བོད་སྐད་ཡིག་གི་རྒྱབ་རི་སྨྱུག་པོ།
མིང། ཕུར་བུ་སྒྲོལ་མ། རང་ལོ། ༡༤ སློབ་གྲྭ། དཔེ་སྟོན་སློབ་གྲྭ།
ཀ་ཡེ།
ཀྱག་ཀྱོག་གི་དམྱལ་འཕྲང་ལས་སྐྱོ་གདུང་གི་མཆི་མའི་རྒྱ་མཚོ་སྔོན་མོར།
དཔའ་ངར་དང་བརྩོན་སེམས་ཀྱི་གྲུ་གཟིངས་ལ་བཞོན་ཏེ།
རྒྱ་གར་འཕགས་པའི་ཡུལ་ནས་ཕུགས་བསམ་གྱི་གླིང་དུ་ཕྱོགས་བཞིན་པའི་ཁ་བ་ཅན་ཚོ།
ཚེ་སྲོག་གི་གསོན་ཤུགས་ལས་སྐྱོ་གདུང་གི་མཆི་མ་མིད་དེ།
ཀ་ཁའི་དབྱངས་བརྡ་སྙན་མོ་སྒྲོག་བཞིན་པའི་རྩམ་གཟན་གྱི་བོད་ཕྲུག་ཚོ།
གསོན་དང།
ཁྱེད་རྣམ་པའི་ཐོས་འཛིན་གྱི་བུ་ཁ་བདག་ལ་ལན་གཅིག་གསོན་དང།
དེ་རིང་གང་གི་འཁྲུངས་སྐར་ཉིན་མོར།
ངས་དད་འདུན་གྱི་ཞིང་ས་ལས་བཏུས་པའི་སེམས་ཁོངས་ཀྱི་མེ་ཏོག་ཞིག
ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་བར་འདོད།
ཀ་དག་དུག་གསུམ་འཆིང་ཐག་འཇིག་རྟེན་སྒྲོན་མེས་སེལ་བར་བྱས།།
ཁ་བ་དཀར་པོའི་བདེན་སྟོབས་སྤོབས་པ་ནོར་འཛིན་ས་གཞིར་བཞད།།
ག་ཤེད་མི་རྟག་ཚེ་སྲོག་བོད་དོན་ཆེད་དུ་གཏོང་གནང་མཛད།།
ང་ཡི་སྙུག་རྩེེའི་སྒྱུ་རྩལ་སྙན་ངག་སྙན་མོས་ཁྱོད་ལ་བཀུར།།
ཅ་ཅོ་མེད་པའི་མ་ཎིའི་གསུང་དབྱངས་མདོ་དབུས་ཁམས་སུ་གྱེར།།
ཆ་ལུགས་ཡག་པའི་ཁ་བའི་ལྗོངས་སུ་སྐུ་ཉིད་འཁྲུངས་ནས་བཟུང།།
ཇ་ཆང་འདོད་རྒུའི་སྦྲང་ཆར་ཟིལ་མའི་ལོངས་སྤྱོད་ཕྱོགས་ཀུན་ཁྱབ།།
ཉ་མོ་ལྟ་བུའི་ཤེས་བྱའི་ར་བར་དགའ་བའི་མེ་ཏོག་བཞད།།
ཏ་ལའི་སྡོང་པོའི་དཔལ་སྟོབས་རྩལ་ཤུགས་ནོར་འཛིན་ས་གཞིར་ཐོག།།
ཐ་སྙད་ཤེས་བྱར་མཁས་པའི་དཔའ་བོའི་ལོ་རྒྱུས་རྡོ་རིང་བཙུགས།།
ད་ལྟ་འཇམ་རླུང་རྟ་ཕོར་བཅིབས་ཏེ་ཕུགས་བསམ་ཐེམ་སྐས་བསྙེགས།།
ན་ཆུང་སློབ་དུས་དཀའ་ཚེགས་ངལ་རྩོལ་ཆུ་བོའི་རྒྱུན་བཞིན་གནང།།
པ་ཕའི་བུ་བཟང་ཁོང་གིས་སློབ་ལ་བརྩོན་པ་ལྷོད་མེད་གནང་།།
ཕ་མ་དང་ནི་རང་ཡུལ་བཞག་སྟེ་གཞན་ཡུལ་འགྲིམས་ནས་བཟུང།།
བ་རྫི་བཞིན་དུ་བཙན་བྱོལ་བོད་མིར་འདི་ཕྱིའི་ལམ་སྟོན་གནང་།།
མ་འོངས་བོད་རིགས་སོན་རྩའི་ལོ་ཏོག་ས་གཞིར་སྨིན་ཆེད་དུ།།
ཙ་རི་སྤང་ལྗོངས་ལྡན་པའི་དྷ་སར་དཔེ་སྟོན་མེ་ཏོག་བཙུགས།།
ཚ་གྲང་སྙོམས་པའི་མེས་དབོན་སློབ་གྲྭར་བོད་ཕྲུག་བྱམས་ཀྱིས་བསྐྱངས།།
ཛ་ཏི་སྡོང་པོ་སྔོ་ལྗང་རི་ལུང་ཀུན་ལ་ཤར་དུས་སུ།།
ཝ་སེམས་མེད་པའི་དཔེ་སྟོན་སློབ་མས་ཀ་ཁའི་དབྱངས་རྟ་གྱེར།།
ཞ་སྨྱུག་དམར་པོ་ལག་པས་བསྐྱོར་ཏེ་སྙན་ངག་འབྲི་སྐབས་སུ།།
ཟ་མ་གནང་མཁན་པ་ཕ་ཁྱེད་ཀྱི་བཀའ་དྲིན་ཡིད་ལ་དྲན།།
འ་ཅག་དཔེ་སྟོན་སློབ་མ་ང་ཚོའི་ཡབ་ཆེན་ཁྱེད་ལ་འདུད།།
ཡ་ཐོག་དེང་རབས་རིག་གནས་ཀུན་ལ་མཁས་པའི་པ་ཕ་ལགས།།
ར་བས་བསྐོར་བའི་དཔེ་སྟོན་སློབ་མས་པ་ཕ་ཁྱེད་ལ་བསྟོད།།
ལ་རྒྱ་ལྡན་པའི་རིན་བྲལ་བཀའ་སློབ་ཡང་ཡང་གསུངས་པ་རྣམས།།
ཤ་ཚས་བསྐྱངས་པའི་སློབ་མ་ང་ཚོས་ནམ་ཡང་ཡིད་ལ་བཅངས།།
ས་གཞིར་ཁྱབ་པའི་བོད་ཀྱི་སོན་རྩས་སློབ་དཔོན་ཁྱེད་ལ་གུས།།
ཧ་ཅང་མཚར་བའི་ཁྱེད་ཀྱི་འཁྲུངས་སྐར་དགའ་དད་སྤྲོ་བས་བསུ།།
ཨ་ཕ་ཁྱེད་ཀྱི་བཀའ་དྲིན་མི་བརྗེད་སེམས་སུ་བརྟན་པོར་གནས།།