མངོན་པར་བསྟོད་པ་དྲི་ཟའི་རྒྱུད་མངས་བཞུགས་སོ།
སློབ་དཔོན་ཆེན་མོོ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ལ་མངོན་པར་བསྟོད་པ་དྲི་ཟའི་
རྒྱུད་མངས་བཞུགས་སོ། ཨཱ་ཅཱརྱ་བསོད་ནམས་རབ་བརྟན།
ཨོཾ་བདེ་ལེགས་སུ་གྱུར་ཅིག
འཛམ་གླིང་ཞི་བདེའི་དེད་དཔོན་སྙིང་རྗེའི་གཏེར། །
རྒྱལ་བསྟན་ཡོངས་ཀྱི་བསྟན་པའི་བདག་པོ་མཆོག །
རྒྱལ་བ་རྒྱ་མཚོའི་འཕྲིན་ལས་ཡོངས་སྐྱོང་བ། །
རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གུས་བཏུད་ནས། །
མགོན་པོ་གང་གི་བཀའ་སློབ་དགོངས་དོན་ཁག །
ཚུལ་བཞིན་སྒྲུབ་ལ་གཞོལ་བའི་སེམས་དཔའ་ཆེ། །
སློབ་དཔོན་ཆེན་མོ་ཁྱེད་ཀྱི་བཀའ་དྲིན་རྣམས། །
རྗེས་དྲན་ཞུ་ཕྱིར་ཅུང་ཟད་བསྟོད་ལ་སྤྲོ། །
བློ་གྲོས་བཟང་པོས་ཆོས་ཀུན་དེ་ཉིད་ཡང་དག་གཟིགས། །
ཐུགས་རེ་ཆེན་པོས་གདུལ་བྱའི་ཁམས་ལ་ཉེ་རིང་མེད། །
འཕྲིན་ལས་བཟང་པོས་རྒྱལ་བསྟན་འཛིན་ལ་ཟླ་བྲལ་བའི། །
མཚུངས་མེད་བླ་མའི་བཀའ་དྲིན་བསམ་བཞིན་བརྗོད་མཐའ་བྲལ། །
འཇམ་དབྱངས་མཚོ་བྱུང་མགྲིན་པར་ཞུགས་པའི་བྱིན་རླབས་མཐུས། །
རིག་པའི་གནས་དང་རྒྱལ་རབས་ཆབ་སྲིད་ཁྲིམས་ལུགས་སོགས། །
དེང་དུས་ཤེས་བྱའི་གནས་ལ་མཁྱེན་རྒྱའི་སྤྱན་ཡངས་པ། །
འཕགས་ཡུལ་མཁས་མཆོག་ཀླུ་སྒྲུབ་གཉིས་པ་ལྟ་བུར་སྣང་། །
གང་གིས་ངེས་སྟོན་པ་ཡི་ཞབས་ཞུ་མཛད་པའི་རིང་། །
མཐོ་སློབ་འདི་ཡི་སྣོད་ཀྱི་བཀོད་པ་ལྷ་དབང་གི། །
གཞལ་ཡས་ཁང་ལྟར་བསྐྲུན་ཅིང་འདི་ནས་ལེགས་ཐོན་པའི། །
སྔོན་གྱི་སློབ་གཉེར་རྙིང་པ་རྣམས་ནི་དེང་སྐབས་སུ། །
རྒྱལ་ནང་དག་དང་ཕྱི་རྒྱལ་ཡུལ་གྲུ་དུ་མ་རུ། །
བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་ལ་ནི།།
རླབས་ཆེན་མཛད་པ་སྐྱོང་བཞིན་བྲེལ་འདི་ཁྱོད་ཀྱི་ནི།།
འཕྲིན་ལས་ངོ་མཚར་རྨད་དུ་བྱུང་ཞིང་བསྔགས་འོས་ཉིད། །
ཡེ་ནས་ཆགས་སྡང་ཕྱོགས་རིས་དབེན་ཕྱིར་རིས་མེད་ཀྱི།།
ཆོས་བརྒྱུད་ཁག་གི་བླ་མ་དང་ནི་དགེ་བའི་བཤེས། །
ཀུན་ལ་གུས་བརྩི་མཉམ་ཞིང་ཉེ་རིང་མེད་པར་ནི། །
སྙོམ་པར་མཛད་འདི་ཐབས་ལ་མཁས་པའི་མཛད་པ་ཡིན། །
རང་ཉིད་གཅེས་པར་འཛིན་པའི་ནད་ལས་ཡོངས་སུ་བྲལ་བའི་ཕྱིར།།
སྐུ་ཚེ་ཧྲིལ་པོར་གཞིས་བྱེས་བོད་མིའི་མངོན་འདོད་བསྒྲུབ་ལ་བརྩོན།།
ལས་འབྲས་བླང་དོར་མིག་ལྟར་སྲུང་བས་ལྐོག་ཟའི་དྲིས་མ་གོས།།
ཁྱོད་ནི་དམ་པའི་ཚུལ་དགུའི་རང་བཞིན་ལྡན་པའི་སྐྱེས་བུ་མཆོག །
གང་གི་གསང་གསུམ་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་ཁམས། །
མཐའ་ཡས་འགྲོ་བའི་སྡུག་བསལ་ཚ་གདུང་ཞི་བ་དང་། །
གཞིས་བྱེས་བོད་མིའི་མངོན་འདོད་རེ་བ་སྐོང་སླད་དུ། །
སྲིད་མཐར་བཞུགས་ནས་བདག་སོགས་རྗེས་སུ་འཛིན་གྱུར་ཅིག །
མཁས་པ་མཁས་པའི་ནང་ན་མཛེས་པ་དང་། །
བླུན་པོས་མཁས་པ་གོ་ནུས་མིན་གསུངས་ལྟར། །
བླུན་རྨོངས་བདག་འདྲས་ཁྱོད་ཀྱི་གསང་གསུམ་གྱི། །
ཡོན་ཏན་མཐའ་དག་ལྟ་ཅི་ཅུང་ཟད་ཀྱང་། །
གཞལ་བར་བྱ་བའི་ཡུལ་དུ་མ་གྱུར་མོད། །
འོན་ཀྱང་ཁྱོད་ཀྱི་བཀའ་དྲིན་རྗེས་དྲན་སླད། །
རང་བློས་གང་ནུས་ཅུང་ཟད་བསྟོད་པ་འདིའི། །
ཚིག་དོན་ཆ་ལ་ནོངས་ཞིང་འཁྲུལ་པའི་ཆ། །
གང་ཞིག་མཆིས་ཀུན་ཤེས་སྤྱན་ལྡན་པ་ཡི། །
མཁས་པའི་དབང་པོའི་ཚོགས་ཀྱི་སྤྱན་སྔ་རུ།།
འཆགས་ཤིང་ནོངས་པ་དེ་ཀུན་བཟོད་པར་མཛོད།།
དེ་ལས་བྱུང་བའི་དགེ་བའི་རྩ་བ་འདིས།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོས་གཙོས། །
སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་པ། །
སྐུ་ཚེ་མི་འགྱུར་བསྐལ་བརྒྱར་རབ་བརྟན་ཅིང་། །
ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པར་སྨོན།།
རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན། །
བོད་དོན་བདེན་མཐའ་མྱུར་དུ་གསལ་མཛད་ནས། །
གཞིས་བྱེས་རང་རིགས་སྤུན་ཟླ་ལྷན་འཛོམས་ཀྱི། །
བཀྲ་ཤིས་ཉིན་བྱེད་དབང་པོ་མྱུར་འཆར་ནས། །
རང་དབང་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཤོག།
སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །
མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །
ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི །
བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག །
ཅེས་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་སློབ་དཔོན་ཆེན་མོ་ཟམ་གདོང་སྤྲུལ་མིང་བློ་བཟང་བསྟན་འཛིན་མཆོག་ལ་གང་གི་དགུང་གྲངས་བདུན་ཅུ་དོན་ལྔར་སོན་པའི་སྐུའི་འཁྲུངས་སྐར་ཉིན་བཀའ་དྲིན་རྗེས་དྲན་ཞུ་ཆེད་མངོན་པར་བསྟོད་པ་དྲི་ཟའི་རྒྱུད་མངས་ཞེས་བྱ་བ་འདི་ནི་མཐོ་སློབ་འདི་ཡི་སློབ་ཟུར་ཡིན་པ་ཙམ་དུ་མ་ཟད་སྔ་འགྱུར་རྙིང་མའི་རང་གཞུང་གི་མཁན་ཟུར་བསོད་ནམས་རབ་བརྟན་གྱིས་སྦྱར་བས་དགེ་ལེགས་འཕེལ། །
བྷ་བ་ཏུ་སརྦ་མངྒ་ལམ། བོད་རྒྱལ་ལོ།