ཚོགས་གཙོ་གཉིས་ཀྱི་འགན་མཉམ་ཁུར་ཡིན་ཚུལ།

སྤྱི་འཐུས་གཅིག་གིས་ཚོགས་གཙོ་གཞོན་པའི་དགོངས་ཚུལ་དང་ཚོགས་གཙོ་བགྲེས་པའི་དགོངས་ཚུལ་གཉིས་གཅིག་པ་ཡིན་ནམ་ཞེས་བཀའ་འདྲི་ཞིག་གནང་སོང༌། བཀའ་འདྲི་གནང་དགོས་དོན་ཡོད་མ་རེད། ད་ལྟའི་བར་ཚོགས་གཙོ་གཉིས་ཀྱིས་འགན་མཉམ་དུ་འཁྱེར་གྱི་ཡོད་པ་རེད། བྱ་དུར་བཟང་པོ་དང་ཟམ་གདོང་སྤྲུལ་སྐུ་གཉིས་ཀྱི་སྒེར་གྱི་བསམ་ཚུལ་ཐ་དད་ཡིན་སྲིད་པ་རེད། ཚོགས་གཙོའི་ལས་འགན་ཐོག་ནས་བཤད་པ་རྣམས་འགྲིག་ཡོད་ན་འགྲིག་མཉམ་དང༌། ནོར་ཡོད་ནའང་ནོར་མཉམ་གྱི་འགན་འཁྱེར་རྒྱུ་ཞིག་རེད། ཚོགས་གཙོ་གཉིས་ཀྱི་བསམ་ཚུལ་ལ་ཁྱད་པར་མེད། ཡིན་ནའང་སྒེར་གྱི་བསམ་ཚུལ་བཤད་སྐབས་ངེས་པར་དུ་ཁྱད་པར་སྦྱར་ནས་སྒེར་གྱི་བསམ་ཚུལ་ཡིན་གསུང་དགོས་པ་ཞིག་རེད། དེ་མ་སྦྱར་ན་གང་བཤད་པ་རྣམས་ཚོགས་གཙོའི་བསམ་ཚུལ་ཆགས་ཀྱི་རེད། ད་རེས་རྒྱུན་ལས་ཚོགས་འདུའི་ནང་གང་གསུངས་པ་རྣམས་སྒེར་གྱི་བསམ་ཚུལ་ཡིན་ཞེས་སྦྱར་མེད་ན་ཚོགས་གཙོ་གཉིས་ཀྱི་བསམ་ཚུལ་རེད། མཉམ་དུ་འགན་འཁྱེར་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༥/༠༢/༠༡ ་་་ ༡༩༩༥/༠༢/༡༤