མང་མོས་ཐག་གཅོད་འོས་བསྡུ་བྱེད་སྟངས་ཀྱི་ལས་རིམ་ནང་བྱུང་བའི་དོན་གནད་འགའ་ཞིག་ཐོག་གསལ་བཤད།

འབྱུང་འགྱུར་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་བྱེད་སྐོར་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་བཀའ་ཁྱབ་གནང་བ་བཞིན་འདས་པའི་ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་རིང་བཙན་བྱོལ་གཞུང་གིས་མང་མོས་ཐག་གཅོད་འོས་བསྡུ་ཞུ་རྒྱུའི་ལས་རིམ་ལག་ལེན་ལ་བསྟར་བའི་སྔོན་འགྲོའི་བསམ་ཚུལ་བསྡུ་རྒྱུའི་དོན་གནད་དེ་གྲུབ་པ་དང་ཆབས་ཅིག སྔོན་མའི་ལས་རིམ་ནང་བཀོད་པ་ནང་བཞིན་བཀའ་སྤྱི་ཐོུང་གི་ཐོག་ནས་སྐབས་ ༡༢ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འདིའི་ཐོག་ལ་མཐའ་མའི་མང་མོས་ཐག་གཅོད་འོས་བསྡུ་བྱེད་སྟངས་ཀྱི་ལས་རིམ་གཏན་འབེབས་བྱ་རྒྱུའི་ཆེད་དུ་ཐག་གཅོད་གནང་རྒྱུའི་གཞུང་འབྲེལ་གྲོས་འཆར་ད་ལྟ་བཏོན་པ་འདི་རེད། འདིའི་ཐོག་ལ་སྤྱི་འཐུས་རྣམ་པ་ཉི་ཤུ་རྩ་དྲུག་གིས་དགོངས་འཆར་གནང་སྟེ་གཅིག་གྱུར་གྱི་རྒྱབ་སྐྱོར་བྱུང་ཡོད། གྲོས་འཆར་འདི་ལོ་རྒྱུས་ཀྱི་དོན་སྙིང་དང་ལྡན་པའི་གལ་གནད་ཆེན་པོ་ཞིག་ཡིན་ཙང༌། བཀའ་སྤྱི་ཐོུང་གི་ངོ་བོར་བྱས་ནས་བཀའ་བློན་ཁྲི་པས་གྲོས་འཆར་འདོན་རྒྱུ་དང༌། ཚོགས་གཞོན་གྱིས་རྒྱབ་སྐྱོར་ཞུ་རྒྱུ་བཅས་འཆར་ཅན་གྱི་གཞུང་འབྲེལ་གྲོས་འཆར་དང་མི་འདྲ་བར་གལ་གནད་ཡོད་པ་མཚོན་བྱེད་ལ་དེ་ལྟར་ཞུས་པ་ཡིན།

ད་ལྟ་བགྲོ་གླེང་གི་ལས་རིམ་གྲུབ་པ་ཡིན་ཙང༌། མཐའ་བསྡོམས་གསལ་པོ་བཟོ་དགོས་པའི་དོན་གནད་ཅིག་ལྷག་འདུག སྔོན་འགྲོའི་བསམ་ཤོག་བསྡུས་པའི་བསམ་ཤོག་གི་གྲངས་འབོར་གྲོས་ཚོགས་ལ་སྙན་གསན་ཞུས་ཡོད་མ་རེད་ལ། གྲོས་འཆར་གྱི་མཉམ་དུའང་སྦྱར་ཡོད་མ་རེད། འདིའི་སྐོར་ལ་སྤྱི་འཐུས་ཁ་ཤས་ཀྱིས་མ་གཞི་འགྲེལ་བཤད་གནང་སོང་ཡང༌། ད་དུང་དེའི་ཐོག་ལ་གསལ་པོ་བཟོ་ན་མ་གཏོགས། མང་ཚོགས་ཀྱིས་ག་རེ་བྱས་ནས་བསམ་ཤོག་གྲངས་འབོར་མ་བཤད་པ་ཡིན་ནམ་དགོངས་སྲིད་ཀྱི་རེད། དེ་སྔོན་གསོལ་ཚིགས་བར་མཚམས་ལ་སྤྱི་འཐུས་གཅིག་གིས་ང་ལ་བསམ་ཤོག་གྲངས་འབོར་གྱི་ཐོ་དེ་ག་དུས་བཀྲམ་གྱི་རེད་ཅེས་བཀའ་འདྲི་གནང་སོང༌། ངས་དེ་དུས་ཞལ་ཤོབ་ཞུས་ནས་དེ་མཆོག་ཏུ་གསང་བ་རེད། བཀྲམ་གྱི་མ་རེད་ཅེས་ཞུས་ཡིན། ངས་ཞལ་ཤོབ་ཞུ་དུས་ང་ཚོ་ཁ་ལག་ལ་འགྲོ་རན་པ་ཡིན་ཙང༌། སྐད་ཆ་མང་པོ་བཤད་ལོང་བྱུང་ཡོད་མ་རེད། བྱས་ཙང་དེ་དངོས་གནས་མིན་འགྲོ་ཡང་དགོངས་སྲིད་པ་རེད། བསམ་ཤོག་གྲངས་འབོར་གྱི་ཐོ་གཞུང་མ་བཀྲམ་པའི་རྒྱུ་མཚན་དང་པོ་ནི་མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་ཀྱི་མི་འདུག ྋསྐྱབས་མགོན་རིན་པོ་ཆེས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་རོགས་གནང་ཞུ་མཁན་དེ་མང་ཤོས་བྱུང་བ་རེད། བསམ་ཤོག་བསྡུ་བའི་སྐབས་ལ་ལས་རིམ་དང་གདམ་བྱ་གཉིས་ཀའི་ཐོག་ལ་བསམ་འཆར་འབུལ་ཆོག་རྒྱུའི་གོ་སྐབས་གནང་ཡོད་རེད། གོ་སྐབས་དེ་བཟུང་ནས་ལས་རིམ་གྱི་ནང་ལ་མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་ཀྱི་མི་འདུག ྋསྐྱབས་མགོན་རིན་པོ་ཆེས་ཐད་ཀར་ཐག་གཅོད་གནང་རོགས་གནང་གསུང་མཁན་རྣམས་བསྡོམས་ནས་སྡེ་ཚན་གཅིག་བཟོས་པ་རེད།

དེའི་ཐོག་ལ་མང་མོས་ཐག་གཅོད་འོས་བསྡུ་གནང་བ་ཡིན་ན། ྋརྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་གནང་རོགས་གསུང་མཁན་དེ་གཉིས་དོན་ལ་ཁྱད་པར་མེད་པ་ཡིན་ཙང༌། ཁོང་གཉིས་ཕྱོགས་གཅིག་ཏུ་བསྡོམས་ནས་གྲངས་ཀ་བརྒྱབས་པ་རེད། ྋརྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་པའི་ཆ་རྐྱེན་སྦྱར་མ་ཤེས་ནའང༌། གང་བྱས་ད་ལྟ་མང་མོས་ཐག་གཅོད་འོས་བསྡུ་མ་གནང་རོགས་གསུང་མཁན་དང༌། ངང་འཐེན་གནང་རོགས་གསུང་མཁན། བོད་གཞུང་གིས་ཐག་གཅོད་གང་གནང་བ་འདི་མ་འགྲིགས་པ་མི་འདུག་གསུང་མཁན་བཅས་ཉུང་ཤས་རེད་འདུག དེ་ཡང་དགོས་འདུན་གཅིག་པ་ཡིན་ཙང་དེ་ཚོ་ཚང་མ་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་གསུང་མཁན་གྱི་གྲས་སུ་རང་བཞིན་གྱིས་སླེབས་རྒྱུ་ཞིག་རེད། དེ་རྣམས་བསྡོམས་ཡོང་དུས་བསམ་ཤོག་འབོར་བསྡོམས་ཀྱི་བརྒྱ་ཆ་ ༦༤་༦༠ ཐོབ་པ་ཡིན་ཙང༌། དེ་འཕྲོས་ལྷག་མ་བརྒྱ་ཆ་ ༣༥་༤༠ མ་གཏོགས་ཡོད་མ་རེད། བརྒྱ་ཆ་ ༣༥་༤༠ ལྷག་པ་དེ་ཚོ་མང་མོས་ཐག་གཅོད་འོས་བསྡུ་གནང་གི་ཡིན་པ་གཞིར་བཞག་གིས་གདམ་བྱ་འདི་དང་འདི་བཞག་དགོས་གསུང་མཁན་རྣམས་རེད། དེ་ད་ལྟ་གསལ་པོ་བཟོ་ན་འགྲིགས་ཀྱི་མི་འདུག རྒྱུ་མཚན་ག་རེ་རེད་ཞུ་ན། རྩ་བའི་མི་མང་གི་བསམ་ཤོག་གི་ནང་ལ་མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་ཀྱི་མི་འདུག་ཅེས་ཞུ་མཁན་དེ་མང་ཤོས་ཡིན་པ་དང༌། དེའི་ཐོག་ལ་ད་རེས་སྤྱི་འཐུས་ཀྱིས་གྲོས་ཆོད་བཞག་ནས་ྋསྐྱབས་མགོན་རིན་པོ་ཆེས་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་གསལ་བསྒྲགས་དེ་ཕྱིར་བསྡུ་གནང་རོགས་ཞེས་ང་རང་ཚོས་གསོལ་འདེབས་ཞུ་རྒྱུར་ཐག་གཅོད་ཀྱི་ཡོད་རེད།

ཡིན་ནའང་གསོལ་འདེབས་ཞུས་པ་དེར་ྋསྐྱབས་མགོན་རིན་པོ་ཆེས་ཞལ་བཞེས་གནང་གི་ཡིན་པ་ད་ལྟ་ནས་ང་ཚོས་ཐག་བཅད་ཐུབ་ཀྱི་མ་རེད། མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་ལས་རིམ་འདི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་དབང་ཚད་འོག་ལ་ཡོད་པ་ཞིག་མ་རེད། ང་ཚོའི་གྲོས་ཆོད་འདི་ྋསྐྱབས་མགོན་རིན་པོ་ཆེས་ངེས་པར་དུ་ཞལ་བཞེས་གནང་དགོས་རྒྱུ་ཞིག་བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱི་ཐོག་ནས་ཆགས་ཀྱི་ཡོད་མ་རེད། མང་མོས་ཐག་གཅོད་འོས་བསྡུའི་གསལ་བསྒྲགས་གནང་རྒྱུའི་སྐུ་དབང་དེ་ྋསྐྱབས་མགོན་རིན་པོ་ཆེ་ལ་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་པའི་ཆ་ནས་ཡོད་པ་དམིགས་བསལ་གྱི་སྐུ་དབང་ཞིག་རེད།

དེ་ཡིན་ཙང་ང་རང་ཚོས་གསོལ་བ་བཏབ་རྒྱུ་རེད་མ་གཏོགས་གྲོས་ཆོད་བཞག་པ་འདི་ཁྲིམས་ཀྱི་ཁྱབ་ཚད་ཀྱི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེས་ཞལ་བཞེས་གནང་དགོས་པ་ཆགས་ཀྱི་ཡོད་མ་རེད། ང་རང་ཚོས་ྋརྒྱལ་བ་རིན་པོ་ཆེ་ལ་འདི་ཞལ་བཞེས་གནང་རོགས་ཞེས་ཨུ་ཚུགས་མཐར་སྐྱེལ་ཞུ་དགོས་རྒྱུ་ཞིག་རེད་དེ། ཡིན་ནའང་བརྒྱ་ལ་ྋསྐྱབས་མགོན་རིན་པོ་ཆེས་དགོས་པ་དང་རྒྱུ་མཚན་གཞན་དག་ཅིག་གཟིགས་ནས་མང་མོས་ཐག་གཅོད་འོས་བསྡུ་ངེས་པར་དུ་གནང་གི་ཡིན་གསུངས་པ་ཡིན་ན། ད་ལྟའི་སྔོན་འགྲོའི་བསམ་ཤོག་འདི་རྣམས་དངོས་གཞིའི་འོས་བསྡུའི་སྔོན་ལ་གསལ་བསྒྲགས་བྱས་པ་ཡིན་ན། ཁྲིམས་ལུགས་ཀྱི་ཐོག་ནས་དགག་བྱ་ཡོད་པ་རེད། མི་གཞན་པས་སྔོན་འགྲོའི་བསམ་ཤོག་གསལ་བསྒྲགས་བྱས་པ་དེའི་ཤུགས་རྐྱེན་གྱིས་དངོས་གཞིའི་འོས་བསྡུ་དང་དྲང་བདེན་བྱུང་མ་སོང་ཟེར་བའི་དགག་བྱ་ཡོང་སྲིད་པ་རེད། དེའི་དབང་གིས་སྔོན་འགྲོའི་བསམ་ཤོག་གི་གྲངས་ཀ་གསལ་པོ་མ་བཟོས་པ་རེད་མ་གཏོགས། རྒྱུ་མཚན་གཞན་པ་ཞིག་གི་ཐོག་ནས་གསང་བ་བྱས་པ་དེ་འདྲ་གང་ཡང་མ་རེད།

ཡང་དངོས་ཡོད་ཀྱི་གནས་ཚུལ་གཞན་པ་གཅིག་ཞུས་པ་ཡིན་ན། འཕྲོས་བསམ་ཤོག་བརྒྱ་ཆ་ ༣༥ དེ་ད་ལྟ་ནང་གསེས་དབྱེ་བ་ཕྱེ་ནས་གྲངས་ཀ་བརྒྱབས་ཚར་ཡོད་མ་རེད། གྲངས་ཀ་ཧ་ཅང་རྒྱག་དཀའ་པོ་འདུག དུས་ཚོད་ཀྱང་མ་ལྡེང་བ་རེད། ག་རེ་བྱས་ནས་གྲངས་ཀ་བརྒྱབས་ཐུབ་ཡོད་མ་རེད་ཞུ་ན། བསམ་ཤོག་དེ་ཚོའི་ནང་ལ་གདམ་བྱ་ལྔ་དགོས་ཟེར་མཁན་ཡོད་རེད། བཞི་དགོས་ཟེར་མཁན་ཡང་ཡོད་རེད། དེ་འདྲ་བྱས་ནས་སྡེ་ཚན་ཕྱེ་དུས་སྡེ་ཚན་ཧ་ཅང་མང་པོ་ཞིག་ཆགས་འགྲོ་གི་འདུག གདམ་བྱ་གསུམ་དགོས་ཟེར་མཁན་གྱི་སྡེ་ཚན་གཅིག་ལ་ཆ་བཞག་ནའང༌། གདམ་བྱ་གསུམ་གང་དང་གང་ཡིན་མི་མཐུན་པ་དང༌། གསུམ་ག་མཐུན་མཁན་ལའང་གོ་རིམ་བཞག་སྟངས་མི་མཐུན་པ་སོགས་རྣམ་པ་སྣ་ཚོགས་ཡོང་གི་ཡོད་པ་ཡིན་ཙང༌། སྡེ་ཚན་ཧ་ཅང་མང་པོ་ཞིག་ཕྱེ་ན་མ་གཏོགས་གྲངས་བཤེར་བྱེད་ཐུབ་ཀྱི་མི་འདུག རྙོག་འཛིངས་ཆེན་པོ་རེད། མ་འོངས་པར་འདི་གསལ་པོ་བཟོ་དགོས་བྱུང་བ་ཡིན་ན་ཟླ་བ་ཁ་ཤས་རིང་ལས་བྱེད་བཞི་ལྔ་ཞིག་བཞག་ནས་དབྱེ་གསེས་གཏོང་བཅུག་དགོས་པ་ཆགས་ས་རེད། དངོས་ཡོད་གནས་སྟངས་ཀྱི་རྒྱུ་མཚན་འདི་གཉིས་ལ་བརྟེན་ནས་ད་ལྟ་འདི་གསལ་པོ་མ་བཟོས་པ་དང་བཟོ་མ་ཐུབ་པ་གཉིས་ཀ་རེད། ཡིན་ནའང་བསམ་ཤོག་བསྡུ་བའི་ཤོག་བུ་ངོ་མ་ཚང་མ་གཞུང་གི་ཡིག་ཚང་ནང་ཉར་བསྡད་ཡོད་རེད། མ་འོངས་པ་ལའང་འདིའི་ཐོག་ལ་གླེང་གཞི་ཡོང་རྒྱུའི་དྭོགས་པ་རྩ་ནས་མེད་པའི་དུས་ཚོད་ལ་མ་སླེབས་ཀྱི་བར་དུ་ཉར་བསྡད་ཀྱི་རེད། དེ་འདྲ་ཡིན་དུས་གང་ཟག་བྱེ་བྲག་པ་སུ་འདྲ་ཞིག་གིས་མཁྱེན་འདོད་ཡོད་པ་ཡིན་ན་ཡིག་ཆ་དེ་རྣམས་གཟིགས་ཆོག་གི་རེད།

ད་རེས་གྲོས་འཆར་འདིའི་ཐོག་ལ་བཟོ་བཅོས་གྲོས་འཆར་འདོན་མཁན་དང༌། དྲི་བ་གནང་མཁན། དགག་བྱ་གནང་མཁན་སུ་ཡང་མ་བྱུང་བའི་ཐོག ཁ་ཤས་ཀྱིས་སྤྱན་བཙུམས་ནས་དང༌། ཁ་ཤས་ཀྱིས་སྤྱན་གདངས་ནས། ཁ་ཤས་ཀྱིས་ཞལ་བཙུམས་ནས། ཁ་ཤས་ཀྱིས་ཞལ་གདངས་ནས། མདོ་དོན་ཚང་མས་རྒྱབ་སྐྱོར་གནང་བ་ཡིན་ཙང༌། ངས་མཐའ་བསྡོམས་མོས་ཤོག་བསྡུ་མི་དགོས་པའི་ཐོག་ནས་སྤྱི་མོས་ཡིན་པར་ངོས་འཛིན་བྱས་ན་འགྲིགས་ཀྱི་འདུག་གམ་ཟེར་ནས་བཀའ་འདྲི་ཞུ་རྒྱུ་ཡིན། གཞུང་འབྲེལ་གྲོས་འཆར་འདི་སྤྱི་མོས་ཀྱིས་གཏན་ལ་ཕབ་པར་ངོས་འཛིན་ཞུ་གི་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༧/༠༩/༡༥ ་་་ ༡༩༩༧/༠༩/༢༦