བོད་མི་མང་སྤྱི་འཐུས་རྣམས་ལ་བོད་རྒྱ་འབྲེལ་མོལ་སྐོར་གནང་བའི་གསུང་བཤད།
༄༅།། མཆོག་ཏུ་བཀུར་བར་འོས་པའི་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང༌། ཚོགས་གཙོ་གཞོན་པ་མཆོག བཀུར་འོས་སྤྱི་འཐུས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ། ད་རིང་སྤྱི་འཐུས་ལྷན་ཚོགས་ནས་གལ་ཆེ་དོན་ཆེ་གནང་སྟེ་ཕྲན་ལ་བར་ལམ་བྱུང་བའི་བོད་རྒྱའི་འབྲེལ་མོལ་སྐོར་སྤྱི་འཐུས་རྣམ་པར་ཡང་བསྐྱར་སྙན་སྒྲོན་ཞུ་དགོས་པའི་བཀའ་ཕེབས་པ་ལྟར། ད་ལྟའི་གནས་སྐབས་སུ་གསལ་བསྒྲགས་བྱ་འོས་མ་མཆིས་པའི་གནས་ཚུལ་རེ་ཟུང་ཙམ་མ་གཏོགས་དེ་མིན་གང་ཐུབ་ཅི་ཐུབ་ཞིབ་ཅིང་ཕྲ་བ་ཞིག་ཞུ་ཐུབ་ཐབས་འབད་རྩོལ་ཞུ་རྒྱུ་ཡིན། ཡིན་ནའང་རྒྱལ་སྲས་ཞི་བ་ལྷས་༼སྔོན་ཆད་མ་བྱུང་བའང་འདིར་བརྗོད་མེད།།༽ཅེས་གསུངས་པ་ལྟར། དེ་སྔོན་སྤྱི་འཐུས་རྣམ་པ་ཚོས་མ་མཁྱེན་པ་དང་མ་གསན་པ་ཞིག་གསར་དུ་ཞུ་རྒྱུ་མེད། གང་ལགས་ཟེར་ན། ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཕེབས་རིམ་བཞིན་དུ་ཕྱིར་ལོག་གནང་འཕྲལ་ཚིག་ཉུང་ལ་དོན་ཟབ་པའི་གསར་འགོད་གསལ་བསྒྲགས་རེ་གནང་གི་ཡོད་པའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕྱི་ལོ་༢༠༠༣ ནས་བཟུང་འདི་ལོ་༢༠༠༨ ཀྱི་བར་གསུམ་དུས་གསུང་འཕྲིན་རིམ་པའི་ནང་འབྲེལ་མོལ་སྐོར་གཟིགས་ཚུལ་ཕྱོགས་བསྡོམས་རེ་གསལ་ཡོད་པ་དང༌། བཀའ་ཤག་གི་གསུམ་དུས་དང༌། འཁྲུངས་ཚེས། མང་གཙོའི་དུས་དྲན་བཅས་ཀྱི་གཏམ་བཤད་ཁག་ཏུའང་གང་ལ་ཇི་འོས་ཀྱི་གསལ་བཤད་ཞུས་ཡོད་པ་མ་ཟད། གྲོས་ཚོགས་སུ་བགྲོ་གླེང་དང༌། དྲི་བ་དྲིས་ལན་སོགས་བརྒྱུད་ལམ་སྣ་ཚོགས་ནས་འདིའི་སྐོར་གླེང་མོལ་བསྐྱར་ལྡབ་ཡང་ལྡབ་བྱས་ནས་གནང་གྲུབ་པ་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད།
ཡིན་ན་ཡང་ད་རེས་ཕྱོགས་བསྡོམས་ཤིག་བསྐྱར་དུ་ཞུས་པ་ལ་འགལ་བ་མེད་པ་མ་ཟད། གཅིག་བྱས་ན་ཐུགས་དྲན་གསོ་བར་ཐུགས་ཕན་གསོས་ཤས་ཆེ། སྔ་མོ་གྲྭ་སའི་ཚོགས་ཆེན་ཞལ་ངོ་དང་གྲྭ་ཚང་དགེ་བསྐོས་ཚོའི་ཚོགས་གཏམ་གྱི་རྒྱུན་ལ། གསར་བུ་བ་རྣམས་ལ་མ་ཤེས་པ་ཤེས་པའི་ཆེད་དང༌། བར་ཤར་བ་རྣམས་ལ་ཤེས་པ་མི་བརྗེད་པའི་ཆེད་དང༌། རྒན་རིམ་རྣམས་ལ་ཐུགས་དྲན་བསྐྱར་གསོའི་ཆེད་དུ་ཡིན་ཞེས་གསུང་སྲོལ་ཡོད་པ་ལྟར། ངས་ད་རིང་སྙན་གསན་ཞུ་རྒྱུ་དེ་ཚོ་མ་མཁྱེན་པ་མཁྱེན་པའི་ཆེད་དུ་མིན་ནའང༌། མཁྱེན་པ་མི་བརྗེད་པ་དང་ཐུགས་དྲན་བསྐྱར་གསོ་བཅས་ཀྱི་ཆེད་དུ་ཡིན་པས་ཐུགས་ཕན་གསོས་པའི་རེ་བ་ཆེན་པོ་ཡོད།
འོན་ཀྱང༌། དགོངས་སེལ་ཞུ་བ་དང་སྦྲགས་ངས་བཀུར་འོས་སྤྱི་འཐུས་ཡོངས་ལ་རེ་འདུན་ཞུ་རྒྱུ་ཞིག་ལ། ད་རིང་ངས་གནས་ཚུལ་འདི་གྲོས་ཚོགས་ཀྱི་ཕྱི་རོལ་དུ་སྤྱིར་བཏང་ཤེས་བྱའི་བགྲོ་གླེང་ངམ་ཟབ་སྦྱོང་ལྟ་བུ་ཞིག་གི་ངོ་བོར་ཞུ་གི་ཡོད་སྟབས། སྤྱི་འཐུས་རྣམ་པས་འཛིན་སྐྱོང་དང་གྲོས་ཚོགས་བར་གྱི་འཐེན་རྒྱོང་གི་འདུ་ཤེས་ཅམ་སྟེ་བཞག་ནས། འཕགས་པ་ལྷས་༼གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོའི་སྣོད་ཅེས་བྱ་བར་བཤད།།༽ཅེས་གསུངས་པ་ནང་བཞིན་ཁོའི་སྐད་ཆའི་ནང་སྐྱོན་ཞིག་ག་ནས་རྙེད་ཡོང་དགོངས་པ་དང༌། དགག་པ་ཞིག་ག་པར་བརྒྱབ་རྒྱུ་ཡོད་འགྲོ་དགོངས་པའི་དངངས་འཚབ་མ་གནང་བར་ཐུགས་གཟུ་བོར་གནས་པ་དང༌། ངས་ཞུས་པའི་དོན་གནད་འདི་ཚོའི་ཐོག་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ལ་བརྟེན་ནས་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ། འདི་ཚོ་རྒྱུན་ལྡན་གོ་གོ་ཤེས་ཤེས་ཤིག་རེད། གསར་པ་གང་ཡང་ཡོད་མ་རེད་དགོངས་ཏེ་སྣང་ཆུང་མ་གནང་བར་དོན་གཉེར་དང་བཅས་ཏེ་གསན་རོགས་གནང་ཞུ་རྒྱུ་ཡིན།
འབྲེལ་མོལ་བྱུང་རིམ་རྣམས་ཀྱི་ཞིབ་ཆའི་གནས་ཚུལ་མ་ཞུས་གོང་སྤྱི་ཡོངས་རྒྱབ་ལྗོངས་ཀྱི་གནས་ཚུལ་རེ་ཟུང་ཞིག་ཞུ་རྒྱུ་ཡིན།
༡ ཕྱི་ལོ་༢༠༠༡ ཕྱི་ཟླ་༩ པའི་ནང་སྐབས་བཅུ་གཉིས་པའི་བཀའ་ཤག་ལས་ཁུར་དུ་ཞུགས་པའི་རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ཐད་ཀའི་འབྲེལ་ལམ་བསྐྱར་མཐུད་བྱ་རྒྱུ་དེ་གལ་གནད་ཆེན་པོར་བརྩིས་པ་ཡིན། འདས་པའི་ལོ་བདུན་གྱི་རིང་ཐད་འབྲེལ་མེད་པར་བརྟེན་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཧ་ལམ་རེ་བ་མེད་པའི་གནས་ཚུལ་ཞིག་ཏུ་གྱུར་ཟིན་པའི་ཚོར་སྣང་ཉིན་རེ་ལས་ཉིན་རེ་ཤུགས་ཆེ་རུ་ཕྱིན་པ་དང༌། བོད་ལ་བརྩེ་གདུང་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚོ་ཡང་གནས་སྐབས་བྱེད་རྒྱུ་གང་ཡང་མེད་པའི་ཚོར་སྣང་ལྟ་བུ་ཡོང་བཞིན་འདུག་པ་མ་ཟད། བོད་རྒྱའི་དབར་ཕན་ཚུན་ཐད་ཀར་གྲོས་མོལ་གྱི་འབྲེལ་ལམ་མེད་དུས་ཕྱོགས་གཉིས་ཀས་རྒྱབ་བཤད་བརྒྱབ་རྒྱུ་ཙམ་ལས་བགྲོ་གླེང་དང་རྩོད་པ་བརྒྱབ་ས་མེད་པ་དེས་གནོད་རྒྱུ་ལས་ཕན་ཐོགས་གང་ཡང་མི་འདུག དེར་བརྟེན་ཐད་འབྲེལ་བསྐྱར་མཐུད་བྱ་རྒྱུའི་འབད་རྩོལ་ཡོད་དགུ་རྩལ་སྤྲུགས་བྱས་པ་ཡིན། ཕྱི་ལོ་༢༠༠༢ ནས་འབྲེལ་མོལ་བསྐྱར་གསོ་བྱུང་བ་དེ་རང་ཕྱོགས་ནས་ཐབས་ཤེས་བྱས་ཏེ་བྱུང་བ་ཞིག་མ་གཏོགས་རྒྱ་ཕྱོགས་ནས་རང་འགུལ་གྱིས་བྱུང་བ་ཞིག་མ་རེད།
༢ ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་ཐོག་འཚེ་མེད་ཞི་བའི་ཐབས་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་དམ་བཅའ་མུ་མཐུད་བྱེད་རྒྱུ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་མ་བྱས། སྐད་ཆ་མ་བཤད་པར་བསྡད་ཐབས་མེད་པ་ནི་ཆབ་སྲིད་ཀྱི་གོ་རྟོགས་ཕྲན་བུ་ཡོད་མཁན་ཚང་མས་མཁྱེན་ཐུབ་པ་ཞིག་རེད།
༣ འོན་ཀྱང་འབྲེལ་ལམ་བསྐྱར་མཐུད་ཐུབ་པ་ཡིན་ན་སྐད་ཆ་བཤད་ཐེངས་ལྔ་དྲུག་དང༌། དུས་ཡུན་ལོ་ལྔ་དྲུག་ནང་རྩ་དོན་གྱི་ཐོག་འཁྲུན་ཐག་ཆོད་པའི་གྲུབ་དོན་ཞིག་ཡོང་མི་ཐུབ་པ་ནི་ཐོག་མ་ནས་གོ་རྟོགས་གསལ་པོ་ཡོད། ལམ་སེང་གྲུབ་འབྲས་ཆེན་པོ་འཐོན་རྒྱུ་ཡོད་པའི་རེ་སྟོང་ཞིག་བཅངས་ནས་འགོ་འཛུགས་བྱས་པ་མིན། དེ་འདྲ་སོང་ཙང་རྣམ་པ་ཚོ་ནང་བཞིན་སྒུག་ཡུན་མ་འཁྱོལ་བ་དང་བཟོད་བསྲན་མ་ཐུབ་པའི་དབང་གིས་སེམས་ཤུགས་ཆག་པའི་གནས་ཚུལ་ཞིག་བཀའ་ཤག་ལ་ནམ་ཡང་བྱུང་མེད། ཕྱི་ལོ་༡༩༧༩ ནས་༡༩༩༣ བར་ལོ་བཅོ་ལྔའི་རིང་འབྲེལ་མོལ་ཐེངས་༡༨ གནང་ཡོད་ཀྱང་གྲོས་གཞིའི་གནད་དོན་གསལ་པོ་ཆགས་པ་ཙམ་ཡང་བྱུང་ཐུབ་མེད། དེ་ནི་སྐབས་དེ་དག་སོ་སོའི་འབྲེལ་ཡོད་ཕྱག་ལས་གནང་མཁན་རྣམས་ཀྱིས་དགོངས་པ་མ་བཞེས་པ་དང༌། སྐུ་ལས་མ་བསྐྱོན་པ། གནང་ཕྱོགས་མ་འགྲིགས་པ་སོགས་གང་ཡང་མ་ཡིན་པར། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་དཀའ་རྙོག་འདི་དག་དུས་ཡུན་ཐུང་ངུའི་ནང་སེལ་ཐུབ་ཐབས་མེད་པ་དང༌། དུས་ཡུན་ཇི་ཙམ་འགོར་ཡང་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་ནས་ཨུ་ཚུགས་མཐའ་སྐྱེལ་བྱེད་དགོས་པའི་དངོས་ཡོད་ཀྱི་གནས་ཚུལ་དེའི་དབང་གིས་ཡིན། དེ་འདྲ་སོང་ཙང་ད་ལྟའི་བཀའ་ཤག་གི་ངོས་ནས་ད་བར་བྱུང་བའི་འབྲེལ་མོལ་ཐེངས་དྲུག་ལ་གྲུབ་འབྲས་ཐོན་མ་སོང་སྙམ་པའི་བློ་ཕམ་དང་སེམས་འཚབ་གཏན་ནས་མེད་པ་མ་ཟད། ཉེ་ཆར་གསུམ་བཅུའི་དུས་དྲན་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་དང༌། བཀའ་ཤག་གི་གཏམ་བཤད་དུ་གསལ་བ་བཞིན་ད་དུང་དུས་ཡུན་ཇི་ཙམ་འགོར་རུང་དཀའ་རྙོག་ཇི་ཙམ་ཆེ་རུང་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་མོལ་གྱི་ལས་རིམ་རང་ཕྱོགས་ནས་མུ་མཐུད་བྱ་རྒྱུའི་སེམས་ཤུགས་དང༌། ཆོད་སེམས་ལ་འགྱུར་བ་ནམ་ཡང་མེད་ཅེས་བསྐྱར་ཟློས་བྱེད་འདོད་བྱུང༌།
༤ ཕྱི་ལོ་༢༠༠༡ གི་ལོ་མཇུག་དང་༢༠༠༢ ཀྱི་ལོ་འགོར་བོད་རྒྱའི་དབར་ཐད་འབྲེལ་ཞིག་བསྐྱར་གསོ་བྱུང་བའི་རྗེས་༢༠༠༢ ཀྱི་ཕྱི་ཟླ་༩ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་བོད་དུ་ཕེབས་ཐུབ་པ་བྱུང་ཡོད། སྐབས་དེར་བར་ལམ་འབྲེལ་བ་ཆད་ནས་རྒྱུན་རིང་སོང་ཟིན་པ་དང༌། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ལའང་འགྱུར་བ་མང་པོ་འགྲོ་ཟིན་པའི་དབང་གིས་ཕན་ཚུན་གཉིས་ཀ་དོགས་པ་རྣམ་རྟོག་ཆེན་པོའི་འོག་ཚོད་མ་ཐིག་པའི་ལས་ཀ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་སྟབས། གྲ་སྒྲིག་དང་ཐབས་བྱུས་གཏན་འབེབས་བྱ་རྒྱུར་དཀའ་ངལ་ཆེ་ཙམ་བྱུང་ཡང་སྤོབས་པ་བསྐྱེད་དེ་ཐག་གཅོད་བྱས་པ་ཡིན།
ཕྱི་ལོ་༢༠༠༨ ཟླ་༠༣ ཚེས་༡༦ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་རྣམས་ལ་བོད་རྒྱ་འབྲེལ་མོལ་སྐོར་གནང་བའི་གསུང་བཤད།