་དེ་ལ་གསལ་བཤད་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུ་སྤྱི་འཐུས་རྒྱུན་ལས་ཞེས་པ་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱི་ནང་ནས་ལོ་རེ་བཞིན་འོས་འདེམས་བྱས་ནས་མི་བཅུ་གཉིས་འགྲོ་དགོས་པ་ཞིག་རེད་མ་གཏོགས། ཚོགས་གཙོ་དང་ཚོགས་གཞོན་གཉིས་པོ་རྒྱུན་ལས་ཀྱི་ཆ་ཤས་རེད་ཅེས་གསལ་མེད་པ་ཚང་མས་དགོངས་ཆུབ་ལྟར་རེད། ཚོགས་གཙོ་ཚོགས་གཞོན་གཉིས་པོ་རྒྱུན་ལས་སུ་ཡོད་མེད་ལ་མ་ལྟོས་པར་རྒྱུན་དུ་ལས་ཁུངས་ཟིན་ནས་ཚོགས་དྲུང་ལས་ཁུངས་ཀྱི་འགོ་འཛིན་བྱེད་དེ་གྲོས་ཚོགས་གསར་པ་མ་ཚུགས་ཀྱི་བར་ལ་མུ་མཐུད་ནས་ལས་ཁུངས་བཟུང་མཁན་ཞིག་ཡིན་པ་ལས། རྒྱུན་ལས་ཀྱི་ཆ་ཤས་ཤིག་མ་རེད། སྤྱི་འཐུས་རྒྱུན་ལས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་མང་པོ་ཡོད་པའི་ནང་གི་གཏན་འཇགས་ཀྱི་ཚོགས་ཆུང་ཞིག་རེད། སོང་ཙང་ཚོགས་ཆུང་སོ་སོའི་སྒྲིག་གཞི་དང་བསྟུན་ནས་ཚོགས་གཙོ་ཚོགས་གཞོན་གཉིས་པོ་ཚོགས་ཆུང་གང་གི་ནང་དུའང་འགྲོ་ཆོག་པ་དང༌། ཚོགས་ཆུང་དེའི་ཚོགས་གཙོ་བྱེད་རྒྱུའི་ཐོབ་ཐང་ཡང་ཡོད་པ་སྒྲིག་གཞིའི་ནང་དུ་གསལ་ཡོད། འོན་ཀྱང་དུས་རྒྱུན་དུ་ཚོགས་ཆུང་འདིའི་གྲུབ་ཆའི་ཡན་ལག་ཡིན་དགོས་པའི་ཁྱབ་པ་མེད་ཙང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་རྒྱུན་ལས་ཐོག་མར་ཚོགས་པའི་སྐབས་ལ་ཚོགས་གཙོ་ཚོགས་གཞོན་གཉིས་པོ་རྒྱུན་ལས་ཀྱི་ནང་དུ་བཞག་རྒྱུ་མི་འདུག་ཅེས་ངས་དང་ཐོག་ནས་ཞུས་པའི་སྐབས་དེར་ཚོགས་གཙོ་གཞོན་པས་ཀྱང་མོས་མཐུན་གནང་ཡོད་བསམ་གྱི་འདུག ཡིན་ནའང་དེ་དུས་སྤྱི་འཐུས་མང་ཆེ་བས་ཚོགས་གཙོ་ཚོགས་གཞོན་གཉིས་པོ་རྒྱུན་ལས་ཀྱི་ཚོགས་མི་བྱས་ནས་མ་བཞུགས་ན་འགྲིག་གི་མེད་པའི་དགོངས་ཚུལ་ཤུགས་ཆེན་བྱུང་སོང༌། དེ་དུས་ངས་རྒྱུན་ལས་ཀྱི་ཚོགས་གཙོ་རྒྱུན་ལས་རང་གི་ནང་ནས་འདེམས་ཆོག་གི་རེད་ཅེས་ཞུས་སྐབས། དེ་འགྲིག་གི་མི་འདུག་ཅེས་བཀའ་གནང་ནས་ཚོགས་གཙོ་ཚོགས་གཞོན་གཉིས་པོ་རང་བཞིན་གྱིས་ལོ་རྟག་པར་རྒྱུན་ལས་ཀྱི་ནང་བསྡད་དགོས་པ་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ཀྱི་ཐོག་ནས་ཐག་གཅོད་གནང་བ་མ་གཏོགས། ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་དྭང་བླངས་སམ་རང་ཤེད་ཀྱིས་བསྡད་པ་མ་རེད། དེ་ཚང་མས་མཁྱེན་གྱི་ཡོད་ཀྱང་ཐུགས་དྲན་གསོས་པའི་ཆེད་དུ་བསྐྱར་ལྡབ་བྱས་ནས་ཞུ་གི་ཡོད། དེ་དུས་ངས་ད་ལྟ་ལས་ཀ་གཞན་ཁ་ཤས་ཤིག་བཞག་ཐུབ་མེད་པས་རྒྱུན་ལས་བྱས་ནས་དུས་རྟག་ཏུ་རྡ་རམ་ས་ལར་བསྡད་ཐུབ་ཀྱི་མ་རེད་ཅེས་ཞུས་སྐབས། ང་ལ་དམིགས་བསལ་ཡིན། རྒྱུན་ལས་ཀྱི་ཚོགས་མི་ཡིན་པ་གང་ཞིག་རྒྱུན་ལས་གཞན་དང་མཚུངས་པར་རྟག་པར་རྡ་རམ་ས་ལར་བསྡད་མི་དགོས་པའི་སྤྱི་མོས་ཀྱི་གྲོས་ཆོད་བཞག་ཡོད། དེ་ནི་སྤྱི་འཐུས་ལྷན་ཚོགས་ཀྱིས་ང་ལ་གནང་བའི་ཐོབ་ཐང་ཞིག་ལས་ངས་ཡར་ཞུས་པའི་ཐོབ་ཐང་ཞིག་མ་རེད། ཕྱོགས་གཞན་ཞིག་ནས་ཚོགས་གཙོ་གཉིས་ཀྱི་ལས་འགན་མཉམ་འདུས་ཀྱི་ལས་འགན་ཡིན་ཙང་སུ་ཡོད་ཀྱང་གཉིས་ཀའི་འགན་འཁྱེར་རྒྱུ་ཞིག་རེད། དེ་བཞིན་ལས་དོན་གལ་གནད་ཆེ་བའི་ཐོག་ལ་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ཕན་ཚུན་བཀའ་མོལ་ཡོང་ཐུབ་ཀྱི་ཡོད་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་དུས་རྟག་ཏུ་རྒྱུན་ལས་ཀྱི་ནང་དུ་བསྡད་མ་ཐུབ་པ་ཡིན་ནའང་རྒྱུན་ལས་ཀྱི་ཚོགས་མིའི་མིང་འཁྱེར་བསྡད་པ་འདི་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱི་བྱུང་རིམ་དེ་ནས་བརྒྱུད་དེ་འོང་བསྡད་པ་རེད། སྐབས་བཅུ་གཉིས་པའི་སྤྱི་འཐུས་ནང་ལ་ཐོག་མར་དེའི་ཐོག་ལ་གླེང་སློང་བྱུང་ཡོད་མ་རེད། རྗེས་སུ་གླེང་སློང་བྱུང་བའི་སྐབས་ལ་བསྐྱར་དུ་ངས་རྒྱུན་ལས་ཀྱི་གྲུབ་ཆ་ལ་འགྱུར་བ་གཏང་ན་ཞེས་ཞུས་པ་ཡིན། རྒྱུ་མཚན་གང་ཡིན་ཞུ་ན། ཚོགས་གཙོ་ཚོགས་གཞོན་གཉིས་པོ་དེ་རྒྱུན་ལས་ཀྱི་ཚོགས་མི་བྱེད་པ་ཡིན་ན་རྟག་པར་རྒྱུན་ལས་སུ་བསྡད་མི་ཐུབ་པ་འདི་དཀའ་ངལ་གཅིག་དང༌། དཀའ་ངལ་གཞན་ཞིག་ལ་ཚོགས་གཙོ་ཚོགས་གཞོན་གཉིས་གང་ནས་ཡོང་བའི་སྤྱི་འཐུས་ཀྱི་འགྲོ་ཁུངས་དེ་ནས་ས་མིག་གཅིག་བཀག་གི་ཡོད་རེད། ང་ལ་ཆ་བཞག་ན་མདོ་སྟོད་ཀྱི་ས་ཁུངས་གཅིག་བཀག་གི་ཡོད། མདོ་སྟོད་ཀྱི་རྒྱུན་ལས་ནང་དུ་སྤྱི་འཐུས་གཉིས་འགྲོ་ས་ཡོད་པ་ལ་ངས་གཏན་འཇགས་བསྡད་ན། སྤྱི་འཐུས་གཅིག་གི་ས་ཆ་མ་གཏོགས་མེད་པ་ཆགས་ཀྱི་ཡོད་རེད། བྱས་ཙང་རྒྱུན་ལས་ཀྱི་གྲུབ་ཆའི་ཐོག་འགྱུར་བ་གཏང་ན་ཞེས་ཞུས་སྐབས། སྤྱི་འཐུས་རྣམ་པ་ཚོ་དགོངས་མཐུན་མ་བྱུང་བར་སྔ་མ་ནང་བཞིན་མུ་མཐུད་ནས་བསྡད་ན་ཡག་པོ་འདུག་ཅེས་སྐབས་བཅུ་གཉིས་པའི་སྤྱི་འཐུས་རྣམ་པས་ཁ་སང་ཚོགས་དུས་དྲུག་པའི་སྐབས་ཐག་གཅོད་གནང་བ་རེད།
རྒྱུན་ལས་ནང་དུ་བཅར་བའི་སྐབས་ལ་ལས་ཀ་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ཞུ་ན། རྒྱུན་ལས་འདི་མཉམ་འདུས་ཀྱིས་འགན་འཁྱེར་དགོས་ཀྱི་ཡོད་པ་དང༌། ལས་དོན་གང་ཡིན་ཡང་སྤྱི་མོས་མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱས་ཏེ་འགྲོ་དགོས་པ་ཞིག་རེད། སྤྱི་མོས་མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱས་ཏེ་ཕྱིན་པའི་སྐབས་ལ། ད་ལྟ་འདིར་བཀའ་མོལ་ཞུ་མཁན་གྱི་ཚོགས་གཙོ་ལ་ཆ་མཚོན་ན། ཆུང་དུས་ནས་མང་གཙོའི་ལྟ་གྲུབ་ལ་རང་བཞིན་གྱི་དགའ་སྣང་དང་ལེགས་བྱང་ཡོད་པ་ཞིག་ཡིན་བསམས་ནས་སྤོབས་པ་འཁྱེར་བསྡད་ཀྱི་ཡོད། སོང་ཙང་བསམ་ཚུལ་མ་མཐུན་པ་ག་ཚོད་བྱུང་ཡང་དགའ་སྣང་མ་གཏོགས་སུན་སྣང་དང་འཇིགས་སྣང་སྐྱེས་ཀྱི་མི་འདུག བསམ་ཚུལ་མ་མཐུན་པར་བགྲོ་གླེང་བྱེད་སྐབས་གཞི་འཇོག་ས་གཙོ་བོ་རྒྱུ་མཚན་ལ་བཞག་དགོས་མ་གཏོགས་ཨུ་ཚུགས་ལ་བཞག་ན་འགྲིག་ཐབས་ཡོད་མ་རེད། བྱས་ཙང་རྒྱུ་མཚན་འགྲོ་ས་མེད་པའི་དུས་ཚོད་ཅིག་ལ་སླེབས་དུས་མི་གཞན་གྱི་དགོངས་ཚུལ་ལ་ག་ཚོད་ཀྱིས་གུས་བརྩི་ཞུས་ཀྱི་ཡོད་ལབ་པ་ཡིན་ནའང་ལས་ཀ་བྱེད་སྟངས་མི་ཤེས་པ་ཞིག་ཆགས་ཀྱི་འདུག ངས་མདོར་བསྡུས་ནས་ཞུ་ན། ང་ལ་འཕྲད་པའི་དམིགས་བསལ་གྱི་དཀའ་ངལ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་དང་གཅིག རྒྱུ་མཚན་འགྲོ་ས་མེད་པའི་དཀའ་ངལ་དང་གཉིས། སྤྱི་མོས་མང་མོས་ཀྱིས་ཐག་བཅད་ཟིན་པ་ལ་ཐོག་མར་མོས་ཤོག་བསྡུས་པའི་སྐབས་ལ་སོ་སོས་དགག་བྱ་བྱས་ཡོད་ཀྱང་མང་མོས་ཀྱི་ཐོག་ནས་ཐག་བཅད་ཚར་དུས་དེ་ལ་ཚང་མས་གུས་བརྩི་ཞུས་ནས་འགྲོ་དགོས་པ་ལ་འགྲོ་མི་ཐུབ་པའི་དཀའ་ངལ་དང་གསུམ། དོན་དག་མང་པོ་ཞིག་གི་ཐོག་ཆོས་ལ་མ་རྟོན་པར་གང་ཟག་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་ཀྱི་འབད་རྩོལ་གནང་བའི་དཀའ་ངལ་དང་བཞི་ལ་བརྟེན་ནས་ལས་དོན་མང་པོ་འགག་བསྡད་ཀྱི་འདུག ངས་ནམ་རྒྱུན་རྟག་པར་ Professor Samdhong Rinpoche ཟེར་མཁན་དེ་སྤོབས་པ་ཆེ་མདོག་ཁ་པོ་ཞིག་ཡོད་རེད་དེ། རྡ་རམ་ས་ལར་སླེབས་དུས་ཁོའི་ Water Loo ཐུག་ཚར་རེད་ཅེས་ལབ་བསྡད་ཀྱི་ཡོད། ས་གནས་གཞན་དག་ག་འདྲ་ཞིག་ཏུ་ཕྱིན་པ་ཡིན་ནའང་རེད། ཚོགས་འདུ་དང་ལས་དོན་ག་འདྲ་ཞིག་ལ་ཞུགས་པ་ཡིན་ནའང་བསམ་བློ་མཐུན་མ་མཐུན་མང་པོ་ཞིག་འོང་གི་རེད། ཡིན་ནའང་བསམ་བློ་མ་མཐུན་པ་ཡིན་ན་མ་མཐུན་པ་དེའི་ཐོག་ལ་བགྲོ་གླེང་བྱས་ནས་གྲུབ་འབྲས་ཐོན་རྒྱུ་ཡོད་རེད། མཐུན་པ་ཡིན་ན་མཐུན་པ་དེའི་ཐོག་ནས་གྲུབ་འབྲས་ཐོན་རྒྱུ་ཡོད་རེད། དེ་འདྲ་ང་ཚོ་འདིར་རྒྱུན་ལས་ནང་ཡོང་ཐུབ་ཀྱི་མི་འདུག དེ་ཡང་ངས་རྒྱུན་ལས་ཚོགས་མི་གཞན་དག་ལ་འགྲིགས་མ་སོང་ཞུས་ཀྱི་མེད། ང་རང་གིས་འཇོན་མ་སོང་ཞུས་ཀྱི་ཡོད། སྤྱི་འཐུས་བཅུ་གཉིས་ཀྱི་དགོངས་ཚུལ་གཅིག་ཏུ་བསྒྲིལ་ནས་འགོ་ཁྲིད་ཐུབ་པ་ཞིག་ངས་ཞུས་ཐུབ་མ་སོང་ཞུ་གི་ཡོད། གོ་བརྡ་སྤྲད་མ་ཐུབ་པ་ཡང་ང་རང་གི་ནུས་པས་མ་ལྡེང་བ་རེད། རྒྱུ་མཚན་འགྲོ་མ་ཐུབ་པ་དེ་ཡང་ང་རང་གི་རྒྱུ་མཚན་མ་ལྡེང་བ་རེད་མ་གཏོགས་གཞན་པ་གང་ཡང་མ་རེད། ཚོགས་གཙོ་རྒྱུན་ལས་སུ་ཆུ་ཚོད་གཅིག་མ་གཏོགས་བསྡད་མ་སོང་གསུངས་པ་བདེན་པ་རེད། ༡༩༩༨ ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ང་ཚོས་རྒྱུན་ལས་ཤིག་ཚོགས་པ་ཡིན། དེ་ཉིན་ཚོགས་གཙོ་དུས་ཚོད་རིང་པོ་ཞིག་རྗེས་རྡ་རམ་ས་ལར་སླེབས་པ་སོང་ཙང་རྒྱུན་ལས་ཀྱི་ནང་དུ་དོན་གནད་ཡོད་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་བཀའ་བསྡུར་ཞུ་རྒྱུའི་འཆར་གཞི་བསྒྲིགས་ནས་ཚོགས་པ་རེད། ཚོགས་པའི་རྗེས་ལ་བཀའ་ཤག་གི་ཆབ་སྲིད་ཚོགས་འདུའི་ནང་ཚོགས་གཙོ་ཚོགས་གཞོན་གཉིས་ཕྱིན་པ་ལ་ཉེས་འཛུགས་གནང་ནས་བཀའ་བཀྱོན་བླ་ན་མ་མཆིས་པ་ཞིག་ཕེབས་ཏེ་དུས་ཚོད་ཆ་ཚང་དེ་ལ་ཕྱིན་ནས་དེའི་ཉིན་མོ་དོན་དག་ཡོད་པའི་གནས་ཚུལ་གང་ཡང་བཀའ་མོལ་གནང་མ་ཐུབ་པ་ཆགས་སོང༌། དེ་ནས་རྒྱུན་རིང་པོ་ཞིག་གི་རྗེས་སུ་བསྐྱར་དུ་རྒྱུན་ལས་ཚོགས་པ་རེད། དེ་ཚོགས་དགོས་པའི་རྒྱུ་མཚན་གང་ལགས་ཤེ་ན། གྲོས་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག་རྒྱུན་ལས་ཀྱི་གྲུབ་ཆ་བསྐྱར་དུ་དགོངས་བཞེས་གནང་སྟེ་རང་འཇགས་བཞག་ཐོག རྒྱུན་ལས་ཀྱི་ཕྱག་ལས་ཤུགས་ཆེ་རུ་གཏང་དགོས་པའི་དགོངས་ཚུལ་བྱུང་བའི་ཐོག་ལ་གྲོས་བསྡུར་བྱེད་རྒྱུའི་ཆེད་ཚོགས་པ་རེད་དེ། ཡིན་ནའང་དེ་ཉིན་ཚོགས་འདུ་ཚོགས་མ་ཐག་རྒྱུན་ལས་ཀྱི་ནང་ལ་གནས་ཚུལ་བྱུང་བ་རྣམས་གསང་བ་མ་ཚུགས་པ་དང༌། ཕྱིར་གྲགས་འགྲོ་བའི་སྐོར་ལ་འཕྲོས་གླེང་གཅིག་བྱུང་བ་དེ་གའི་ཐོག་ལ་ Mahabharat ཞིག་བྱུང་ནས་དུས་ཚོད་ཆ་ཚང་ད་གའི་ཐོག་ཕྱིན་པ་རེད། དེ་ནས་ངོས་རང་གཞན་དུ་འགྲོ་དགོས་ཀྱི་དུས་ཚོད་འཁེལ་སོང༌། བྱས་ཙང་ཆུ་ཚོད་གཅིག་ལས་བསྡད་ཐུབ་ཡོད་མ་རེད། ལྷག་པར་དུ་ཕྱི་རྒྱལ་ལ་མང་པོ་འགྲོ་བསྡད་ཀྱི་འདུག་གསུངས་པ་བདེན་པ་རེད། ང་རང་གི་ངོས་ནས་འགྲོ་འདོད་རྩ་བ་ནས་མེད་པ་མ་ཟད་དཀའ་ལས་ཆེན་པོ་ཡོང་གི་འདུག སྤྱི་འཐུས་ཕྱག་རོགས་ཚོས་ངའི་ཚབ་ལ་ཕེབས་པ་ཡིན་ན་དགའ་བསུ་ཡོད། ད་བར་རང་ཉིད་ཕྱི་རྒྱལ་ལ་ཕྱིན་ཚད་རྒྱུན་ལས་ལ་བཀའ་ཁྲོལ་ཞུས་ནས་ཕྱིན་པ་མ་གཏོགས་སྤྱི་འཐུས་ལྷན་ཁང་གི་མཚན་ཐོག་ནས་འདས་པའི་ལོ་བརྒྱད་ཀྱི་རིང་ལ་ཕྱི་རྒྱལ་བཞག་ནས་རྒྱ་གར་ནང་དུའང་རྒྱུན་ལས་ཀྱི་བཀའ་ཁྲོལ་མེད་པར་ས་གནས་གང་དུའང་གོམ་པ་བརྒྱབས་མེད་ཅེས་ངས་ཐག་བཅད་ནས་ཞུ་ཐུབ་ཀྱི་ཡོད། སྐུ་སྒེར་ཡིག་ཚང་ནས་བཀའ་མངགས་གནང་བ་རྣམས་ལའང་བཀའ་དགོངས་གཞིར་བཟུང་ཞུ་དགོས་མིན་ངས་རྒྱུན་ལས་ལ་བཀའ་འདྲི་ཞུས་ཀྱི་ཡོད། ཝཱརཱཎསཱི་དབུས་བོད་ཀྱི་མཐོ་རིམ་སློབ་གྲྭའི་ངེས་སྟོན་པ་ཡིན་པའི་ཆ་ནས་འགྲོ་རྒྱུ་འདི་གནས་ཚུལ་གཞན་རེད། ཝཱརཱཎསཱི་ལས་དོན་གྱི་ཐོག་ལ་ད་བར་འཁྲིལ་ཐག་འཁོར་ནས་བསྡད་པ་ལ་སྤྱི་འཐུས་མང་པོ་ཞིག་གི་དགོངས་པར་ངས་བློས་མ་ཐོངས་པར་དགོངས་ཀྱི་ཡོད་ཀྱང་དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་མ་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་འཁོད་པ་ནས་བཟུང་ངེས་སྟོན་པའི་ལས་ཀ་བཞག་ཐུབ་ན་སྙམ་ནས་འབད་བརྩོན་བྱས་པ་ཡིན་མ་གཏོགས། ལས་ཀ་བཞག་མི་དགོས་པ་བྱུང་ན་བསམས་ནས་འཇུས་བསྡད་པ་རྩ་བ་ཉིད་ནས་མེད། དེའི་ཐོག་ལ་ངས་གསལ་བཤད་བྱས་ནས་ཐུགས་ཡིད་ཆེས་ཀྱི་རེད་བསམ་གྱི་མི་འདུག བྱས་ཙང་དེ་ལ་ངས་མནའ་བསྐྱལ་ཐོ་བཙུགས་བྱེད་དགོས་དོན་གང་ཡང་མི་འདུག བྱས་ཙང་དེའི་ལས་འགན་རྗེས་འབྲེལ་གྱི་ཐོག་ནས་མཚམས་མཚམས་ཕྱི་རྒྱལ་ལ་རེ་གཉིས་འགྲོ་དགོས་པ་ཆགས་ཀྱི་འདུག་ཀྱང་དེའི་གནས་ཚུལ་རྒྱུན་ལས་ལ་ཞུས་པ་ཙམ་ལས་བཀའ་ཁྲོལ་ཞུ་དགོས་ཀྱི་འབྲེལ་བ་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད། དེ་མིན་གོམ་པ་གང་གང་དུ་སྤོས་ཀྱང་རྒྱུན་ལས་ཀྱི་བཀའ་ཁྲོལ་གྱི་ཐོག་ནས་སྤོས་ཀྱི་ཡོད། སོང་ཙང་མ་འོངས་པར་རྒྱུན་ལས་ཀྱིས་ཚོགས་གཙོ་ཕྱི་ལོགས་ལ་འགྲོ་མི་དགོས་གསུངས་པ་ཡིན་ན། དེ་ལ་ངས་ཧ་ཅང་དགའ་སྣང་གི་ཐོག་ནས་དྭང་ལེན་ཞུ་རྒྱུ་ཡིན། ང་རང་གི་དུས་ཚོད་ཀྱང་ལྷག་གི་རེད་ལ། དཀའ་ལས་ཀྱང་ཆུང་དུ་འགྲོ་རྒྱུ་རེད། ལས་དོན་གཅིག་མདུན་དུ་སླེབས་དུས་དེ་ལ་རྒྱུན་ལས་ཀྱིས་ཀྱང་ཡག་པོ་འདུག འགྲོ་དགོས་རེད་གསུང་དུས་མ་འགྲོ་ཐབས་མེད་པ་ཆགས་ཀྱི་ཡོད་ཙང་འགྲོ་བསྡད་ཀྱི་ཡོད། དེས་ན་འབྱུང་འགྱུར་གྱི་གནས་སྟངས་ལ་ཆ་བཞག་ན་ཕྱི་རྒྱལ་ལ་མ་འགྲོ་གསུངས་ན་དེ་ལ་ངས་ཧ་ཅང་དགའ་པོའི་ངང་རྒྱུན་ལས་ཀྱི་བཀའ་སྒྲུབ་ཀྱི་ཡིན་ཞེས་གསལ་པོ་ཞུ་རྒྱུ་དང༌། རྒྱུན་ལས་སུ་ཡང་ཡང་ཡོང་དགོས་གསུངས་ནའང་ལས་ཀ་བྱེད་ཐུབ་པའི་ཁོར་ཡུག་ཅིག་བྱུང་བ་ཡིན་ན་ངེས་པར་དུ་བཅར་གྱི་ཡིན། དེ་མིན་དུས་ཚོད་ཆུད་ཟོས་ཡིན་པས་དེ་ལས་ལས་དོན་གཞན་གྱི་ཐོག་ལ་བེད་སྤྱོད་བཏང་བ་ཡིན་ན་ཕྲ་ལ་ཕྲན་བུ་ཙམ་ལས་དོན་གྲུབ་འབྲས་ཡོང་སྲིད་པ་རེད། ད་ཕན་རྒྱུན་ལས་ཀྱི་ལས་འགན་ཇི་བཞིན་མ་གྲུབ་པའི་ཉེར་ལེན་ལ་བརྟེན་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་བཀའ་ཆད་ཉེས་པ་གང་གནང་ཡང་དེ་ལ་ངས་དགའ་པོའི་ངང་ནས་སྒྲུབ་ཀྱི་ཡིན། རང་ཉིད་ད་ལྟ་སྤྱི་འཐུས་དཀྱུས་མའི་གྲལ་རིམ་གྱི་ཐོག་ནས་གསལ་བཤད་ཞུས་པ་འདི་ད་དུང་བསྐྱར་དུ་བཀའ་འདྲི་བཀའ་བརྩད་གནང་རྒྱུ་དང་འཕྲོ་དོན་གྱི་དྲི་བ་གནང་རྒྱུའི་གོ་སྐབས་ཡོང་བའི་ཆེད་དུ་ཞུས་པ་ཡིན། ད་ཕལ་ཆེར་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བདུན་པ། ༡༩༩༩/༠༣/༡༦ ་་་ ༡༩༩༩/༠༣/༢༦