མི་སྡེ་དང་ཟམ་གདོང་སློབ་དཔོན།

ཀུན་སྤྱོད་རྩོམ་སྒྲིག་པ་ཧར་གདོང་ཨ་འཇིགས།
ཁ་བྱང་གི་འགྲེལ།    (ད་ལྟ་འཛམ་གླིང་དུ་འཚོ་ཞིང་རྒྱུ་བའི་མི་སྡེ་དང་ཟམ་གདོང་བླ་མའི་རིན་ཐང་གླེང་བ།
བོད་ཀྱི་སྤོབས་པ་ཞིག
མིའི་བླ་སྲོག་ཅིག
འཇིག་རྟེན་གྱི་སྒྲོན་མེ་ཞིག
སྣོད་བཅུད་གཉིས་ཀྱི་གསེར་ཟམ་ཟླ་མེད་ཅིག

དྲང་བདེན་དང་གནས་ལུགས་ཀྱི་ཡིད་བཞིན་ནོར་བུ་ཞིག
མི་ཚེ་དང་རིན་ཐང་གི་ཚད་ཤིང་འཁྲུལ་མེད་ཅིག
དཀའ་ངལ་དང་གཡོ་རྒྱུ་ཡི་གཉེན་པོ་གསོན་པོ་ཞིག
ཉེ་ལམ་ནས་བསམ་བློ་བཏང་ཡང་།
ཁྱེད་ནི་དུས་རབས་ཉི་ཤུའི་སྨད་ནས་ཉེར་གཅིག་གི་སྟོད་ཀྱི་དེ་རིང་བར་དུ།འཆི་ལམ་ཟིན་པ་བརྒྱ་སྟོང་བྱེ་བའི་བར་ནས། ད་ལྟ་འཚོ་ཞིང་རྒྱུ་བའི་ཐེར་འབུམ་བདུན་གྱི་ནང་དུ་ཏོག་ལྟར་བཀུར་དགོས་པའི་འགྲོ་བ་མིའི་རིན་ཐང་ལྡན་པའི་སྤོབས་པ་དང་འདུན་ལམ་གྱི་ཆུ་གཏེར་ཆེན་མོ་ཞིག་གོ།
ཁྱེད་ཀྱི་བཀའ་གསུང་དང་། ལམ་སྟོན་གྱི་གསེང་ན་རིན་ཆེན་གསེར་དངུལ་སྟོང་ལས་ལྷག་པའི་གཞལ་མེད་གདམས་པ་ཟབ་མོ་མཆིས། ཁྱེད་ཀྱི་འགྲོ་འདུག་སྤྱོད་གསུམ་ངོགས་ན་དུས་རབས་དང་སྤྱི་ཚོགས་ལས་བརྒལ་པའི་མིག་དཔེ་མཐོན་པོ་རེ་ཡོད།   འདི་ནི་སྤྱིར་བཏང་གི་མི་དང་། སྤྱི་ཚོགས་ཤིག་གི་འཚོ་བར་ད་ལྟ་དང་དེ་རིང་གི་ཁོར་ཡུག་འདི་ནས་འགྲུབ་ཐབས་མེད་མོད།   ཡིད་སྨོན་དང།   ཡི་རངས་བརྒྱ་སྟོང་གི་ཀློང་ན།    མི་ཚེའི་རིན་ཐང་གི་གསེར་ཡིག་ངོ་མ་ཞིག    མཐོ་རིམ་སྲོག་ཆགས་ཀྱི་རྣམ་དཔྱོད་དང་མཚུངས་པའི་འཚོ་བའི་ལམ་ཡིག་ཅིག་གོ།
ད་དུང་བསམས་ན། འཛམ་གླིང་གི་ཁྱིམ་གཞི་འདིར་ཆེས་མཐོ་ས་དང།   སྨོན་ས།    ལམ་སྟོན་ཞུ་ས།      གར་སྟེགས་ཆེ་ས་ཞིག་ཏུ་འཛམ་གླིང་འདིའི་འདས་མ་ད་གསུམ་དང་།    ལྷག་དོན་དེ་རིང་གི་འཚོ་བ་འདིའི་གནོད་སྐྱོན་དང་།      འབྱུང་འགྱུར་ལ་ལམ་སྟོན་གསལ་པོ་ཞིག་གནང་དགོས་ན་ཁྱེད་ནི་གོང་ན་མེད་པ་རེད་ཅེས་ཞུ་མི་ཕོད་མོད།        ཁྱེད་ལས་ལྷག་ཅིག་སུས་གསུང་གི་རེད།    སུས་མཁྱེན་གྱི་རེད།      དེ་ནི་ཁོ་བོའི་བསམ་གཞིགས་ཀྱི་ར་ལས་བརྒལ་བ་ཞིག་རེད།  གོ་ལ་འདིའི་སྟེང་སུ་ཞིག་ལ་ལྷག་བསམ་དང་ལག་ལེན་དུ་བསྟར་ཐུབ་པའི་སྤོབས་པ་མཐོན་པོ་དེ་ཡོད་ཅེས་དྲི་བ་ཞིག་དྲིས་ན།      དེ་ནི་གཞན་མ་ཡིན་པར་ན་བཟའ་དཀྱུས་མ་མཆོད་པའི་གྲྭ་རྐྱང་ཞིག་སྟེ། རླབས་ཆེན་གྱི་སློབ་དཔོན་ཆེན་མོ།    མཁས་དབང་ཟམ་གདོང་རིན་པོ་ཆེ་ཁྱེད་ཉིད་ལགས།       ཁྱེད་ནི་མདོར་བསྡུས་ན་ང་ཚོ་བོད་ཀྱི་མཁས་པ་ཕུལ་བྱུང་ཞིག་དང་།   ད་ལྟ་གནས་ཡོད་པའི་འཛམ་གླིང་གི་ལམ་སྟོན་བརྗིད་པོ་ཞིག་གོ།
བྱེ་བྲག་ཏུ་བསམས་ན།     བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་འདི་དང།     ཁྱེད་ཀྱི་རླབས་ཆེན་བྱ་གཞག་བར་དུ་བརྗེད་ཐབས་མེད་པའི་ཚེ་སྲོག་གི་འོད་སྣང་འབར་མྱོང་ལ།      ཚེགས་ཆེ་ཞིང་དཀའ་སྡུག་གི་དུ་ཁ་ནག་པོ་ཞིག་ལོ་དང་ཟླ་བ།   ཉི་མ་དང་སྐར་མ་རེ་རེར་མི་ཚེའི་ལུས་ཀྱི་གྲིབ་མ་བཞིན་བྲལ་མྱོང་མེད་མོད། ཁྱེད་ཀྱི་སྤོབས་པ་དང་། ཁྱེད་ཀྱི་རྣམ་དཔྱོད།  ཁྱེད་ཀྱི་བདེན་པ།  ཁྱེད་ཀྱི་གསུང་སྐད་དག་ནི་འོད་སྣང་དང་མཚུངས་པར།  མི་སྡེའི་སྤྱི་ཚོགས་འདིའི་སེམས་དང་སྙིང་ལ་ཉར་ཞིང་སྦས་པའི་མུན་པའི་གཉེན་པོར་རྒྱུན་མ་ཆད་པར་ཤར་བྱུང་། འོད་སྣང་ཤར་ས་རུ།  འུག་པ་ལྟ་བུའི་མི་ངན།  ཕྲག་དོག་ཆེ་བའི་དམུ་རྒོད།  གཡོ་སྒྱུར་གོམས་པའི་ཝ་མོ་སོགས་ཤིན་ཏུ་འབར་ཞིང་འཕྱོ་མོད། བདེན་པ་ལ་མི་གཤིས་བཀལ་བའི་ཁྱེད་ནི་ཡང་དགོས་སར་རླུང་གི་ཚུལ་དང་།  མཁྲེགས་དགོས་སར་རྡོ་བའི་ཚུལ།  འཇམ་དགོས་སར་བལ་གྱི་ཚུལ་དུ་ཡོད་པ་འདི་ཁོ་ནས་ཀྱང་།  ས་ཡ་དྲུག་གི་སེམས་པ་འཁྱགས་མྱོང་མེད།  སློབ་དཔོན་ལགས་ཟམ་གདོང་རིན་པོ་ཆེ། འཛམ་གླིང་ཉི་མ་ཕྱག་གིས་འདེགས་པའི་སེམས་དཔའ་ཆེན་པོ།  ཞི་བདེའི་ཤིང་རྟ་ཤུགས་ཀྱིས་འདྲེན་པའི་འཁོར་སྒྱུར་ཆེན་པོ།  དུས་གཏན་དུ་ཁྱེད་ཀྱི་འབོད་ཚིག་བདེན་པ་ཉིད་རྒྱལ་གྱུར་ཅིག་ངེད་ཅག་གིས་ལྟ་བའི་མིག་དང་།  གོ་བའི་རྣ་བཞིན་དུ་མཐོ་རུ་འདེགས་ངེས་ཡིན།
ད་དུང་བྱེ་བྲག་ཏུ་གླེང་ན།     དུས་རབས་ཉེར་གཅིག་གི་མི་སྡེའི་སྟོན་པ་བླ་མེད་༸གོང་ས་༸སྐྱབས་མགོན་ཆེན་པོ་བོད་ཀྱི་ལུགས་གཉིས་ཀྱི་ཤིང་རྟ་བ་ཆེན་པོོ།       བོད་ཀྱི་སྣོད་བཅུད་གཉིས་ཀྱི་མཚོན་དོན་གསོན་པོ།      བོད་ཀྱི་ཆིག་སྒྲིལ་དང་ཡར་རྒྱས་ཀྱི་སྲོག་ཤིང་རླབས་ཆེན་གང་ཉིད་ཀྱི་ཕྱག་གཡས་ཡིན། དེ་བཞིན་བོད་ཀྱི་གསར་སྐྱེས་སྨྱུ་གུ་སྟོང་གི་ཕྱག་གཡོན་ཡིན།      བོད་ཀྱི་ཆབ་འབངས་ས་ཡ་དྲུག་གི་མིག་གི་ལྟ་ས་ཞིག་དང་།    སེམས་པ་བཅོལ་ས་ཞིག་གོ། འདི་དག་ཡོད་ཚད་ནས་ཡོད་ཚད་ཁྱེད་ཀྱི་བླ་མེད་མཁྱེན་དཔྱོད། འགྱུར་མེད་ཀྱི་ལྷག་བསམ་རྨ་མེད།  ཚུལ་མཐུན་གྱི་སྤོབས་པ་མཐོན་པོ།  དྲང་བདེན་དང་གནས་ལུགས་ལ་གཞི་བཅོལ་བའི་ཤུལ་ལམ་རིང་མོ་ནས་ཁྱེད་ལ་ཐོབ།    ཁྱེད་ལ་ཐོབ་པའི་སྤྱི་དོན་དེ་ལ་ཚང་མས་གུས་བཀུར་དང་།    ཡི་རངས།  ཡིད་ཆེས་བྱས་ནས་འོངས།   ད་དུང་མུ་མཐུད་ནས་འགྲོ་དགོས།  ཁྱེད་ཀྱི་དགོངས་གྲངས་དོན་ལྔའི་འཁྲུངས་སྐར་ལ་སེམས་དང་བསམ་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།  མི་ཚོགས་ཀྱི་སེམས་སུ་ནམ་ཡང་རྒས་རྒྱུ་མེད་པའི་དྲང་སྲོང་ཆེན་པོ་ལགས།
ཞེས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༣ ཉིན་བོད་ཀྱི་མཁས་པའི་ཁྱུ་མཆོག་སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐུར་སྲུང་བརྩི་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཀུན་སྤྱོད་རྩོམ་སྒྲིག་པ་ཧར་གདོང་ཨ་འཇིགས་ཀྱིས་གུས་ཕུལ།