མྱུར་བྱོན་གསོལ་འདེབས་དྲང་སྲོང་བདེན་ཚིག

༄༅།། ཨོཾསྭསྟི། དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང༌།།

སྲིད་ཞིའི་འཇིགས་སྐྱོབ་ཐེག་གསུམ་དམ་པའི་ཆོས།།

རིག་གྲོལ་འཕགས་པའི་དགེ་འདུན་ཚོགས་རྣམས་ཀྱིས།།

བྱིན་རླབས་དངོས་གྲུབ་ཆར་ཆེན་དེང་འདིར་ཕོབ།། 

བསླབ་གསུམ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཆེ།།

བློ་གྲོས་བཟང་པོའི་དཔུང་པས་འདེགས་མཁས་ཤིང༌།།

ཟབ་རྒྱས་ཆོས་ཀྱི་འོད་སྣང་འབར་བའི་གཟིས།།

རྨོངས་སེལ་ཉི་མ་ཆེན་པོར་གསོལ་བ་འདེབས།།

སྔོན་གོམས་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་པའི།།

མཚན་དཔེའི་དཀྱིལ་འཁོར་རྫོགས་པའི་ཉི་མ་ཁྱོད།།

འགྲོ་བློའི་རྨོངས་མུན་གཤེད་དུ་མ་བཞུགས་པར།།

ཆོས་དབྱིངས་ཆུ་ལྷའི་ཕང་པར་གཞོལ་འདི་སྐྱོ།།

འོན་ཀྱང་གཡོ་མེད་དད་པའི་ས་གཞི་ལ།།

རྣམ་དཀར་དགེ་བའི་ས་བོན་རབ་བསྐྲུན་ཏེ།།

སྨོན་པའི་བདེན་ཚིག་ཆུ་རྒྱུན་རྟག་བསྒྲེངས་ན།།

ཡང་སྤྲུལ་མྱུ་གུ་གསར་པ་མྱུར་བྱོན་ཤོག།

རྣམ་དག་ཚུལ་ཁྲིམས་དྲི་མེད་ས་ལེ་སྦྲམ།།

རྩེ་གཅིག་བསམ་གཏན་ཞུགས་ཀྱིས་ལེགས་སྦྱངས་པའི།།

རྣམ་འབྱེད་ཤེས་རབ་འོད་ཀྱི་རླབས་འཕྲོ་བའི།།

མཆོག་སྤྲུལ་གསེར་གྱི་ཉི་གཞོན་མྱུར་བྱོན་ཤོག།

གཞུང་ལུགས་རྒྱ་མཚོར་ཐོས་པའི་གྲུར་བཞུགས་ཏེ།།

དཔྱད་འཇོག་བསམས་པའི་སྐྱ་བས་རབ་བསྐུལ་ནས།།

བསྒོམས་བྱུང་ནོར་བུའི་གླིང་ལ་དབང་བསྒྱུར་བའི།།

མཆོག་སྤྲུལ་དེད་དཔོན་ཆེན་པོ་མྱུར་བྱོན་ཤོག།

འཆད་པའི་སྤོབས་པ་དབྱིག་གཉེན་ལྟ་བུར་མཐོ།།

རྩོད་ལ་ཕྱོགས་གླང་གྲགས་པའི་རྗེས་སུ་ཞུགས།།

རྩོམ་ལ་མཁས་མཆོག་དཔའ་བོར་ཅོ་འདྲི་བའི།།

ཡང་སྤྲུལ་འགྲོ་བའི་འདྲེན་མཆོག་མྱུར་བྱོན་ཤོག།

མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང༌།།

རྟེན་འབྱུང་སླུ་བ་མེད་པའི་བདེན་པའི་སྟོབས།།

བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས།།

སྨོན་པའི་དོན་རྣམས་ཡིད་བཞིན་མྱུར་འགྲུབ་ཤོག།

ཅེས་མྱུར་བྱོན་གསོལ་འདེབས་དྲང་སྲོང་བདེན་ཚིག་ཅེས་བྱ་བ་འདི་ཡང་མཐའ་འཁོབ་བསྟན་འགྲོའི་མགོན་དཔུང་ཐོ་བ་སྤྲུལ་སྐུ་རྒྱལ་མཚན་བློ་བཟང་ཆོས་ཀྱི་ཉི་མ་མཆོག་གློ་བུར་ཞི་དབྱིངས་སུ་མནལ་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བའི་སྐབས་ཁུལ་དེའི་ཞལ་སློབ་མང་ཚོགས་ནས་ཇི་ལྟར་བསྐུལ་བ་བཞིན་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་སྨོན་འདུན་བཟང་པོའི་མཚམས་སྦྱོར་དང་བཅས་ལྕགས་སྟག་བོད་ཟླ་དྲུག་པའི་ཚེས་བཞི་སྟོན་པས་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཚིགས་དང༌། ཕྱི་ལོ་༢༠༡༠ ཟླ་༧ ཚེས་༡༥ དགེ་བར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །།