མངོན་བསྟོད་བདེན་པའི་རང་སྒྲ།

འབྲས་སྤུངས་སྒོ་མང་། ཤེས་རབ་ཚུལ་ཁྲིམས།
རྒྱ་ཆེན་ཚོགས་གཉིས་ཕ་མཐའ་ལ་སོན། །ཡིད་འཕྲོག་གཟུགས་ཀྱི་གངས་རི་ལྷུན་པོ་ལས། །འཕྲིན་ལས་རྣམ་བཞི་མཁའ་ཁྱབ་ཞིང་ས་རུ། །འབེབས་མཁས་ཡིད་བཞིན་འཁོར་ལོས་ཤིས་པ་རྩོལ། །འདི་ན་དམུ་རྒོད་བདུད་ཀྱི་ཆོ་འཕྲུལ་ལས། །གངས་ཅན་མགོན་པོའི་ཞིང་ས་གཤིན་པོ་རུ། །སྨོན་ལོག་བ་ཚའི་རོ་ཡིས་ཁྱབ་པའི་ཚེ། །གངས་ཕྲུག་ཐང་གང་རྒྱུས་མེད་མི་ཡུལ་འགྲིམས། །དེའི་ཚེ་སྐྱབས་དང་མགོན་གཅིག་པུ། །འོད་སྟོང་འབར་བའི་ཉིན་བྱེད་བཞིན། །འཇིག་རྟེན་དབང་ཕྱུག་མི་ཡི་གར།། ཐམས་ཅད་མཁྱེན་པ་ཁྱོད་དུ་ངེས། །གང་གི་ཞབས་ཟུང་ཕྱག་གི་ཡོལ་གོར་ལས། །

གངས་ཅན་ཁ་བ་རི་པའི་ལུགས་གཉིས་གདུགས། །འཇིགས་མེད་ལྷ་ལམ་དབྱིངས་སུ་སྒྲེང་བ་ལ། །ཕྱག་ཟུང་སྨོན་ལམ་མཐུས་བརྟས་རྒྱལ་སྲས་ཞིག།ཤར་མཐའི་དགེ་བཅུ་ཚང་བའི་ཞིང་དུ་བལྟམས། སྒྲོ་བཏགས་ཆོ་ལོ་སྟོང་གིས་མཛེས་པ་དང་། །རབ་བཏགས་འཕྲེང་བའི་མིང་འཛིན་སྤྲུལ་གཟུགས་བརྒྱས། །བསྒྲུན་མིན་ངེས་པ་དོན་གྱི་རྒྱལ་བའི་སྲས། །བློ་བཟང་བསྟན་འཛིན་སྤྲུལ་པ་རྣལ་མའི་སྐུ། །དང་པོར་ཐོས་པའི་སྒྲོན་མེ་སྦར་བའི་གཞི། །བཤེས་གཉེན་དམ་པར་མཉེས་པ་རྣམ་གསུམ་གྱིས།། མཉེས་བྱས་བསམ་དང་སྦྱོར་བ་རྣམ་གསུམ་དང་། །གུས་རྟག་སྦྱོར་བའི་ངལ་བ་ཐོད་དུ་བཅིངས། །གྲུ་འཛིན་ཞིང་གི་མཁས་དང་གྲུབ་པ་ཡི། །སྐྱེས་མཆོག་སྟོང་གི་རུས་རྐང་འཛིན་པའི་གཞི། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར། །ཐོས་བསམ་མཚོ་མོ་འཁྱིལ་བའི་གྲུ་ཁར་ཞུགས། །དེའི་ཚེ་སྤམ་དང་སྒམ་ཚུགས་མ་བཟུང་པར། ། བཅོས་མིན་གྲ་རྐྱང་བརྟུལ་ཞུགས་བཟུང་དང་ལྷན། །བཀའ་ལྔའི་སྦྱངས་པར་རྡོ་རུས་ཐུག་པ་ཡི། །སྨྲ་ལ་མི་འཇིགས་གདེང་གིས་སྤྱི་བོར་བརྒྱན། །འདོད་སྲེད་འཕེལ་བའི་བླ་བྲང་ཁྱེད་ལ་མེད། །ཆགས་སྡང་ཐན་ལྟས་འཁོར་ཚོགས་ཁྱེད་ལ་མེད། །ཉེ་དགའ་ཕྱོགས་ལྷུང་ཁྱིམ་སྐྱོང་ཁྱེད་ལ་མེད། །མེད་པོ་སྣ་དགུ་ཚང་བའི་འདུལ་འཛིན་ལགས།། ཤར་གྱི་སྲིན་མོ་ཁྲོས་པའི་ཁ་རླངས་ཀྱིས། །གངས་ཅན་སྣོད་བཅུད་མིང་ཙམ་གྱུར་པ་ན། །དོན་གྱི་བདག་པོའི་ཐུགས་ཀྱི་འོད་སྣང་གིས། །སླར་ཡང་གསོ་བའི་སྐྱ་རེངས་གསར་པ་ཞིག། །འཕགས་པའི་ཡུལ་ནས་བཞད་པའི་དུས་བཟང་ཤར། །ཝཱར་ཎར་གངས་ཅན་རིག་གཞུང་སྤྱི་དང་ནི། །ལེགས་སྦྱར་དབྱིན་ཧིན་རྩིས་དང་སྒྲ་སྙན་སོགས། །སྦྱངས་པའི་བསྟི་གནས་གཙུག་ལག་སློབ་གཉེར་ཁང་། །གྲགས་པའི་རྫ་རྔ་ཕྱོགས་ཀྱི་འཛིན་མས་བརྡུང་། །དོན་གྱི་བདག་པོའི་བཀའ་ཡི་ཅོད་པཎ་བཞིན། །དེ་ན་བགྲང་བྱ་བཅུ་ཕྲག་གསུམ་ལྷག་རིང་། །ངེས་སྟོན་མཚན་སྙན་བཞེས་དང་ལྷན་ཅིག་ཏུ། །གཟོལ་སྦྱོར་ངོ་ལྐོག་མེད་པའི་ལས་ལ་གཞོལ། །དེ་ལྟར་འབད་ལས་བྱུང་བའི་ལེགས་བྱས་ནི། །སྐད་གཉིས་སྨྲ་བའི་སློབ་ཕྲུག་ངང་མོའི་ཁྱུས། །འཇིག་རྟེན་ས་ཆེན་འདི་ན་མཛེས་པར་བྱས། །ཁྱེད་ཀྱི་བཀའ་དྲིན་གཞལ་མཐའ་ཇི་ལྟར་སྤོབས། །དེའི་ཚེ་གང་གི་རིག་སྟོབས་ལས། །དབྱིན་ཧིན་ལེགས་སྦྱར་ཁྲིམས་སོགས་ལ། །མི་འཇིགས་སྨྲ་བའི་ཆུ་གཏེར་གྲོལ། །ཁྱེད་ཀྱི་ཐུགས་སྟོབས་སུ་ཡིས་འགྲན། །འབད་པ་སྟོང་ལས་བྱུང་བའི་ལེགས་བྱས་ཆུ། །གངས་ཅན་སྐྱེ་རྒུའི་ཡིད་ལ་སིམ་པ་ལས། །ལྷག་བསམ་དྭངས་བའི་པད་མ་དཀར་པོའི་ཚལ། །ཤེས་ལྡན་གངས་ཅན་པ་ཡི་ཡིད་ན་བཞད།། ཆོལ་གསུམ་ལྷན་གཅིག་འདུས་པའི་གྲལ་ཟུར་ན། །མདོ་སྟོད་སྤྱི་འཐུས་ཐེངས་གཉིས་བཞེངས་པ་ཡི། །རེ་བའི་མིག་འབུར་འོས་བསྡུའི་ཤིས་ཤོག་དེ། །མ་འབད་པར་ཡང་ཁྱེད་ལ་ངང་གི་ཐོབ། །དེ་ཚེ་དོན་གྱི་བདག་པོའི་བཀའ་དགོངས་དང་། །ཅུང་ཟད་ཙམ་ཡང་འགལ་བའི་སྐབས་བོར་ཏེ། །ཁ་བའི་བདེ་སྡུག་ཁོ་ན་ཡིད་བཅང་ནས། །
འཐུས་སྒོ་ཚང་བའི་ལས་དོན་ལྷོད་མེད་བསྒྲུབས། །གངས་ཅན་ཁ་བ་རི་པའི་སྐྱེ་འགྲོའི་ཆེད། །མ་བཅོས་སེམས་ཀྱི་དྲང་ཐིག་ཚངས་པའི་མདའ། །རྩ་ཁྲིམས་རིན་ཆེན་སྟར་ལ་རྒྱུས་པ་ཡི། །ལེགས་བཤད་གངས་ཅན་པ་ཡི་མགུལ་ན་བསྒྲོན། །བགྲང་བྱ་བཅུ་ཕྲག་བཞི་ལྷག་ཞབས་ལོའི་རིང་། །ཕྱོགས་བྲལ་མི་འཇིགས་གསེར་གྱི་འཁོར་ལོ་ཆེ། །གང་གི་ཕྱག་ཏུ་བཞེས་པའི་ངང་ཚུལ་དེས། །ཆོལ་གསུམ་བོད་མིའི་མགོ་བོ་ལྷན་གཅིག་དུད། །དེ་ལྟར་ཐམས་ཅད་འདུན་གཅིག་ཏུ། །བཀའ་ཡི་བློན་པོའི་ཞབས་སྟེགས་དེ།། འབད་པ་སྟོང་གིས་མ་ཐོབ་པར། །མ་འབད་ཁྱེད་ལ་ངང་གིས་ཐོབ། །དེ་ཚེ་ཆོལ་དང་ཆོས་ལུགས་ཕྱོགས་ཞེན་གྱི། །ཐན་ལྟས་ངན་པའི་ར་རིའི་དྲི་མ་དེ། །གང་ལ་ཅུང་ཟད་ཙམ་ཡང་མི་མངའ་བས། །འབད་པས་བཙལ་རྣམས་སྐྱེངས་པའི་གནས་ལ་བཀོད། །
འཇིག་རྟེན་མགོན་པོའི་ཐུགས་བཞེད་བཞིན། །རྒྱ་བོད་ཞི་འགྲིག་ཐབས་བཟང་ཆེ།། གཉིས་ཕན་དབུ་མའི་ལམ་ཆེན་དུ། །སྐུ་ཚབ་གཏོང་བའི་ལས་ལ་ཞུགས། །བྱེས་འབྱོར་བུ་རྣམས་གངས་ཅན་རིག་གཞུང་ཆེ། །ཅུང་ཟད་ཉག་ཕྲའི་གནས་སུ་ལྷུང་བ་ན། ། མ་བཟོད་ཐུགས་ཀྱིས་གཟིགས་དང་ལྷན་ཅིག་ཏུ། །ཤེས་ཡོན་སྲིད་ཇུས་གསར་པའི་ལམ་ཁ་ཕྱེ། །དེ་དང་ལྷན་གཅིག་གངས་ཅན་ཡིག་སྐད་དང་། །ཡ་རབས་སྤྱོད་ཚུལ་བཟང་པོའི་གོམས་གཤིས་སོགས། །ཤ་ཟད་རུས་ལ་ཐུག་པར་སློབ་པའི་གནས། །དཔེ་སྟོན་སློབ་གྲྭའི་དར་གྱི་ལྡ་ལྡི་གཡོས། །གངས་ཅན་བུ་རྣམས་ཕྱི་ནང་གནས་སྟངས་དང་། །ཤེས་རིག་མེ་ཏོག་མངར་མོའི་ཁ་འབུས་ཤིང་། །ཉྭ་སྒྱིད་ཅུང་ཟད་གུག་པ་འདྲོང་དང་ལྷན། །གངས་ཅན་མགོན་པོ་ཕྱེད་ཀྱི་བགྲེས་ཡོལ་མཛད། །
དེའི་ཚེ་མི་རྣམས་རྒྱུགས་འདོད་སེམས་ཀྱི་རྟ་ཕོ་གོམ་འགྲོས་འཕྱོར་སྙམ་འཁྲེང་བའི་བརྟུལ་ཞུགས་འཛིན་པར་ན། །རེ་བའི་མིག་གི་འབུར་ཚུགས་ཁྱེད་ལ་བརྟོད་བཞིན་ཡོད་ཚད་གློ་སྙིང་བྲང་གསུམ་ཁྱེད་ལ་བཀལ། །བཀའ་ཁྲིའི་འོས་འགན་བཞེས་དང་ལྷན་གཅིག་འཐོར་ཉེའི་གཞུང་གི་སྒྲོམ་གཞི་སྲ་མཁྲེགས་རྡོ་རྗེའི་ངང་ཚུལ་བཀོད།། འདི་ནི་ཁྱེད་ཀྱི་མཛད་པ་ཀུན་ལས་ཆེས་མཆོག་བརྗོད་བྲལ་ལྷ་ཡི་དབང་པོའི་རྡོ་རྗེ་རྩེ་བརྒྱ་ཞིག།།
དེ་ལྟར་གང་གི་མཛད་བཟང་ཆེ། །གཏིང་ཟབ་རྒྱ་མཚོའི་ཀླུང་ཡངས་ལས།། སྐྲ་རྩེར་བླང་པའི་ཆུ་ཐིགས་ཙམ། །དང་བའི་སེམས་ཀྱིས་འདི་ན་སྤེལ། །བཅུ་ཕྲག་ལྔ་ལྷག་གངས་ཅན་ཕན་བདེའི་ཆེད། །ཡོད་ཚད་བཏང་བའི་སེམས་དཔའ་ཆེན་པོ་ཁྱེད། ། ད་དུང་ཁ་བའི་རེ་དོན་མ་འགྲུབ་བར། །ཞབས་ཟུང་རྡོ་རྗེའི་གཤིས་སུ་རྟག་བརྟན་ཅིང།། གདུལ་བྱའི་ཞིང་སར་དགེ་ལེགས་ཆར་གྱི་རྒྱུན། །དུས་བཞིན་རྩལ་བའི་སྙིང་གི་རེ་བ་ཞིག།།འདི་ནི་གངས་ཅན་མགོན་པོའི་དཔུང་རོགས་ཤིག།།བསམ་བཞིན་སྲིད་པར་བཟུང་བའི་རྒྱལ་སྲས་ལས། །ཐ་མལ་བུ་ལ་འདི་ལྟར་འབྱུང་དཀའ་བས། །ནོར་བུ་འཆིང་བུར་མ་འཁྲུལ་གངས་ཅན་པ། །རབ་བཏགས་བཅོས་མའི་རྫུན་གྱིས་མ་བསླད་ཅིང་། །ཟོལ་སྦྱོར་གཅམ་བུའི་ངག་གིས་མ་སྒྲིབ་པར། །མཛད་བཟང་སྲོང་པོར་བརྗོད་པའི་གཏམ་གྱི་གཞི། །ས་མཐའི་སྤྲང་འཁྱམ་ངག་ནས་འདི་ལྟར་ཐལ། །
དེ་ལྟར་གངས་ཅན་པའི་བསྟན་སྲིད་ཆེད་དུ་མི་ཚེ་ཡོངས་རྫོགས་བློས་གཏོང་གི་སེམས་དཔའ་ཆེན་པོ་ཕྱི་ནང་རིག་པའི་གནས་ལ་སྨྲ་བའི་གཟེངས་སུ་མཐོ་བ་ངེས་དོན་གྱི་མཁས་དབང་ཟླ་བྲལ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ལ་གང་གི་སློབ་ཞབས་སུ་གཏོགས་པ་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོས་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་དང་གང་ལ་མི་ཕྱེད་པའི་གདུང་བ་མཆོག་ཏུ་མངའ་བ་དྷ་རམ་ས་ལའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་ཞིག་བསྐྲུན་འཆར་ལ་ས་བོན་གྱི་ཚུལ་དུ་གང་ལ་མི་ཕྱེད་པའི་དད་འདུན་མཆོག་ཏུ་ཡངས་པར་ཤར་མདོ་ཁམས་ཚ་བ་དཔའ་ཤོད་ཁུལ་དུ་ལྟེ་ཁྲག་འཕོས་ཤིང་འཕགས་ཡུལ་ལྷོ་ཕྱོགས་ཚ་བའི་ལྗོངས་སུ་གནས་གཞིར་བརྟེན་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སློབ་མཐར་གཏོགས་པ་དགེ་བཤེས་ལྷ་རམས་པའི་མིང་ཙམ་འཛིན་པ་ཤེས་རབ་ཚུལ་ཁྲིམས་ཀྱིས་རབ་གུས་དང་བ་ཆེན་པོས་བོད་རྒྱལ་ལོ་། ༢༡༤༡། རབ་གནས་ཤིང་རྟ་ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་བྲིས་པ་དེ་དེ་བཞིན་དུ་གྱུར་ཅིག་གུ། །