བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས། ༄༅། །ཐུགས་མངའ་བཞིན་བོད་རྒྱ་འབྲེལ་བའི་སྐོར་རྒྱུན་རིང་ནས་རང་གཞུང་མཆོག་གི་བཞེངས་ཕྱོགས་ཧ་ཅང་བརྟན་པོའི་ངང་དྲང་པོ་དང་བདེན་པ། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལམ་སྲོལ་གཞི་རྩར་ཟིན་ནས་རྒྱལ་སྤྱིའི་ཕྱི་ནང་གཞུང་སྒེར་སྐྱེ་བོ་ཕལ་མོ་ཆེས་ཡི་རངས་དང༌། རྒྱབ་སྐྱོར་གནང་དང་གནང་བཞིན་པའི་འདྲ་མཉམ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ། རྒྱ་དམར་དབང་འཛིན་པར་ལོ་གྲངས་དེའི་རིང་ྋགོང་ས་ཆེན་པོས་དབུས་པའི་རང་གཞུང་མཆོག་དང༌། རྒྱལ་སྤྱིའི་གཞུང་སྒེར་གྱི་མཛད་གཙོ་རྣམ་པས་གཉིས་ཕན་ཞི་མོལ་གྱི་ཆེད་ལན་མང་འབྲེལ་བ་གནང་ནའང༌། སྔ་རྗེས་རྒྱབ་ཤ་དཀར་པོའི་ཡིག་ཆ་རྣམས་ལ་གཞིགས་ཚེ་རང་ཕྱོགས་ནས་བསམ་ཞིབ་བྱ་རྒྱུར་གལ་ཆེར་མཐོང་ན་དྭོགས་འདྲི་ཞུ་རྒྱུ།
༡ བཀའ་ཤག་སྐབས་ ༡༢ པས་འདས་པའི་དུས་ཡུན་རིང་ྋགོང་ས་ཆེན་པོའི་སྐུ་ཚབ་བོད་རྒྱ་འབྲེལ་བའི་ཆེད་སྔ་རྗེས་ཕེབས་པའི་གནས་ཚུལ་ལ་གཞིགས་ན། སླད་ཐུགས་ཕན་གསོས་རེ་ཇི་ཙམ་གནང་གི་ཡོད་དམ།
༢ སྐུ་ཚབ་རྣམས་ཕེབས་སྐབས་ཁོ་པ་ཚོའི་བཤད་སྟངས་དང༌། སྔ་རྗེས་རྒྱབ་ཤ་དཀར་པོའི་ཡིག་ཆའི་ནང་དོན་བཞིན་རྒྱུ་མཚན་གང་ཡིན་ནམ་གསལ་བཤད་ཡོད་པ་ཞུ།

བཀའ་ལན།
༡ འདས་པའི་དུས་ཡུན་རིང་ྋགོང་ས་ཆེན་པོའི་སྐུ་ཚབ་བོད་རྒྱ་འབྲེལ་བའི་ཆེད་སྔ་རྗེས་ཕེབས་པའི་གནས་ཚུལ་ལ་གཞིགས་ནས་ཐུགས་ཕན་གསོས་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
༢ སྐུ་ཚབ་ཕེབས་སྐབས་ཁོང་ཚོའི་གསུང་སྟངས་དང༌། ཤོག་བུ་དཀར་པོའི་ཡིག་ཆའི་ནང་དོན་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་བོད་ལ་འཛིན་པའི་སྲིད་བྱུས་རྣམས་ནན་བཤད་བྱེད་རྒྱུའི་ཆེད་ཡིན་ཚོད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས་འཕྲོས་དོན་དྲི་བར།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསུང་རྒྱུ་དེ་གསལ་པོ་གང་འཚམས་ཆགས་སོང༌། ཡིན་ནའང་དེའི་ཐོག་ཏུ་སོ་སོའི་སེམས་པའི་ཐོག་ནས་འཕྲོ་དོན་དྲི་བ་གཅིག་གཉིས་ཤིག་ཞུ་དགོས་པ་ཆགས་ཀྱི་འདུག ཚང་མས་མཁྱེན་གསལ་ལྟར་ང་ཚོ་བོད་མི་རྣམས་བོད་ལ་བསྡད་མ་ཐུབ་པར་རྒྱ་གར་ལ་ཡོང་ནས། བཙན་བྱོལ་ཆགས་དགོས་པ་དེ་ཏན་ཏན་སོ་སོའི་ལུང་པ་དེ་སོ་སོས་འཛིན་སྐྱོང་བྱེད་བཞིན་པའི་སྐབས་སུ་ཕ་རོལ་པོས་ང་ཚོར་བཙན་དབང་བྱས་ནས་ཡོང་དགོས་པ་ཞིག་ཆགས་པ་རེད། ང་ཚོ་བཙན་བྱོལ་ལ་འབྱོར་བསྡད་པའི་བོད་པ་ཚང་མའི་ལས་འགན་དང་དམིགས་ཡུལ་ཆེ་ཤོས་དེ་བོད་མིའི་རྩ་དོན་བསྒྲུབ་རྒྱུ་དེ་རེད་བསམ་པའི་སོ་སོར་ཚོར་བ་དེ་འཆར་གྱི་ཡོད། རྩ་དོན་དེ་བསྒྲུབ་རྒྱུའི་ཆེད་དུ་ལོ་གྲངས་མང་པོ་ཞིག་གི་རིང་ལ་ཐབས་ལམ་འདྲ་མིན་ཁ་ཤས་ཤིག་གནང་ཡོད་རེད། ད་ལྟའི་ཆར་ང་ཚོ་སྲིད་བྱུས་དང་ཐབས་ལམ་དེའི་ཐོག་ལ་ཕེབས་བཞིན་པ་རེད། བྱས་ཙང་དྲི་བ་འགོད་མཁན་གྱིས་སྲིད་བྱུས་དེར་གུས་བཀུར་ཞུ་གི་ཡོད། ཡི་རངས་ཞུ་གི་ཡོད། རྒྱབ་སྐྱོར་ཞུས་པ་ཡིན། ད་ལྟའང་རྒྱབ་སྐྱོར་ཡོད། ཡིན་ནའང་འདི་གནད་འགག་ཆེན་པོ་ཞིག་ཡིན་ཙང༌། འཛམ་བུ་གླིང་གི་ཆབ་སྲིད་ཀྱི་གནས་སྟངས། ང་ཚོའི་ྋསྐྱབས་གནས་ྋགོང་ས་སྐྱབས་མགོན་ཆེན་པོས་ཇི་ཙམ་ཞིག་གི་གུ་ཡངས་དཀྱེལ་ཆའི་རླབས་ཆེན་གྱི་དགོངས་པ་བཞེས་པར་རྒྱལ་སྤྱིའི་གཞུང་སྒེར་ཕལ་མོ་ཆེས་ཡི་རངས་དང༌། བསྔགས་བརྗོད་གནང་དགོས་པ་ཞིག་དང༌། ལྷག་པར་དུ་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་གསུམ་བཅུའི་དུས་དྲན་གསུང་བཤད་ཕྱོགས་གང་ས་ནས་རང་ཕྱོགས་ཀྱི་ངོས་ནས་བསམ་བློ་བཏང་ཡོང་དུས་ཏན་ཏན་མ་ལན་མ་འགྱོད་པ། ཆུང་ས་ནས་བཤད་ན་མི་མང་དེ་ཚོས་སྐད་འབོད་བྱེད་རྒྱུའི་ཐོག་ལའང་ང་ཚོས་བྱང་ཆུབ་སེམས་མཆོག་འདོན་ནས་ཕེབས་ཀྱི་ཡོད་རེད། ཡིན་ནའང་ང་ཚོས་ཇི་ཙམ་ཞིག་བསམ་བློ་བཏང་ནས་གུ་ཡངས་ཇི་ཙམ་ཞིག་བྱེད་ནའང༌། རྒྱ་མི་གུང་ཁྲན་ཏང་གིས་དེའི་ལན་དེ་ཉིན་རེ་བཞིན་ཇེ་སྡུག་དང་ཇེ་ཞན་དང༌། ཁོ་པ་ཚོའི་སྲིད་བྱུས་དེ་ལོ་གྲངས་དེའི་རིང་ཡང་ནས་ཡང་དུ་མ་ཎི་བགྲངས་པ་ནང་བཞིན། སྲིད་བྱུས་དེ་འགྱུར་བ་མེད་པའི་ཐོག་ནས། རྒྱལ་སྤྱིའི་ནང་བསམ་ཤེས་དང་ངོ་ཚ་སོགས་ཅི་ཡང་བསམ་བློ་བཏང་མི་ཤེས་པ་ཡིན་ན་དང༌། མ་ཐུབ་པ་ཡིན་ན་ལྟ་ ཞེས་གསུང་བཞིན་པའི་སྐབས་དེར། ཚོགས་གཙོ་མཆོག་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་རེད་ཅེས་གསུངས་པར། ལགས་སོ་ཐུགས་རྗེ་ཆེ། ངས་དང་པོ་ནས་བཀའ་འཁྲོལ་ཞུས་ཡོད། དགོངས་དག གོང་ཞུས་ལྟར་བྱེད་སྟངས་དེ་ཚོ་ལ་བལྟ་དུས། སྔ་རྗེས་ཀྱི་སྐུ་ཚབ་ཕེབས་རྒྱུའི་ཐོག་ལ་གསུང་སྟངས། སྔ་རྗེས་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ། ལྷག་པར་དུ་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་གནང་བའི་ཕྱི་ཉིན་གྱི་རྗེས་སུ་ཕྱི་སྲིད་འགྲིན་ཚབ་པས་བཤད་རྒྱུ་དང༌། དེའི་རྗེས་སུ་ཁ་སང་ཕྱི་ཚེས་བཅོ་ལྔ་ཉིན་རྒྱ་ནག་པེ་ཅིང་ནས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་སྐད་ཆ་ཤོད་སྟངས། ཁ་སང་ཉེ་ཆར་ཨ་རིའི་ཕྱི་སྲིད་བློན་ཆེན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་ཕེབས་ནས་རྒྱ་ནག་ལ་ཨེ་ཤི་ཡའི་གཟིགས་སྐོར་གྱི་ཐ་མ་དེ་གནང་ནས་ྋགོང་ས་ཆེན་པོ་དང་ཁོང་གི་སྐུ་ཚབ་ལྷན་ཚོ་འབྲེལ་བ་བྱེད་དགོས་པ་སོགས་བཤད་དུས། ཁོ་ཚོས་ལན་ཁྱོན་ནས་བརྒྱབས་མ་སོང༌། བྱས་དུས་གནས་ཚུལ་དེ་ཚོ་ཚང་མ་ལ་བརྟེན་ནས་ངས་དྲི་བ་དེ་ཞུ་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་ཆགས་ཀྱི་ཡོད་ཅེས་འཕྲོ་དོན་དྲི་བ་མ་ཞུས་གོང་ལ་གསལ་བཤད་ཞུ་ཆོག་པའི་སྙན་སྒྲོན་ཞུས་པ་བཞིན། གོ་སྐབས་གནང་བར་ཐུགས་རྗེ་ཆེ། ངའི་འཕྲོས་དོན་དྲི་བ་དང་པོ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཏན་ཏན་དེ་ཚོ་ཚང་མའི་ཐོག་ལ་ཐུགས་ཁུར་ཆེན་པོ་དང༌། ཐག་ཆོད་ཆེན་པོ་ཞེ་དྲགས་གི་ཐོག་བཀའ་སློབ་གནང་ཡོད་རེད། གནང་བ་དེ་ཚོར་གུས་བཀུར་ཡོད། ཡིན་ནའང་དྲི་བའི་ལན་གྱི་ནང་དུ་ང་ཚོའི་སྔ་རྗེས་སྐུ་ཚབ་ཕེབས་པ་དེས་ཐུགས་ཕན་གསོས་རེ་ཞེ་དྲགས་ཡོད་ཅེས་གསུངས་འདུག བྱས་ཙང་ངས་བཀའ་འདྲི་ཞུ་རྒྱུ་ལ། རྒྱུ་མཚན་ག་འདྲ་ཞིག་གི་ཐོག་ནས་ཐུགས་ཕན་ཆེན་པོ་གསོས་རེ་གནང་གི་ཡོད་དམ། གཉིས་པ་དེ་ལ་རྒྱ་མི་ཁོ་རང་ཚོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་བོད་ལ་འཛིན་པའི་སྲིད་བྱུས་རྣམས་ནན་བཤད་བྱེད་པ་ཡིན་ཚོད་རེད་ཅེས་གསུངས་འདུག ངས་ཚིག་དེ་ལ་གུས་བཀུར་ཞུ་གི་ཡོད། ཡིན་ནའང་ཁོ་ཚོའི་ལོ་རབས་དེའི་ནང་ཁོ་ཚོའི་སྲིད་བྱུས་དེ་མ་ཎི་བགྲངས་བྱས་ནས་བཤད། ང་ཚོས་དེ་ཉན། ག་ཚོད་ཅིག་ནས་སྲིད་བྱུས་དེ་ཉན་ནས་ཐག་གཅོད་ཐུབ་ཀྱི་ཡོད་མེད་དེ་ངས་ཞེ་དྲགས་ཚོད་ཐེབས་ཀྱི་མི་འདུག ང་ཚོའི་དབུ་ཁྲིད་ནས་གཙོས་པའི་རྒྱ་ཆེ་མི་མང་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་འགན་བཞེས་མཁན་མང་པོ་ཞིག་ལོ་ནའི་བབ་དང༌། ཆབ་སྲིད་ཀྱི་གནས་སྟངས་གང་ཅིའི་ཐོག་ནས་སེམས་ཁྲལ་ཡོང་གི་འདུག བྱས་ཙང་ངས་བཀའ་དྲི་ཞུ་གི་ཡོད། དེ་འདྲ་ཡིན་དུས་ང་ཚོ་སོ་སོའི་སྲིད་བྱུས་ཕར་བཤད། ཁོང་ཚོའི་སྲིད་བྱུས་ཚུར་བཤད། དེ་འདྲ་བྱས་ནས་ཁོ་ཚོས་སྲིད་བྱུས་དེ་ནན་བཤད་བྱེད་རྒྱུ་ཡིན་ན། ཁོ་ཚོའི་སྲིད་བྱུས་དེ་འགྱུར་བ་གཏང་རྒྱུའི་ཆེད་དུ་ང་ཚོས་སྲིད་བྱུས་ཕར་ཞིག་བཤད་དེ། ཕར་ཚུར་བཤད་རེ་བྱེད་པ་ཙམ་གྱིས་འགྱུར་བ་ཞིག་འགྲོ་གི་རེད་དམ། ཡང་ན་རྒྱ་མིས་ང་ཚོར་འཛིན་པའི་སྲིད་བྱུས་དེ་འགྱུར་བ་གཏང་རྒྱུའི་ཆེད་དུ་བཙན་བྱོལ་བོད་གཞུང་དང་བོད་གཞུང་གི་འགན་ཁུར་མཁན་རྣམ་པ་དང༌། བོད་རྒྱ་ཆེ་མི་མང་གིས་འགྱུར་བ་གཏང་རྒྱུའི་ཆེད་དུ་འབད་བརྩོན་གང་གནང་དགོས་ཀྱི་རེད། དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས་གནང༌།

བཀའ་ལན།
རེ་བ་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་གང་རེད་ཅེས་བཀའ་གནང་སོང༌། རེ་བ་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནི་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ཏུ་ཕེབས་ཐུབ་པ་དང༌། བཀའ་མོལ་གནང་ཐུབ་པ། ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་ཐུབ་པ་བྱུང་བ་རེད། མ་འོངས་པར་ཕན་ཚུན་གོ་བསྡུར་གྱི་ལམ་ནས་འགལ་ཟླ་ཉུང་དུ་གཏང་རྒྱུ་དང་གཉིས་མོས་ཀྱི་སྡིངས་ཆ་ཞིག་འཚོལ་ཐུབ་ཐབས་བྱེད་དགོས་པ་ཕྱོགས་གཉིས་ཀ་ནས་ངོས་ལེན་བྱེད་ཀྱི་ཡོད་རེད། རེ་བ་བྱེད་པའི་རྒྱུ་མཚན་གཅིག་དེ་ཡིན། རྒྱུ་མཚན་གཉིས་པ་ནི་སྐུ་ཚབ་ཚོགས་པ་མ་བཏང་བ་དང༌། རྒྱ་མི་དང་མཉམ་དུ་ཞི་མོལ་མ་བྱས་པར་བསྡད་པ་ཡིན་ན། རེ་བ་གང་ཡོད་རེད། དྲི་བ་དེ་གལ་ཆེ་ཤོས་རེད། དེ་ལ་ད་ལྟ་སྐུ་ཚབ་ཚོགས་པ་གཏོང་བ་ལས་རེ་བ་ཆེ་བ་ཞིག་ཡོད་པ་ཡིན་ན། ད་ལྟ་ང་ཚོས་རེ་བ་བྱས་པའི་རྒྱུ་མཚན་ཉུང་དུ་འགྲོ་སྲིད་པ་རེད། རྒྱ་མི་དང་ཞི་མོལ་བྱ་རྒྱུ་ལས་གཞན་པའི་རེ་བ་བརྒྱབ་སའི་ཐབས་ལམ་ཞིག་ད་ལྟའི་གནས་སྐབས་སུ་མེད་པ་ཡིན་ཙང༌། སྐུ་ཚབ་བཏང་ཐུབ་པ་དང་སྐད་ཆ་བཤད་ཐུབ་པ་དེས་མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་རེ་བ་ཞིག་མཐོང་གི་ཡོད་རེད། རེ་བ་ཆེན་པོ་ཡོད་ཞུས་པའི་རྒྱུ་མཚན་དེ་ཡིན་ཞེས་ཞུ་རྒྱུ་ཡིན།
ཡང་རྒྱ་མིས་སྲིད་བྱུས་ནན་བཤད་བྱེད་པ་དེ་ང་ཚོས་ག་དུས་བར་ཉན་དགོས་རེད་ཅེས་བཀའ་གནང་སོང༌། ང་ཚོས་ཁས་ལེན་བྱེད་མི་ཐུབ་པའི་སྲིད་བྱུས་དེ་ཚོ་འགྱུར་བ་མ་ཕྱིན་གྱི་བར་དུ་ཉན་དགོས་ཀྱི་རེད། ཉན་ནས་ལན་བརྒྱབ་དགོས་བྱེད་ཀྱི་རེད། བཤད་རེས་གཏོང་དགོས་ཀྱི་རེད། ཁོ་ཚོས་ཡང་ནས་ཡང་དུ་ནན་བཤད་བྱེད་དགོས་པ་དེ་ང་ཚོས་འདི་ནས་གཅིག་བཤད་ཀྱི་ཡོད་པའི་དབང་གིས་བྱུང་བ་རེད། རྙོག་གླེང་མེད་པའི་དོན་གནད་རྣམས་ཀྱི་ཐོག་ཡང་ནས་ཡང་དུ་ནན་བཤད་བྱེད་ཀྱི་ཡོད་མ་རེད། ཤང་ཧེ་ཐོག་འཛིན་པའི་སྲིད་བྱུས་འདི་ཡིན་ཞེས་ནན་བཤད་བྱེད་ཀྱི་ཡོད་མ་རེད། ཡུ་ནན་ཞིང་ཆེན་ལ་འཛིན་པའི་སྲིད་བྱུས་འདི་ཡིན་ཞེས་ཤོག་བུ་དཀར་པོ་བཏོན་དགོས་ཀྱི་ཡོད་མ་རེད། ཤོག་བུ་དཀར་པོ་བཏོན་དགོས་པ་དང༌། ཡང་ནས་ཡང་དུ་ནན་བཤད་བྱེད་དགོས་པ་དེ་ཀླན་ཀ་ཞིག་དང༌། དཀའ་ངལ་ཞིག་ཡོད་པ་ཡིན་ཙང་ཡོང་གི་ཡོད་པ་རེད། ལྷག་པར་དུའང་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཕེབས་རྒྱུ་འགོ་བཙུགས་པ་ནས་ཁོ་ཚོས་རྒྱལ་སྤྱིའི་ནང་ནན་བཤད་མང་དུ་བྱེད་དགོས་པའི་གནས་ཚུལ་ཞིག་བྱུང་བ་དེ་ང་ཚོའི་ངོས་ནས་བལྟས་པ་ཡིན་ན་ང་ཚོའི་འབད་རྩོལ་ལ་ནུས་པ་འཐོན་གྱི་ཡོད་པ་དང༌། དེ་ལ་དོ་སྣང་བྱེད་དགོས་པ་ཞིག་བྱུང་བ་རེད་བསམ་གྱི་ཡོད། ཁོ་ཚོས་བསྐྱར་བཤད་ཡང་བཤད་བྱས་པ་དེ་ཚོ་ང་ཚོས་ཉན་ནས་ང་རང་ཚོའི་ངོས་ནས་བཤད་དགོས་པ་དེ་ཚོ་ཡང་བསྐྱར་བཤད་ཡང་བཤད་བྱེད་རྒྱུའི་གོ་སྐབས་ཤིག་ཐོབ་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ང་ཚོས་ཁས་ལེན་བྱེད་མི་ཐུབ་པའི་སྲིད་བྱུས་དེ་དག་ལ་འགྱུར་བ་ཞིག་གཏང་མ་ཐུབ་བར་དུ་ཁོ་ཚོས་བསྐྱར་བཤད་ཡང་བཤད་བྱེད་པ་ལ་ང་ཚོས་ཉན་དགོས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ད་ལྟ་དྲི་བ་དེ་བཀའ་ལན་གཉིས་པ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད། སྐུ་ཚབ་ཕེབས་སྐབས་ཁོང་ཚོའི་གསུང་སྟངས་དང༌། ཤོག་བུ་དཀར་པོའི་ཡིག་ཆའི་ནང་དོན་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་བོད་ལ་འཛིན་པའི་སྲིད་བྱུས་རྣམས་ནན་བཤད་བྱེད་རྒྱུའི་ཆེད་ཡིན་ཚོད་ཅེས་ཞིབ་ཆ་ཡོད་པའི་ཚིག་ཅིག་གསུངས་གནང་བ་རེད། དེ་བཞིན་གཞི་རིམ་ལ་རྒྱབ་ཤ་དཀར་པོའི་ཡིག་ཆ་ཟེར་གྱི་ཡོད་རེད། བཀའ་ཤག་ངོས་ནས་ཤོག་བུ་དཀར་པོའི་ཡིག་ཆ་ཟེར་གྱི་ཡོད་རེད། དེ་གཉིས་ཐ་སྙད་མི་འདྲ་བ་འདྲ་པོ་ཞིག་འདུག ཡིན་ནའང་གང་ཞིག་ངས་ཤེས་འདོད་པ་དེ་གང་ཡིན་ཟེར་ན། ཤོག་བུ་དཀར་པོའི་ཡིག་ཆ་དེ་རྒྱ་ནག་གིས་མ་འོངས་པ་ང་ཚོ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་འཛིན་གྱི་སྲིད་བྱུས་ཡོད་ན་མེད་ན་དེར་ངོས་འཛིན་བྱེད་ཀྱི་ཡོད་དམ་མེད་ཅེས་དང༌། གལ་ཏེ་བྱེད་ཀྱི་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། རྒྱ་ནག་གིས་རྩ་འཛིན་གྱི་སྲིད་བྱུས་དེ་དང་ང་ཚོའི་ངོས་ནས་བོད་དོན་ཐག་གཅོད་བྱེད་པའི་རྩ་འཛིན་གྱི་ཡིག་ཆ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་དབུ་མའི་ལམ་གྱི་རྩ་འཛིན་གྱི་སྲིད་བྱུས་སམ་རིག་པའི་གཞུང་ལུགས་ཡོད་ན་མེད་ན་དེ་སི་ཏྲས་སྦག་གི་ཞི་བའི་གྲོས་ཆོད་ཀྱི་དོན་ཚན་ལྔ་དེ་ཡིན་ཞེས་གསུང་གི་ཡོད་རེད། དེ་འདྲ་གསུང་དུས་དེ་གཉིས་ཞིབ་བསྡུར་བྱས་ནས་འགྲོ་བའི་སྐབས་ལ་ས་མཚམས་དང༌། དེ་བཞིན་བདག་དབང་གི་ཁྱབ་ཚད་གཙོ་བོར་གྱུར་པའི་བར་ཐག་ཧ་ཅང་མང་པོ་ཞིག་ཡོད་བསྡད་པའི་གནས་སྟངས་དེ་སྲིད་དོན་ཉམས་ཞིབ་པ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་རེད་ལ། སོ་སོ་ཡིན་ནའང་ཚོར་སྣང་གང་ལ་གང་འཚམས་ཡོང་གི་ཡོད་རེད། དེ་འདྲ་སོང་ཙང་བར་ཐག་དེའི་བར་ནས་ང་ཚོའི་བཀའ་ཤག་གི་ངོས་ནས་ཕྱག་ལས་གང་མང་མང་ཞིག་གནང་གི་ཡོད་རེད། ང་རང་ངོས་ནས་རྗེས་སུ་ཡི་རངས་ཞུ་གི་ཡོད། ཡིན་ནའང་ངས་ཤེས་འདོད་པ་དེ་གང་རེད་ཟེར་ན། བར་ཐག་དེ་འདྲ་ཆེན་པོ་ཞིག་ཡོད་པ་གང་ཞིག་ལ་བཀའ་བློན་ཁྲི་པའི་ངོས་ནས་རེ་བ་ཡོད། རེ་བ་ཆེན་པོ་ཡོད་ཅེས་གསུངས་པ་སོང་ཙང་སྤྱི་ཚོགས་ཀྱི་ནང་ལ་སོ་སོ་ཡིན་ན་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་འདྲ་ཞིག་གི་ཐོག་ལ་བསྡད་དུས་དོ་སྣང་བྱེད་མཁན་མང་པོ་ཞིག་གིས་རེ་བ་ཡོད་རེ་བ་ཆེན་པོ་ཡོད་གསུང་བསྡད་རྒྱུ་དེ་ག་འདྲ་ཡིན་ནམ། དེ་འདྲ་བཀའ་འདྲི་གནང་དུས་སོ་སོ་ཡིན་ནའང་དེར་གདེང་ཚོད་འཕེར་བའི་ལན་འདེབས་ཤིག་མ་རག་པ་ཡིན་ཙང༌། དེ་བཀའ་བློན་ཁྲི་པ་མཆོག་ནས་གསུང་འོས་པ་ཡིན་ན་གསུངས་རོགས།

བཀའ་ལན།
ཤོག་བུ་དཀར་པོ་ཟེར་བའི་ཚིག་དེ་ནུབ་ཕྱོགས་པའི་ཚིག་གཅིག་རེད། ཤར་ཕྱོགས་པའི་རིག་གཞུང་གི་ནང་ལ་ཤོག་བུ་དཀར་པོ་བཏོན་པ་ཟེར་བའི་ཚིག་དེ་ཡོད་མ་རེད། ཡིན་ནའང་དེང་སང་དབྱིན་ཇིའི་སྐད་ལ་ White Paper ཤོག་བུ་དཀར་པོ་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད་རེད། རྒྱ་སྐད་ལ་རྒྱབ་ཤ་དཀར་པོ་ཟེར་སྲོལ་ཡོད་འདུག བཀའ་ཤག་གི་ཡིག་ཆའི་ནང་དབྱིན་ཇི་ནས་བསྒྱུར་བའི་ཤོག་བུ་དཀར་པོ་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་ཡོད། རྒྱ་སྐད་ནས་བསྒྱུར་བ་དེ་བེད་སྤྱོད་བྱས་མེད། གཙོ་བོ་ནང་གི་བརྗོད་བྱ་དེ་རེད་མ་གཏོགས་ཤོག་བུ་དཀར་པོ་དང་རྒྱབ་ཤ་དཀར་པོ་གང་ལབ་ཀྱང་ཁྱད་པར་མི་འདུག དྲི་བའི་དོན་གནད་གཙོ་བོ་སྔ་ལོ་ ༢༠༠༤ ཕྱི་ཟླ་ ༥ ནང་རྒྱ་མིས་བཏོན་པའི་བོད་ཀྱི་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དང་འབྲེལ་བའི་ཤོག་བུ་དཀར་པོ་དེ་མ་འོངས་པའི་བོད་རྒྱ་ཞི་མོལ་བྱེད་རྒྱུའི་རྩ་འཛིན་གྱི་ཡིག་ཆ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་གསུངས་སོང༌། དེ་རྩ་བ་ནས་ངོས་འཛིན་བྱེད་ཀྱི་མེད་ཅེས་ཞུ་རྒྱུ་ཡིན། གལ་སྲིད་དེ་རྩ་འཛིན་གྱི་ཡིག་ཆ་ཡིན་ན། བོད་རྒྱ་ཞི་མོལ་གྱི་སྐད་ཆ་དེ་རྫོགས་ཟིན་པ་རེད། ང་ཚོས་ཚོད་དཔག་བྱེད་པ་ཡིན་ན་ང་ཚོས་སྐད་ཆ་མང་པོ་བཤད་པ་ཡིན་ཙང་ཁོ་ཚོས་སྲིད་བྱུས་དེ་བསྐྱར་ནན་བྱས་ཏེ་བཤད་དགོས་བྱུང་བ་རེད་བསམ་གྱི་འདུག་ཅེས་ཞུས་པ་ཡིན། མདོ་དོན་ཤོག་བུ་དཀར་པོའི་ཡིག་ཆ་དེ་ཞི་མོལ་གྱི་རྩ་འཛིན་ཡིག་ཆ་ཡོང་ཐབས་ཡོད་པ་མ་རེད་ཅེས་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན།
ཡང་དྲི་བ་གཞན་ཞིག་ལ་བོད་རྒྱའི་དབར་རྩ་དོན་ཐོག་ལྟ་ཕྱོགས་ལ་བར་ཁྱད་ཧ་ཅང་ཆེན་པོ་རེད། དེ་འདྲ་སོང་ཙང་རེ་བ་ཆེན་པོ་ག་འདྲ་སེ་བརྒྱབ་ཐུབ་ཀྱི་ཡོད་རེད་ཅེས་གསུངས་སོང༌། སྤྱིར་སྟངས་བསམ་ཚུལ་དང་ལྟ་ཚུལ་ལ་བར་ཁྱད་ཆེན་པོ་ཡོད་པ་རེད་ཟེར་བ་དེ་སྐད་ཆ་བཤད་ཕྱོགས་ཤིག་རེད། བཤད་ཕྱོགས་གཞན་ཞིག་ནས་བར་ཁྱད་ཆེན་པོ་ཡོད་མ་རེད་ཅེས་ཀྱང་བརྗོད་ཐུབ་པ་ཞིག་རེད། རྒྱ་གར་གྱི་གཏམ་དཔེ་ལ་སྣོད་གཅིག་གི་ནང་ཆུ་ཕྱེད་ཀ་ཡོད་པ་ཡིན་ན་སྣོད་ཕྱེད་ཀ་གང་འདུག་ཟེར་བ་དང༌། ཕྱེད་ཀ་སྟོང་པ་རེད་ཟེར་བ་གཉིས་ཀ་བདེན་པ་རེད། དེ་སོ་སོའི་ལྟ་ཕྱོགས་དང་ངོས་འཛིན་བྱེད་སྟངས་ཀྱི་ཁྱད་པར་ཞིག་རེད། བོད་རྒྱའི་དབར་འགལ་ཟླ་ཆེ་ཤོས་དེ་ང་ཚོས་བོད་རང་བཙན་ཡིན་པར་འདོད་པ་དང༌། རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་འདོད་པ་དེ་རེད། དེ་ནི་ཟླུམ་ཐབས་མེད་པའི་འགལ་ཟླ་ཞིག་རེད། ཏིང་ཤའོ་ཕིང་གིས་རང་བཙན་མ་རྩོད་པ་ཡིན་ན་གནས་ཚུལ་གཞན་ཚང་མ་གོ་བསྡུར་བྱས་ནས་ཐག་གཅད་ཆོག་གི་རེད་ཅེས་ཞུས་པའི་སྐབས་སུ་ྋསྐྱབས་མགོན་རིན་པོ་ཆེས་རང་བཙན་རྩོད་ཀྱི་མིན་ཞེས་གསུངས་པ་རེད། ཉིན་མོ་དེ་ནས་འགལ་ཟླ་ཆེན་པོ་དེ་རྩ་བ་ནས་མེད་པ་ཆགས་ཟིན་པ་རེད། ད་ལྟའི་གནས་སྐབས་སུ་ཕན་ཚུན་ཞི་མོལ་བྱེད་ཐབས་མེད་པའི་འགལ་ཟླ་ཞིག་ལྷག་ཡོད་པ་མ་རེད། གཞི་རིམ་གྱི་འགལ་ཟླ་དེ་མེད་པ་བཟོས་ཟིན་པའི་རྗེས་སུ་ད་ཆ་ཞི་མོལ་བྱ་རྒྱུའི་གྲོས་གཞི་ནི་ཞིབ་ཆའི་ Detail གནས་ཚུལ་རྣམས་རེད། རང་བཙན་མ་རྩོད་པ་ཡིན་ན་དེའི་ཚབ་ལ་རང་སྲིད་རང་སྐྱོང་གི་གནས་བབ་དེ་ག་འདྲ་བྱས་ནས་སྤྲད་ཀྱི་རེད། དེའི་གནས་ཚད་ག་འདྲ་ཞིག་དགོས་ཀྱི་རེད། དེ་ལ་ཐོབ་ཐང་ག་འདྲ་ཞིག་དགོས་ཀྱི་རེད། དེ་ཁྱབ་ཆེ་ཆུང་ག་འདྲ་ཞིག་རེད་ཟེར་བ་དེ་ཚོའི་ཐོག་ལྟ་ཚུལ་མི་མཐུན་པ་དང༌། ཆིངས་སྒྲིག་བྱེད་དགོས་ཡོང་རྒྱུ་ཡིན་ནའང་དེ་ཚོ་འགལ་ཟླ་དང་བར་ཁྱད་ཆེན་པོ་གང་ཡང་མ་རེད། དེ་འདྲ་ཡིན་ཙང་ང་ཚོས་ཞི་མོལ་ཡོང་རྒྱུའི་རེ་བ་ཡོད་ཅེས་ཞུ་རྒྱུའི་རྒྱུ་མཚན་གཅིག་དེ་ཡིན། དེ་དང་ཆབས་ཅིག་ཏུ་ཚང་མས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། རྒྱལ་སྤྱིའི་གནས་སྟངས་ཉིན་རེ་བཞིན་འགྱུར་བ་འགྲོ་བ་དང༌། རྒྱ་ནག་གི་ནང་གནས་སྟངས་ཉིན་རེ་བཞིན་འགྱུར་བ་འགྲོ་བཞིན་པ་ཡིན་ཙང་ཧ་ཅང་མགྱོགས་ཚད་མཐོ་བའི་འཛམ་གླིང་དང་རྒྱ་ནག་གི་འགྱུར་འགྲོས་དེ་ལ་ང་ཚོས་སྤྱང་གྲུང་དོད་པོས་ཞིབ་འཇུག་དང་གོ་སྐབས་བླང་དགོས་པ་དང༌། གོ་སྐབས་བླང་རྒྱུ་ཡོད་པ་ཞིག་གཟིགས་དགོས་རྒྱུ་དེ་ང་ཚོའི་རེ་བའི་རྒྱུ་མཚན་གཅིག་ཆགས་ཀྱི་རེད་བསམ་གྱི་འདུག

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
ངའི་འཕྲོས་དོན་དྲི་བ་ཁག་གཉིས་ཙམ་ཆགས་སྡོད་ཀྱི་འདུག ད་ལྟ་ཐོག་མའི་དྲི་བ་དང་འཕྲོས་དོན་དྲི་བའི་བཀའ་ལན་ཐོག་ནས་གང་འཚམས་གསལ་བཤད་གནང་གྲུབ་སོང༌། ཡིན་ནའང་གནད་དོན་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་གསལ་པོ་མ་ཆགས་པའི་གནད་དོན་ད་ལྟའང་ལྷག་སྡོད་ཀྱི་འདུག དེ་འདྲ་སོང་ཙང་བཀའ་འདྲི་ཞུ་རྒྱུར། ང་རང་ཚོའི་སྐུ་ཚབ་རིམ་པས་ཕེབས་ནས་རེ་བ་ཞིག་གཟིགས་བསྡད་རྒྱུ་ང་རང་ཚོའི་སྐུ་ཚབ་ནས་བཀའ་མོལ་གནང་བའི་སྐབས་རྒྱ་དམར་གྱི་ཡིག་ཆ་དཀར་པོའི་ནང་ཡོངས་གྲགས་བཤད་པ་དེ་ལས་གཞན་པ་ཞིག་དང༌། དེ་ལས་བཟང་བའི་གནས་ཚུལ་དེ་འདྲ་ཡོད་པ་ཡིན་ནམ། ཡང་གལ་ཏེ་ནང་དོན་གསང་བ་ཡིན་ན་མ་གསུང་ན་འགྲིགས་རྒྱུ་རེད། བཀའ་འདྲི་ཞུ་རྒྱུ་གཅིག་དེ་ཡིན།
དེ་ནས་ད་ལྟ་འཕྲོས་པའི་ཞོར་ལ་བཀའ་ཕེབས་པ་བཞིན། གཞི་རྩའི་འགལ་ཟླ་ཆེ་ཤོས་རང་བཙན་ངོ་བོའི་ཐོག་ནས་རྩོད་གླེང་བྱེད་རྒྱུ་དེ་ ༧༩ ལོ་ནས་སེལ་ཟིན་པ་དེ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་ད་ལྟའི་ཆ་ལའང་ཁོ་ཚོས་ཆ་རྐྱེན་གསུམ་བཏོན་པ་དང༌། དེ་མིན་ད་ལྟ་འདིར་བཀའ་ཕེབས་པ་བཞིན་རྒྱབ་ཤ་དཀར་པོའི་ནང་བཏོན་པའི་གནད་དོན་དེ་དག་ང་ཚོས་བཀའ་མོལ་ཞུ་རྒྱུའི་གཞི་རྩ་ལ་རྩ་བ་ནས་བཞག་ཐུབ་རྒྱུ་ཡོད་མ་རེད་གསུང་རྒྱུ་དེའང་ལྡོག་ཏུ་མེད་པའི་འགལ་ཟླ་ཞིག་ཆགས་བསྡད་ཀྱི་ཡོད་པའི་གནས་ཚུལ་དེ་ག་རང་རེད། བྱས་ཙང་དེ་ཚོའི་ཐོག་ནས་སོ་སོའི་སེམས་ནང་ལ་དྭོགས་པ་རྒྱུན་མ་ཆད་པ་སླེབས་རྒྱུ་ཞིག་ཆགས་ཀྱི་འདུག ང་རང་ཚོའི་དེ་སྔ་ཕན་ཆད་ཀྱི་གསུམ་བཅུའི་དུས་དྲན་ཁག་གི་གསུང་བཤད་ནང་ལ་ཡིན་ནའང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཟེར་རྒྱུ་དེ་ཡོད་བསྡད་པ་ཞིག་དང༌། ཁ་སང་ང་རང་ཚོའི་བསྐྱར་ཞིབ་སྙན་ཐོའི་ནང་ལ་ཆོལ་གསུམ་ཡོངས་རྫོགས་ཞེས་བཀོད་གནང་བའི་ཚིག་དེ་གཉིས་དབར་ཁ་སང་འགྲེལ་བཤད་གནང་དུས་ཆོལ་ཁ་གསུམ་ཟེར་རྒྱུ་དེའི་ཁོངས་སུ་འདུས་མ་ཐུབ་པའི་བོད་རིགས་ས་ཁུལ་མང་པོ་ལྷག་བསྡད་ཡོད་རེད། བྱས་ཙང་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བ་ཞེས་ལབ་མེད། ཆོལ་གསུམ་ཡོངས་རྫོགས་ཞེས་པའི་ཚིག་དེ་འགྱུར་བ་བཏང་བའི་རྒྱུ་མཚན་དེ་འདྲ་རེད་ཅེས་ཁ་སང་གསལ་བཤད་དེ་འདྲ་ཞིག་གནང་སོང༌། གལ་ཏེ་དེ་ཡིན་ན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཞེས་ལབ་ནའང་འདྲ། ཆོལ་གསུམ་ཡོངས་རྫོགས་ལབ་ནའང་འདྲ། གང་ལྟར་ཆོལ་གསུམ་སྨྲས་ཚར་བའི་རྗེས་ལ་ཆོལ་གསུམ་ནང་ལ་མ་གཏོགས་པའི་ས་ཆ་དེ་ཚིག་དེས་ཚུར་བསྡུས་ཐུབ་ཀྱི་མི་འདུག བྱས་ཙང་འགྲེལ་བཤད་དེས་ལ་དག་གི་མི་འདུག དེ་འདྲ་སོང་ཙང་ཡོངས་རྫོགས་དང་གཅིག་བསྒྲིལ་འགྱུར་བ་འགྲོ་དགོས་པའི་རྒྱུ་མཚན་གཞན་གང་ཡིན་ནམ།

བཀའ་ལན།
ཉིན་མ་གཉིས་སྔོན་ལ་ཞུས་པའི་གསལ་བཤད་དེ་གསལ་པོ་གསན་ཡོད་པའི་བཟོ་མི་འདུག ད་ལྟ་ལན་ཞུས་པ་དེ་ཡང་གསལ་པོ་གསན་གྱི་ཡོད་མེད་མ་ཤེས། ཡིན་ནའང་དྲི་བར་ལན་འདེབས་ཞུ་རྒྱུ་ང་ཚོའི་ལས་འགན་ཡིན་ཙང་འབད་བརྩོན་ཞུ་རྒྱུ་ཡིན། རྒྱབ་ཤ་དཀར་པོའམ་ཤོག་བུ་དཀར་པོའི་ནང་ཡོད་པའི་ནང་དོན་ལས་ལྷག་པའི་གནས་ཚུལ་གཞན་ཞིག་སྐུ་ཚབ་ཚོགས་ཆུང་ཕེབས་པའི་སྐབས་ལ་གོ་ཐོས་བྱུང་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ད་ལྟ་ང་ཚོའི་སྐུ་ཚབ་ཚོགས་ཆུང་དེ་ཞི་མོལ་གོ་སྒྲིག་དང་འབྲེལ་མཐུད་བྱེད་མཁན་རེད་མ་གཏོགས། ཞི་མོལ་གནང་མཁན་མ་རེད། ཞི་མོལ་འགོ་བཙུགས་ཡོད་མ་རེད། བྱས་ཙང་ཞི་མོལ་གྱི་གཞི་རྩ་ག་རེ་རེད། ཤོག་བུ་དཀར་པོའི་ནང་དོན་དེ་རེད་དམ་དེ་ལས་གཞན་ཞིག་རེད། དེ་འདྲའི་བགྲོ་གླེང་བྱུང་ཡོད་མ་རེད། འཕྲོས་དོན་དྲི་བ་སྔོན་མའི་ལན་དུ་ཤོག་བུ་དཀར་པོ་དེ་ཞི་མོལ་གྱི་གཞི་རྩའི་ཡིག་ཆར་ང་ཚོའི་ངོས་ནས་ངོས་འཛིན་བྱེད་ཀྱི་མེད་ཅེས་ཞུས་ཟིན་པ་ཡིན། རྒྱ་མིའི་ངོས་ནས་ཀྱང་དེ་ཞི་མོལ་གྱི་གཞི་རྩའི་ཡིག་ཆ་ཡིན་ཞེས་ལབ་ཡོད་མ་རེད། དེ་ནི་འདས་པའི་བྱུང་རབས་དང་ད་ལྟའི་གནས་བབ་གསལ་བཤད་བྱེད་པའི་ཡིག་ཆ་ཞིག་རེད། མ་འོངས་པའི་ཞི་མོལ་གྱི་གཞི་རྩ་ཡིན་ཞེས་ཕྱོགས་གཉིས་ཀ་ནས་ལབ་ཀྱི་ཡོད་མ་རེད། ཞི་མོལ་འགོ་བཙུགས་པའི་སྐབས་ལ་ཕྱོགས་གཉིས་ཀ་ནས་གཞི་རྩའི་ལྟ་གྲུབ་ཅིག་དང་ཕྱོགས་གཉིས་ཀ་ནས་ཁས་ལེན་བྱེད་ཐུབ་པའི་གྲོས་གཞི་གཅིག་གསར་དུ་བཟོ་དགོས་ཀྱི་རེད། ང་རང་ཚོའི་ངོས་ནས་ཞི་བའི་དོན་ཚན་ལྔ་དང་སི་ཊ་ས་སྦག་གི་གསུང་བཤད་གཉིས་བསྡོམས་པ་དེ་ང་ཚོའི་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་དང་བོད་རྒྱ་ཞི་མོལ་གྱི་གྲོས་གཞིའང་ཡིན་པ་ཡང་ཡང་གསལ་བརྗོད་བྱས་ཟིན་པ་ཡིན། ཡང་གཞི་རྩའི་མི་མཐུན་པ་བསལ་ཚར་བ་ཡིན་ནའང་སྔོན་འགྲོའི་ཆ་རྐྱེན་གསུམ་ལ་སོགས་པ་ད་ལྟའང་གཞི་རྩའི་མི་མཐུན་པ་མང་པོ་ཡོད་རེད་ཅེས་གསུངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། མི་མཐུན་པ་ཚང་མ་མེད་པ་ཆགས་ཚར་ན་ཞི་མོལ་མཇུག་བསྡོམས་ཚར་དགོས་ཀྱི་རེད། མི་མཐུན་པ་ཞིག་ཡོད་པ་སོང་ཙང་ཞི་མོལ་དགོས་ཀྱི་འདུག་ཅེས་ལབ་ཀྱི་ཡོད་རེད་མ་གཏོགས་ང་ཚོས་གང་ལབ་ཁོ་ཚོས་ཉན། ཁོ་ཚོས་གང་ལབ་ང་ཚོས་ཉན་ཆོག་པ་ཞིག་ཡིན་ན་ཞི་མོལ་གནང་དགོས་དོན་ཡོད་མ་རེད། ད་ལྟ་མི་མཐུན་པ་དེ་ཚོ་ཞི་མོལ་གྱི་ལམ་ནས་སེལ་མི་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། སྔོན་འགྲོའི་ཆ་རྐྱེན་རྣམས་ལ་མཚོན་པ་ཡིན་ནའང་དེ་ཚོ་ལ་ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་དང་བོད་པའི་ངོས་ནས་ལན་འདེབས་ག་རེ་བྱེད་ཀྱི་ཡོད་པ་རྒྱ་ཕྱོགས་ནས་གསལ་པོ་ཤེས་ཀྱི་ཡོད་རེད། དེ་ལས་ལྷག་པའི་ལན་ཞིག་ཡོང་རྒྱུ་མེད་པ་དེའང་ཤེས་ཀྱི་ཡོད་རེད། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལས་དོན་བྱེད་སྟངས་དེ་དམིགས་བསལ་ཅན་ཞིག་ཡིན་པར་རྩིས་ཀྱི་ཡོད་རེད། ཁོ་རང་ཚོར་དགོས་མཁོ་ནམ་བྱུང་ལ་མཚམས་རེ་སྔོན་འགྲོའི་ཆ་རྐྱེན་ལྔ་བགྲང་གི་ཡོད་རེད། མཚམས་རེ་གསུམ་བགྲང་གི་ཡོད་རེད། བྱས་ཙང་སྔོན་འགྲོའི་ཆ་རྐྱེན་དེ་ཚོ་ཧ་ཅང་གི་གལ་ཆེན་པོ་དང་དཀའ་ལས་ཁག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་ཀྱི་མ་རེད། ཡིན་ནའང་སྐུ་ཚབ་ཚོགས་པ་ཕེབས་ཐེངས་གསུམ་པ་ཚུར་ལོག་པའི་རྗེས་ལ་གསར་འགོད་གསལ་བསྒྲགས་དེའི་ནང་བཀའ་མོལ་ཞིབ་ཕྲ་བྱུང་བའི་རྗེས་སུ་ང་ཚོས་མི་མཐུན་པ་མང་པོ་ངོས་ཟིན་སོང་ཞེས་བཀོད་ཡོད། མི་མཐུན་པ་ཁ་ཤས་གཞི་རིམ་གྱི་གནད་དོན་རེད་ཅེས་དེའང་གསལ་པོ་བཀོད་ཡོད། དགོས་པ་རྒྱུ་མཚན་ཞིག་ཡོད་ནས་བཀོད་པ་རེད། དེ་བཞིན་གཞི་རིམ་གྱི་མི་མཐུན་པ་དེ་དག་ང་ཚོས་མུ་མཐུད་དེ་གྲོས་མོལ་བྱས་ནས་སངས་ཐུབ་རྒྱུ་དང་མཐུན་མོང་གི་སྡིངས་ཆ་ཞིག་རྙེད་ཐུབ་པ་དེའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཀོད་ཡོད། དེ་དག་ཞིབ་ཏུ་གཟིགས་པ་ཡིན་ན་ཟུར་བལྟས་ལེབ་མཐོང་ཡིན་བསམ་གྱི་འདུག
ཆོལ་གསུམ་ཆིག་བསྒྲིལ་དང༌། ཆོལ་གསུམ་ཡོངས་རྫོགས་ཟེར་བའི་ཚིག་གཉིས་པོ་དེ་ཁ་སང་འགྲེལ་བཤད་ཞུས་དུས་ངས་དབུ་མའི་ལམ་གྱི་གཞི་རྩའི་ལྟ་གྲུབ་ཀྱི་རིག་པའི་གཞུང་ལུགས་སི་ཊ་སི་སྦག་གི་གསུང་བཤད་དེ་རེད། སི་ཊ་སི་སྦག་གི་གསུང་བཤད་དེ་ཐོག་མ་དབྱིན་ཇིའི་སྐད་ནང་བྲིས་ནས་བོད་སྐད་དུ་བསྒྱུར་བ་རེད། དབྱིན་སྐད་ནང་ཆིག་བསྒྲིལ་ཟེར་བའི་ཚིག་དེ་མི་འདུག དེའི་ནང་ཡོངས་རྫོགས་ཟེར་བའི་ཚིག་དེ་ཡོད་པ་རེད། དེ་ཙམ་མ་ཟད་ཆིག་བསྒྲིལ་ཟེར་བའི་ཚིག་དེ་ལ་གོ་བ་དང་འགྲེལ་བཤད་འདྲ་མིན་རྒྱག་མཁན་ཡོང་གི་ཡོད་རེད། དེ་འདྲ་སོང་ཙང་སྔོན་མ་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་བཀའ་མོལ་བྱུང་བ་ལྟར་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཟེར་བའི་ཚིག་དེ་ལས་ཆོལ་གསུམ་ཡོངས་སུ་རྫོགས་པ་ཟེར་བའི་ཚིག་དེ་གོ་བདེ་བ་ཡིན་ཙང་གཞུང་གི་ཡིག་ཆའི་ནང་ཆོལ་གསུམ་ཡོངས་སུ་རྫོགས་པ་ཞེས་ཚིག་དེ་བེད་སྤྱོད་གཏོང་བ་ཡིན་ཞེས་ཁ་སང་ཞུས་ཟིན་པ་ཡིན། བོད་རིགས་ཡོངས་རྫོགས་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་དགོས་དོན་ནི་དེང་སང་ཆོལ་གསུམ་གྱི་ཕྱི་ལའང་བོད་རིགས་མང་པོ་ཞིག་ཡོད་པ་ཡིན་ཙང་ཆོལ་གསུམ་ཡོངས་རྫོགས་ཟེར་ཡང་ཆོལ་གསུམ་ནང་མ་གཏོགས་པའི་བོད་རིགས་དེ་ཚོ་མ་ཚུད་པ་ཡིན་ན་མི་འགྲིག་པས་བོད་རིགས་ཡོངས་རྫོགས་ཞེས་ཚིག་དེ་རྩལ་དུ་བཏོན་དགོས་པའི་རྒྱུ་མཚན་དེ་ཡིན་ཞེས་ཁ་སང་ཞུས་པ་ཡིན་མ་གཏོགས་ཆོལ་གསུམ་ཡོངས་རྫོགས་ཟེར་བའི་ཚིག་དེས་ཆོལ་གསུམ་གྱི་ཕྱི་ལ་ཡོད་པའི་བོད་རིགས་ཚུད་རྒྱུའི་ཆེད་དུ་ཡིན་ཞེས་ཞུས་མེད། གསལ་པོ་བྱུང་ཡོད་མེད་མ་ཤེས་ཀྱང༌། འདིར་མཚམས་བཞག་ཆོག་པ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཆོས་རྒྱལ་བསྟན་འཛིན་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༢ ལས་འཕྲོས་པའི་དྲི་བ་ཁ་ཤས་ཤིག་འབུལ་རྒྱུ་ཡིན། དྲི་བ་མ་ཞུས་གོང་བཀུར་འོས་སྤྱི་འཐུས་ཕྱག་རོགས་སྤྱི་སེམས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་བསྣམས་ཕེབས་པར་དང་པོ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་གྲོས་ཚོགས་ཉིན་གཉིས་པའི་དཔལ་འབྱོར་གནས་བབ་སྐབས་ལ་བོད་རྒྱ་ཞི་མོལ་ཐོག་གླེང་སློང་ཡོང་བའི་རེ་བ་བྱས་པ་ཡིན་ཡང་གླེང་སློང་གང་ཡང་མི་གནང་བས་ད་ཆ་སྐར་རྟགས་ཅན་གྱི་དྲི་བ་གླེང་སློང་བྱུང་བ་དེ་ལ་ངས་དགའ་བསུ་ཞུ་རྒྱུ་ཡིན། དེ་ཡང་ཆབ་སྲིད་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ཁ་སྔོན་ཕྱི་ཟླ་ ༣ ཚེས་ ༩ ཉིན་དཔལ་ལྡན་བཀའ་ཁྲི་མཆོག་གི་མཚན་ཐོག་ལ་རྒྱ་གར་གྱི་གསར་འགོད་པ་ཁ་ཤས་དང་དྲི་བ་དྲིས་ལན་གནང་བ་དྲ་རྒྱའི་བརྒྱུད་ང་ཚོས་ཤེས་རྟོགས་བྱུང༌། རྒྱ་ནག་མཉམ་དུ་བཀའ་མོལ་གནང་བས་བོད་ཀྱི་གནད་དོན་འདི་གྲུབ་འབྲས་ཐོན་པའི་གྲོས་བསྡུར་ཡོང་བའི་རེ་བ་ཆེན་པོ་ཡོད་གསུངས་འདུག བཀའ་ལན་དེ་ཐོག་མར་མཇལ་མ་ཐག་ཏུ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་ལ་དགའ་ཚོར་ཞིག་སྐྱེས་སོང༌། སྐུ་ཚབ་ཐེངས་བཞི་པ་འདི་ཡང་སྐུ་ཚབ་ཀྱི་མིང་ཙམ་མ་ཡིན་པར་བོད་རྒྱ་ཞི་མོལ་དབུ་འཛུགས་ཡོང་བའི་ལམ་ལ་ཕེབས་ཀྱི་ཡོད་པ་འདྲ་པོ་ཞིག་འདུག གནས་ཚུལ་དེ་གལ་ཆེན་ཞིག་དང་ཡང་དག་པ་ཞིག་མཐོང་བསྡད་ཀྱི་ཡོད། རྒྱ་ནག་གི་ངོས་ནས་ཤེས་དགོས་པ་ཞིག་གང་ཆགས་བསྡད་ཡོད་རེད་ཅེ་ན། བོད་རྒྱ་ཞི་མོལ་གྱི་དཀའ་ངལ་སེལ་རྒྱུའི་དུས་ཚོད་བཟང་ཤོས་དེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༨༧་་༨༨ སི་ཊ་སི་སྦག་ཐོག་ལ་ཞི་བའི་བཀའ་སློབ་གནང་བ་དེ་བསམ་ཤེས་ཡག་པོ་དང་གོ་རྟོགས་ཡང་ན་དགོངས་བཞེས་ནན་པོ་གནང་བས་ཞི་མོལ་དངོས་སུ་ཚུགས་རྒྱུར་གོམ་པ་སྤོ་དགོས་ཀྱི་འདུག་བསམ་གྱི་འདུག དེ་འདྲའི་གོ་སྐབས་དེ་རྒྱ་ནག་ངོས་ནས་མ་ཤེས་པ་ཡིན་ན་མ་འོངས་པར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་ནས་བོད་ཀྱི་གནད་དོན་ཐོག་ལའང་འགྱུར་བ་མི་འགྲོ་བ་མི་སྲིད་པ་མ་ཡིན། དེ་བས་རྒྱ་ནག་གི་ཆབ་སྲིད་པ་ཚོས་གོ་བ་ཡག་པོ་ལེན་ནས་བསམ་ཤེས་བྱས་པའི་ཐོག་བོད་རྒྱ་ཞི་མོལ་གྱི་ལམ་ལ་གོམ་པ་སྤོས་དགོས་ཀྱི་འདུག དེ་འདྲ་ཡིན་སྟབས་རྒྱ་ནག་ངོས་ནས་ཧ་གོ་དགོས་རྒྱུ་དང༌། ལྷག་པར་དུ་བོད་མི་ཚང་མས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཀྱི་འགྱུར་བ་ཇི་ལྟར་འགྱུར་བཞིན་ལ་ཞིབ་དཔྱད་ཀྱིས་དགོངས་བཞེས་དང༌། ང་ཚོའི་ངོས་ནས་ཞི་མོལ་གནང་ཕྱོགས་ལ་དགོངས་བཞེས་ཏོག་ཙམ་ཟབ་རྒྱས་གནང་རྒྱུ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། ངའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ། ཁ་སང་རྒྱ་གར་གྱི་གསར་ཤོག་ལ་ཐོན་པའི་རྒྱ་ནག་གི་སྲིད་བློན་ཟླ་བ་རྗེས་མར་རྒྱ་གར་ལ་གང་མགྱོགས་ཕེབས་ཀྱི་ཡོད་པ་རྒྱ་གར་གསར་ཤོག་ཁག་ནང་གསལ་ཡོད། རྒྱ་ནག་གི་སྲིད་བློན་རྒྱ་གར་ཕེབས་པའི་ཉིན་བོད་ཀྱི་དཀའ་རྙོག་གླེང་སློང་ཡོང་བའི་རེ་བ་རྒྱ་གར་གྱི་མཁས་པ་ཁག་གིས་གནང་གི་ཡོད་ས་རེད། དེ་འདྲ་ཡིན་པ་སོང་ཙང་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་ཕེབས་པའི་སྐབས་སུ་རང་གཞུང་བཀའ་ཤག་ནས་བོད་རྒྱ་ཞི་མོལ་སྐོར་ལ་སྲིད་འཛིན་དང་དངོས་སུ་འབྲེལ་བ་མ་བྱས་ན་ཡང་ཐབས་ལམ་གཞན་བརྒྱུད་ནས་འབྲེལ་བ་གནང་བའི་དགོངས་བཞེས་ཡོད་དམ་མེད་ཞུ་རྒྱུ་གཅིག་དང༌། གཉིས་ནས་ད་ལྟའི་སྐུ་ཚབ་ཐེངས་བཞི་པ་འདི་སྐུ་ཚབ་ཀྱི་མིང་ཙམ་མ་ཡིན་པར་ཞི་མོལ་དངོས་སུ་ཚུགས་རྒྱུར་གོམ་པ་སྤོས་ཡོད་དམ་མེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་འཕྲོས་དོན་དྲི་བའི་སྔོན་འགྲོར་གསུངས་པའི་བཀའ་མོལ་དེ་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་གསན་པ་དང་དགོངས་པར་འཇགས་པའི་རེ་བ་བྱེད་ཀྱི་ཡོད། འཕྲོས་དོན་དྲི་བ་དང་པོར་ཟླ་བ་རྗེས་མར་རྒྱ་མིའི་སྲིད་བློན་སྲིད་འཛིན་ཞེས་གསུངས་སོང་སྟེ་སྲིད་བློན་ལ་གསུང་གི་ཡོད་རྒྱུ་རེད་སྙམ། རྒྱ་གར་དུ་ཕེབས་སྐབས་བཙན་བྱོལ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཞུ་རྒྱུའི་འཆར་གཞི་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། དེ་འདྲའི་འཆར་གཞི་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན།
སྐུ་ཚབ་ཚོགས་ཆུང་ཐེངས་བཞི་པ་དེ་དངོས་སུ་ཞི་མོལ་གནང་མཁན་ཚོགས་ཆུང་གི་ངོ་བོར་ཕེབས་ཐུབ་ཀྱི་རེད་དམ་ཞེས་གསུངས་སོང༌། ཕེབས་ཐེངས་བཞི་པ་ཞི་མོལ་གནང་མཁན་གྱི་ངོ་བོར་ཕེབས་ཐུབ་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན། ཕེབས་ཐེངས་བཞི་པ་དེ་ཕེབས་ཐེངས་གསུམ་པའི་སྐབས་བྱུང་བའི་བཀའ་མོལ་རྣམས་ལ་ལན་འདེབས་བྱ་རྒྱུ་དང༌། ཞི་མོལ་གྱི་གྲོས་འཆར་གཏན་འབེབས་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཕེབས་ཀྱི་རེད། དེ་འདྲ་སོང་ཙང་ཕེབས་ཐེངས་བཞི་པ་དེའང་འབྲེལ་མཐུད་པའི་ངོ་བོ་མ་གཏོགས། ཞི་མོལ་གནང་མཁན་གྱི་ངོ་བོ་ལ་ཕེབས་ཐུབ་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
འཕྲོས་དོན་དྲི་བ་ཁ་ཤས་ཤིག་ཞུ་རྒྱུ་ཡོད། དེ་མ་ཞུ་གོང་ལ་སྔོན་འགྲོའི་གཏམ་བཤད་འདྲ་པོ་ཕྲན་བུ་ཞིག་ཞུ་ཆོག་པའི་སྐྱབས་འཇུག་གནང་རོགས་གནང་ཞུ་རྒྱུ་ཡིན། ལམ་དབུ་མའི་དགོངས་གཞི་ལྟར་ཞི་མོལ་ཡོང་ཐབས་ལ་ད་ལྟ་ཁོར་ཡུག་སྐྲུན་བཞིན་པའི་གནས་སྟངས་ཆགས་ཀྱི་ཡོད་རེད་ལ། དེའི་ཐོག་ལ་ཐུགས་རེ་ཆེན་པོ་ཞིག་གནང་གི་ཡོད་རེད། ཡིན་ནའང་ང་རང་གི་བསམ་ཚུལ་ལ་རྒྱ་མིས་སྔ་བར་ཕྱི་གསུམ་གྱི་བྱེད་སྟངས་གང་ལ་བལྟས་པ་ཡིན་ནའང་བསམ་ཤེས་དང་དོན་ལ་ཕན་པ་ཞིག་བྱས་ཨེ་ཡོང་བསམ་གྱི་འདུག རྩ་བའི་ང་ཚོ་ལ་མི་མཐུན་པའི་དཀའ་རྙོག་མང་པོ་ཞིག་ཡོད་པ་དེ་ཚོ་སེལ་རྒྱུ་ལ་དུས་ཚོད་འགོར་གྱི་ཡོད་རེད། ཡིན་ན་ཡང་བོད་རྒྱ་གཉིས་ང་རྒྱུས་ཁོ་དང་ཁོ་རྒྱུས་ང་རེད། བོད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་རྒྱ་མིས་ཧ་གོ་གི་ཡོད་རེད། རྒྱ་མིའི་བྱེད་སྟངས་སྤྱོད་སྟངས་ཆ་ཚང་ང་ཚོས་ཧ་གོ་གི་ཡོད་རེད། བྱས་ཙང་རྒྱ་མིས་སྐབས་རེ་ཡིན་མདོག་དང་སྐབས་རེ་མིན་མདོག་བཤད་ཀྱི་ཡོད་རེད། གང་ལྟར་དུས་ཚོད་ཡུན་རིང་པོ་ཞིག་འབུད་རྒྱག་བརྒྱབས་པ་ཡིན་ན་ང་ཚོའི་ལས་འགན་དེ་གང་འཚམས་ཤིག་ནས་མི་འགྲིག་པ་ཞིག་ཆགས་རྒྱུའི་ཉེན་ཁ་འདུག རྡོག་རྡོག་སྙིང་པོ་འདྲ་པོ་ནི་ཉེ་དུས་རྒྱ་མིས་ཤོག་བུ་དཀར་པོའི་ཡིག་ཆ་བཏོན་ཡོད་རེད། དེ་བཞིན་ཉེ་དུས་རྒྱ་ནག་མི་མང་འཐུས་མི་ཚོགས་འདུ་ཚོགས་ནས་གྲོས་ཆོད་འདྲ་པོ་བཞག་ཡོད་རེད། དེའི་རྗེས་ཟློས་ལྟ་བུར་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་ཚོགས་འདུ་ཟེར་བ་ཞིག་ཚོགས་འདུག་པ་དེས་ཀྱང་བོད་དོན་ཐོག་ལ་ཁ་བྲལ་རིང་ལུགས་པ་ལ་རྡུང་རྡེག་གཏོང་སྟངས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་རེད། དེ་ཚོ་ཐུགས་སྣང་བྱུང་ཡོད་ཀྱི་རེད། དེ་འདྲའི་ཐོག་ཞུ་རྒྱུ་མང་པོ་ཞིག་འདུག་སྟེ་དུས་ཚོད་ཐུང་ཐུང་དང་ཞུ་རྒྱུའི་གོ་སྐབས་འདྲ་པོ་དེ་མེད་པ་སོང་ཙང་ཞུ་རྒྱུ་མིན། མཐའ་དོན་འདྲ་པོ་ནི་གལ་སྲིད་རྒྱ་མིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་བདེན་པ་བདེན་ཐུབ་ཀྱི་བསམ་ཤེས་མ་བྱས་པར་དུས་ཚོད་རིམ་འགྱངས་ཕྱིན་པ་ཡིན་ན། ང་ཚོའི་སྲིད་བྱུས་འཛིན་ཕྱོགས་དང་ཕྱག་ལས་གནང་སྟངས་ད་མུས་རང་གི་ཐོག་ལ་བཞུགས་ཀྱི་རེད། དེ་མ་ཡིན་པའི་དགོངས་པ་བཞེས་ཀྱི་རེད།

བཀའ་ལན།
ངེས་མེད་རྒྱ་མིས་བསམ་གཞིགས་མ་བྱས་པ་ཡིན་ན་སྐབས་དེ་དུས་བལྟ་རྒྱུ་ཞིག་རེད་མ་གཏོགས་ད་ལྟ་ཁོང་ཚོས་བསམ་གཞིགས་བྱེད་ཀྱི་ཡིན་ཞེས་ལབ་བསྡད་པའི་སྐབས་རེད།

སྤྱི་འཐུས་བསོད་ནམས་ཚེ་རིང་ཕར་སི་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༢ པ་ལ་འཕྲོས་དོན་དྲི་བ་བཞི་ཆགས་ཀྱི་འདུག དང་པོ་བོད་རྒྱ་ཞི་མོལ་གྱི་ཆེད་དུ་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་འཛིན་སྟངས་དང༌།ལྷག་པར་དུ་བོད་ཀྱི་ཐོག་ལ་འགྲེལ་བརྗོད་བྱེད་སྟངས་ཁ་ཡོད་ལག་ཡོད་ཀྱི་ཕྱག་ལས་གནང་ཕྱོགས་ཀྱི་ཐོག་ལ་ཉམས་ཞིབ་གནང་གི་ཡོད་རེད་དམ། ཉམས་ཞིབ་གནང་ནས་དེ་དག་ལ་བསྐྱར་ཞིབ་གནང་གི་ཡོད་རེད་དམ། དེ་འདྲའི་སྐབས་ལ་བཙན་བྱོལ་བོད་གཞུང་གིས་དུས་ནས་དུས་སུ་གང་བྱེད་དགོས་པ་དེ་དག་ཏག་ཏག་ཅིག་བྱེད་ཐུབ་ཀྱི་ཡོད་རེད་དམ། གཉིས་པ་ང་རང་གིས་གོ་ཐོས་ལ་སྐུ་ཚབ་ཐེངས་གསུམ་པ་ཕེབས་དུས་ཞི་མོལ་འགོ་མ་ཚུགས་པའི་སྔོན་ལ་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་བསྒྲུབ་དགོས་པའི་ཐོ་ཞིག་ཡོད་རེད་ཅེས་གོ་སོང༌། ཐོ་དེ་ཡོད་མེད་ཅིག་བཀའ་འདྲི་ཞུ་རྒྱུ་དང༌། ཡོད་པ་ཡིན་ན་གལ་སྲིད་གསང་བ་མིན་པར་གྲོས་ཚོགས་ལ་གསུངས་ཆོག་པ་ཡིན་ན་གསུངས་རོགས་གནང༌། གསང་བ་ཡིན་ན་ད་ལྟའི་ལས་དོན་ཚོགས་ཆུང་Task Forceཕྱག་ལས་གནང་མཁན་ཚང་མའི་རྩ་ནས་ཁས་ལེན་ཞུས་ཡོད་རེད་དམ། མཐའ་མར་ཞུ་རྒྱུར། ཐུགས་ཕན་གསོས་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་དེ་ཚོད་དཔག་གི་ཐོག་ནས་བྱེད་བཞིན་པའི་གནས་ཚུལ་ལ་གཟིགས་ནས་རེ་བ་དེ་ངེས་ཅན་གྱི་དུས་ཚོད་ཅིག་ལ་འགྱུར་རྒྱུའི་དུས་ཚོད་ཅིག་ཡོད་དམ་མེད། རེ་བ་དེ་དུས་ཚོད་ངེས་ཅན་ཞིག་ཐུགས་ལ་གཟིགས་ཀྱི་ཡོད་མེད་ཅིག་བཀའ་ལན་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
བཙན་བྱོལ་གཞུང་གིས་བོད་རྒྱ་ཞི་མོལ་གྱི་ལས་དོན་ཆེད་དུ་རྒྱ་མིས་བོད་ལ་འཛིན་པའི་སྲིད་བྱུས་དང༌། དུས་ནས་དུས་སུ་བྱུང་བའི་གནས་ཚུལ་ཁག རྒྱ་མིའི་འགོ་ཁྲིད་རྣམས་ཀྱི་གལ་ཆེའི་གཏམ་བཤད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་བཅས་ལ་ཉམས་ཞིབ་མུ་མཐུད་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་སུ་བརྒྱུད་ལམ་མི་འདྲ་བ་ལྔའི་བརྒྱུད་ནས་ཉམས་ཞིབ་དང༌། དེ་ཚོའི་ཕྱོགས་བསྡོམས་ཐོག་བསྐྱར་ཞིབ་ཀྱང་བྱེད་ཀྱི་ཡོད།
ཡང་སྐུ་ཚབ་ཚོགས་པ་ཕེབས་ཐེངས་གསུམ་པའི་སྐབས་རྒྱ་གཞུང་གིས་བཙན་བྱོལ་གཞུང་དང་བཙན་བྱོལ་བོད་མིས་བསྒྲུབ་དགོས་པའི་ལས་དོན་གྱི་ཐོ་ཞིག་སྤྲད་ཡོད་རེད་ཅེས་ཤོད་ཀྱི་འདུག དེ་འདྲ་ཡོད་རེད་དམ་ཞེས་གསུངས་སོང༌། དེ་འདྲའི་ཐོ་སྤྲད་ཡོད་མ་རེད་ཞུ་རྒྱུ་ཡིན། བཙན་བྱོལ་གཞུང་དང་ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་དབུ་མའི་ལམ་གྱི་ཐོག་ལྷག་བསམ་རྣམ་དག་གིས་མ་ཕེབས་པར་གོ་སྐབས་མང་པོར་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་གྱི་སྐོར་བཀའ་མོལ་མང་པོ་གནང་འདུག་ཅེས་གསར་འགོད་གསལ་བསྒྲགས་སོགས་ཀྱི་དུས་ཚོད་འཁོད་པའི་ཚིག་ཐོ་ཞིག་ཡོད་རེད། དེ་ལས་གཞན་པའི་ལས་དོན་བྱེད་དགོས་ཀྱི་ཐོ་ཡོད་མ་རེད་ཞུ་རྒྱུ་ཡིན།
ཡང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་Task Forceནང་ཡོད་པའི་ཚོགས་མི་ཚང་མས་གསང་རྒྱའི་དམ་བཅའ་ལེན་ཡོད་རེད་དམ་ཞེས་གསུངས་སོང༌། དེ་འདྲའི་གསང་རྒྱའི་དམ་བཅའ་ལེན་པའི་ལུགས་སྲོལ་ཡོད་མ་རེད། ཚོགས་མི་ཚང་མ་གཞུང་ཞབས་དང་གནད་ཡོད་མི་སྣ་ཤ་སྟག་ཡིན་སྟབས། ཁོ་ཚོས་གསང་བ་གནང་བའི་ཡིད་ཆེས་བྱེད་ཀྱི་ཡོད། ལར་ནས་གཞུང་ཞབས་ཚོར་གསང་བའི་དམ་བཅའ་ལེན་དགོས་པའི་སྒྲིག་གཞིའི་ཆ་རྐྱེན་ཡང་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།
ཡང་ཕུགས་རེ་དེ་ལག་ལེན་འཁེལ་བ་ཞིག་ག་དུས་ཡོང་གི་རེད། དུས་ཚོད་ངེས་ཅན་གྱི་མཚམས་ཤིག་ཡོད་དམ་ཞེས་གསུངས་སོང༌། ད་ལྟ་དེ་འདྲའི་མཚམས་བཟུང་མེད་ནའང་རིང་མིན་དུས་ཚོད་ངེས་ཅན་ཞིག་གི་ནང་བཟང་ཐག་ངན་ཐག་ཆོད་དགོས་པའི་མཚམས་ཤིག་ངེས་པར་བཟུང་དགོས་པ་མ་གཏོགས་དུས་ཚོད་ངེས་མེད་ཀྱི་བར་བསྒུག་མི་ཐུབ་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ཡིན་ནའང་ངས་སྔོན་མ་ཞུས་པ་བཞིན་བོད་རྒྱ་ཞི་མོལ་གྱི་ལས་རིམ་ཐོག་ལོ་ཉི་ཤུ་རྩ་གསུམ་གྱི་རིང་ལ་གྲོས་ཚོགས་དང་མང་ཚོགས་གཉིས་ཀའི་ནང་སྒུག་ཡུན་མ་ཆོག་པའི་བསམ་ཚུལ་བྱུང་མེད་ཀྱང༌། ཉེ་བའི་ལོ་གཉིས་གསུམ་ནང་དེའི་བསམ་ཚུལ་དེ་ཤུགས་ཆེ་རུ་ཕྱིན་སོང་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༢ པའི་ཐོག་ལ་འཕྲོས་དོན་དྲི་བ་ཐུང་ཐུང་ཞིག་ཞུ་འདོད་བྱུང་སོང༌། ང་ཚོའི་གྲོས་ཚོགས་འདིའི་ཐོག་ནས་གཏན་འབེབས་བྱས་པའི་སྲིད་བྱུས་དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་བོད་རྒྱ་ཞི་མོལ་གྱི་ཐོག་ལ་འབྲེལ་མཐུད་སླད་ཐུགས་འགན་བཞེས་བཞིན་པ་རེད། ལྷག་པར་དུ་སྐུ་ཚབ་རིམ་པས་ཐབས་ཤེས་གནང་དང་གནང་བཞིན་པ་རེད། དེ་འདྲ་ཡིན་དུས་ང་ཚོ་གྲོས་ཚོགས་ནས་གཏན་འབེབས་བྱས་པ་དེ་ང་ཚོའི་རྒྱལ་ཁབ་ཀྱི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་རེད། སྲིད་བྱུས་དེའི་ཐོག་ལ་ང་ཚོ་རྒྱ་ཆེའི་མི་མང་གི་མི་རེ་ངོ་རེས་དེའི་ཐོག་ལ་དོ་སྣང་ཤུགས་ཆེན་པོ་གནང་དགོས་ཀྱི་ཡོད་པ་དང༌། ལྷག་པར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ནའང་རེད། སྒེར་སོ་སོའི་ངོས་ནས་ཡིན་ནའང་རེད། རྒྱ་ཆེའི་མི་མང་གི་རྣམ་འགྱུར་སྟོན་སྟངས་ངོས་ནས་ཡིན་ནའང་རེད། ག་རེ་ཆ་ནས་ཡིན་ནའང་ཕན་གནོད་ཞེ་དྲགས་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་འདྲ་ཡིན་ནའང་བོད་ཀྱི་ཆབ་འབངས་སུ་གཏོགས་ཀྱི་ཡོད་རེད། རྒྱལ་ཁབ་ཀྱི་སྲིད་བྱུས་ལག་ལེན་བསྟར་དགོས་ཡོད་རེད། དེ་འདྲ་ཡིན་དུས་རྒྱལ་ཁབ་ཀྱི་སྲིད་བྱུས་གཞིར་བཟུང་དེའི་ཐོག་ལ་ད་བར་དུ་གཞུང་གིས་འབྲེལ་མཐུད་གནང་གི་ཡོད་པ་དེ་འདྲའི་ཐོག་ནས་སྤྱིར་བཏང་རྣམ་རྟོག་ལ་མཐའ་ཡོད་མ་རེད་དེ། རྒྱ་མིས་དྭོགས་པ་ག་ཚོད་ཟ་ནའང་མཐའ་ཡོད་མ་རེད། ཟ་ནའང་ཟ། ཁོར་ཡུག་སྐྲུན་སྟངས་ཀྱི་ཐོག་ནས་ཡིན་ནའང་དངོས་གནས་རྒྱལ་སྤྱིའི་ནང་དུ་དངོས་གནས་བོད་པའི་ངོས་ནས་སྲིད་བྱུས་གཞིར་བཟུང་གིས་མཐོང་རྒྱུ་ཡོད་པ་ཞིག་བཏོན་དགོས་པ་ཞིག་དང༌། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཁོར་ཡུག་སྐྲུན་སྟངས། རྣམ་པ་བཏོན་སྟངས། བཀའ་མོལ་གནང་སྟངས་ཐོག་ལ་འདོད་བློ་མ་ཁེངས་པ་དེ་འདྲ་བྱུང་ཡོད་དམ། དེའི་ཐོག་འཛིན་སྐྱོང་བཀའ་ཤག་དང་བཀའ་བློན་ཁྲི་པའི་ངོས་ནས་ལས་འགུལ་གང་སྤེལ་འཆར་ཡོད་དམ།

བཀའ་ལན།
ཞི་མོལ་གྱི་ཁོར་ཡུག་བསྐྲུན་རྒྱུའི་ཐོག་མང་ཚོགས་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཡག་པོ་ཐོབ་ནས་འདོད་བློ་ཁེངས་པ་ཡང་བྱུང་སོང༌། འདོད་བློ་མ་ཁེངས་པ་ཡང་མང་པོ་བྱུང་སོང༌། བཙན་བྱོལ་བོད་གཞུང་གི་བྱེད་སྟངས་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ན་འགྲིག་གི་རེད། མི་རེ་རེས་བསམ་བློ་རེ་རེ་འཁྱེར་ཆོག་གི་རེད། དེ་ལ་ང་ཚོའི་བསམ་ཚུལ་གང་ཡང་མེད། ཡིན་ནའང་ང་ཚོའི་འདོད་བློ་མ་ཁེངས་པ་ཆེ་ཤོས་ནི་བོད་མི་རེ་ཟུང་གིས་ཐད་ཀར་ྋསྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨོད་ཞུས་ཏེ་གང་བྱུང་མང་བྱུང་གི་སྐད་ཆ་བཤད་པ་དེ་ཚོ་བོད་སྤྱི་མཐུན་གྱི་བསོད་ནམས་ཉམས་པའི་རྒྱུ་དང་རྟེན་འབྲེལ་ལོག་པའི་གནས་སྟངས་ཤིག་ཆགས་སྲིད་པ་དེའི་ཐོག་ལ་བྱུང༌། འདོད་བློ་མ་ཁེངས་པ་དེ་ཚོ་སེལ་བའི་ཐབས་ཤེས་གང་བྱེད་རྩིས་ཡོད་ཅེས་གསུངས་ཀྱི་འདུག གནས་ཚུལ་དེ་ཐབས་ཤེས་བྱས་ནས་སེལ་ཐུབ་པའི་དཀའ་ངལ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་སྤྱི་མཐུན་གྱི་བསོད་ནམས་གསོག་ཐབས་དང༌། བོད་ཀྱི་འབྱུང་འགྱུར་གྱི་གནས་སྟངས་ཡག་ཏུ་འགྲོ་བའི་བྱུང་རིམ་ལ་རྟེན་འབྲེལ་མི་ལོག་པའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱ་རྒྱུ་དེ་རེད། འདས་པའི་ལོ་གཅིག་གཉིས་ཀྱི་ནང་དེའི་ཐོག་འབད་བརྩོན་གང་ཐུབ་བྱས་ཡོད། དེ་བཞིན་དུ་གྲོས་ཚོགས་ཀྱི་རྗེས་ལ་མང་ཚོགས་དང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མ་ལ་ཉེ་ཆར་གསུམ་དུས་ཀྱི་གཏམ་བཤད་ནང་ཡོད་པ་བཞིན་ཡང་བསྐྱར་ཡིག་ངག་གཉིས་ཀྱི་ཐོག་ནས་གསལ་བཤད་ཞུ་རྒྱུ་དང༌། དབུ་མའི་ལམ་གྱི་ལྟ་གྲུབ་མང་ཚོགས་ལ་གསལ་བཤད་བྱ་རྒྱུའི་ཐབས་ལམ་གང་མང་ཞིག་བསྟེན་གྱི་ཡིན་ཞུ་རྒྱུ་ཡིན།

སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
ཡིག་ཆ་ཨང་ ༡༢ པའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ། ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཐེངས་གསུམ་ཕེབས་པ་དང༌། དེ་བཞིན་ད་ལྟ་བར་དུ་ང་ཚོའི་ལས་ཀ་འགྲོ་བཞིན་པ་དེ་དུས་ཚོད་གང་ལ་གང་འཚམས་ཤིག་འགྲོ་ཚར་བ་རེད། དེ་འདྲའི་ཐོག་ནས་ད་དུང་མུ་མཐུད་ནས་རེ་བ་ཡོད་ཅེས་གསུངས་པའི་རེ་བ་དེ་ག་འདྲ་ཞིག་གནང་གི་ཡོད་དམ། གཉིས་པ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཐེངས་གསུམ་ཕེབས་པར་ཞི་མོལ་ཕར་བཞག་ནས་རྩ་བ་ནས་བོད་དོན་ཞི་མོལ་མ་བྱུང་བ་རེད། ཐེངས་བཞི་པ་ཕེབས་འཆར་དེ་ཡང་དེ་བཞིན་ཡིན་པ་ཡིན་ནམ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཀའ་བཀྱོན་གནང་རྐྱང་དང༌། ང་ཚོས་བཀའ་བཀྱོན་གཟེད་རྐྱང་ཐོག་ནས་མུ་མཐུད་ནས་གནས་ཀྱི་རེད་དམ། གསུམ་པ་ལོ་གཅིག་གཉིས་སྔོན་དུ་བཀའ་ཤག་སྐབས་བཅུ་གཉིས་པ་འདིའི་སྐབས་རྒྱ་མིའི་ངོས་ནས་བཀའ་མོལ་དངོས་སུ་གནང་ན་དེ་ག་རེད། བཀའ་མོལ་དེ་མ་གནང་བ་ཡིན་ན་ཆ་རྐྱེན་ག་འདྲ་ཞིག་ཡོད་རེད་དམ། དེ་རིང་ཁ་སང་ང་ཚོས་ཡིན་གཅིག་མིན་གཅིག་གིས་ད་དུང་ཁོར་ཡུག་བསྐྲུན་རྒྱུ་བྱེད་ཀྱི་ཡོད་རེད། ཁོར་ཡུག་བསྐྲུན་དགོས་པའི་སྲིད་བྱུས་གཏན་ལ་ཕབ་བཞག་པ་ཞིག་རེད། ཡིན་ནའང་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ལ་རྒྱ་མིས་ང་ཚོ་ལ་ཆ་རྐྱེན་རྙིང་པ་དེ་རང་ཡིན་ཞེས་གཏམ་བཤད་བྱས་བཞག་པ་དེ་གསར་ཤོག་ཁག་སོགས་བརྒྱུད་ལམ་ཁག་ནས་ཐོན་ཡོད་པ་དེ་དག་གཟིགས་ཆུབ་དང༌། དེ་ལ་གཞིགས་པས་ང་ཚོས་ག་རེ་གནང་འཆར་ཡོད། ད་ལྟ་ཡིན་ནའང་རྒྱ་མིས་འགྱུར་བ་བཏང་མི་འདུག དེ་འདྲའི་ཆ་རྐྱེན་བཤད་དེ་ག་དུས་བར་དུ་འགྲོ་རྒྱུའི་དགོངས་འཆར་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་དུས་ཚོད་གང་འཚམས་འགྲོ་ཟིན་པ་རེད། ད་ག་དུས་བར་དུ་རེ་བ་བརྒྱབ་ཀྱི་ཡོད་རེད་ཅེས་བཀའ་གནང་སོང༌། དུས་ཚོད་ཧ་ཅང་རིང་པོ་ཕྱིན་པར་ངོས་འཛིན་བྱེད་ཀྱི་མེད། བོད་རྒྱ་འབྲེལ་བ་བསྐྱར་མཐུད་བྱུང་ནས་ད་ལྟ་ལོ་གསུམ་ལྷག་ཙམ་ཞིག་མ་གཏོགས་ཕྱིན་ཡོད་པ་མ་རེད། མི་རིགས་གཅིག་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ལ་ལོ་གསུམ་དེ་དུས་ཚོད་རིང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་མི་ཐུབ། འདས་པའི་ལོ་གསུམ་གྱི་ནང་ལོ་རེ་ལོ་རེའི་འགྱུར་བ་ལ་བལྟས་ནས་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གོང་དུ་ཞུས་ཟིན་པ་བསྐྱར་ལྡབ་བྱེད་རྒྱུ་ཡིན།
ག་དུས་བར་དུ་མུ་མཐུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཀའ་བཀྱོན་གནང་རྐྱང་དང༌། ང་ཚོས་བཀའ་བཀྱོན་གཟེད་རྐྱང་བྱེད་ཀྱི་རེད་ཅེས་བཀའ་འདྲི་གནང་བའི་ཐད། ང་ཚོའི་དགོས་མཁོའི་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་མ་ཐོབ་ཀྱི་བར་དང༌། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ང་ཚོས་མུ་མཐུད་ནས་བཀའ་མོལ་ཞུ་རྒྱུ་ཡིན། ང་ཚོས་རྒྱ་ནག་དང་མཉམ་དུ་བཀའ་མོལ་ཞུ་སྐབས་བཀའ་བཀྱོན་གནང་རྐྱང་དང་གཟེད་རྐྱང་གི་གནས་ཚུལ་ཞིག་མ་རེད། སྐུ་ཚབ་རྣམ་པས་འབྲེལ་ཡོད་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཉམ་དུ་ཕར་བཤད་ཚུར་ཉན་གྱིས་གོ་སྐབས་འདྲ་མཉམ་བླངས་པ་མ་གཏོགས་རྒྱ་མིས་བཤད་རྐྱང་དང་ང་ཚོས་ཉན་རྐྱང་བྱས་པའི་གནས་སྟངས་བྱུང་མེད། འབྲེལ་མཐུད་དང་བཀའ་བསྡུར་བོད་ཀྱི་རྩ་དོན་མ་འགྲུབ་ཀྱི་བར་དུ་མུ་མཐུད་རྒྱུ་མ་གཏོགས་དུས་ཚོད་འདི་འདྲ་ཞིག་གི་བར་བྱེད་ཀྱི་ཡིན། དེ་ནས་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་དུས་བཀག་བཟོ་རྒྱུ་མིན།
བཀུར་འོས་སྤྱི་འཐུས་ཀྱིས་བཀའ་བློན་ཁྲི་པས་དུས་ཚོད་ཀྱི་ཆ་རྐྱེན་ཞིག་ཡོད་རེད་ཅེས་གསུངས་སོང༌། དེ་འདྲའི་ཆ་རྐྱེན་གང་ཡང་མེད། བཀའ་བློན་ཁྲི་པས་གྲོས་ཚོགས་ཀྱི་ནང་དང་གྲོས་ཚོགས་ཀྱི་ཕྱི་གང་ལའང་དེ་འདྲའི་ཆ་རྐྱེན་ནམ་ཡང་བཞག་མེད། སྔོན་མ་བཀའ་ཤག་གིས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་རྒྱུའི་འབོད་བསྐུལ་ཞུས་པའི་སྐབས་ཉུང་མཐའ་ཡང་དུས་ཚོད་འདི་འདྲ་ཞིག་གི་བར་ཁོར་ཡུག་བསྐྲུན་རྒྱུའི་ཐབས་ཤེས་གནང་རོགས་འབོད་བསྐུལ་ཞུས་པ་རེད། དེ་ནི་མང་ཚོགས་ལ་དུས་ཚོད་ངེས་མེད་ཀྱི་བར་ཁོར་ཡུག་བསྐྲུན་རྒྱུའི་འབོད་བསྐུལ་ཞུས་པ་ཡིན་ན་གྲུབ་འབྲས་འཐོན་མིན་ཐེ་ཚོམ་ཡོད་པའི་དབང་གིས་མ་མཐའི་དུས་བཀག་ཅིག་བཟོས་པ་རེད། དེ་ནི་རྒྱ་ནག་ལ་བཞག་པའི་ཆ་རྐྱེན་གང་ཡང་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་དཀོན་མཆོག་ནོར་བུ་ལགས་ནས།
ངའི་དྲི་བ་འདྲ་བ་གཉིས་ཙམ་ཞིག་ཆགས་ཀྱི་འདུག དེ་ཡང་གོང་དུ་བཀའ་བློན་ཁྲི་པས་འབྲེལ་བ་མཐུད་ནས་ལོ་གསུམ་མ་གཏོགས་ཆགས་མ་སོང་ཟེར་བ་ཞིག་གསུངས་སོང༌། ངའི་གོ་བ་ལ་སྔོན་མ་ ༡༩༧༩ ལོ་ནས་བྱས་ཏེ་ལོ་ ༢༦ ཙམ་ནས་བོད་རྒྱ་ཞི་མོལ་གྱི་ཕྱིར་དུ་འབྲེལ་བ་གནང་བསྡད་ཀྱི་ཡོད་རེད། དེ་ནས་བར་མཚམས་ནས་ཆད་སོང་རེད་ཟེར་བ་ཞིག་གོ་སོང༌། དེ་ག་འདྲ་རེད། དེ་གསལ་པོ་ཞིག་གསུང་རོགས་གནང་ཞུ་རྒྱུ་གཅིག་ཡིན། གཉིས་པ་བཀའ་བློན་ཁྲི་པ་མའེ་སོར་ལ་ཕེབས་པའི་སྐབས་སྐུ་ཚབ་ཐེངས་གཉིས་པ་རྒྱ་ནག་ལ་ཕེབས་པའི་སྐབས་སུ་མའེ་སོར་མི་མང་གིས་ཞུ་རྒྱུ་ལ། ད་བོད་རྒྱ་ཞི་མོལ་བྱེད་རྒྱུ་འདི་རྒྱ་མིའི་ཐོག་ནས་མི་འདི་འདྲ་ཞིག་གཏོང་ཤོག་ཟེར་གྱི་ཡོད་རེད། བཀའ་ཤག་གི་ཐོག་ནས་འདི་གཏོང་གི་ཡོད་རེད། དེ་གནད་འགག་ཆེན་པོ་ཞིག་དང་ཆོལ་ཁ་གསུམ་དང་ཆོས་ལུགས་ལྔའི་ཐོག་ནས་བོད་རྒྱ་ཞི་མོལ་འབྲེལ་བ་བྱེད་ནས་གཏོང་རོགས་གནང་ཞུས་སོང༌། དེའི་སྐབས་ལ་བཀའ་བློན་ཁྲི་པས་སྔོན་བརྗོད་འདི་རེད། རིམ་པས་གཏོང་གི་མེད་ཅེས་གསུངས་སོང༌། དེ་ག་དུས་གཏོང་གི་རེད་ཞུ་རྒྱུ་གཅིག་ཡིན། ཁ་སྔོན་སྐུ་ཚབ་ཐེངས་གསུམ་པ་བོད་དུ་ཕེབས་ནས་ཚུར་ཡོང་དུས་མི་གསུམ་ནང་ནས་རྒྱ་རི་སྤྲུལ་སྐུས་གསུང་རྒྱུ་ལ་རྒྱ་བོད་ཞི་མོལ་དེ་ཡག་པོ་ཞེ་དྲགས་བྱུང་སོང་ཞེས་གསུངས་པ་ཞིག་ཡོད་རེད། ཡང་སྐལ་བཟང་རྒྱལ་མཚན་གྱི་དེབ་དཀར་པོ་བཀྲམས་ཚར་ཡིན། དེ་མ་གཏོགས་ང་ཚོས་ཀྲུང་གོ་ལ་འགྱུར་བ་གང་ཡང་གཏོང་རྒྱུ་མེད་ཅེས་གསུང་གི་ཡོད་རེད། ད་ལྟ་སྐལ་བཟང་རྒྱལ་མཚན་གྱིས་གསུངས་པ་དེ་ལ་མི་བརྒྱ་ཆ་བདུན་ཅུ་ཙམ་གྱིས་དེ་ལ་ཆ་བཞག་བསྡད་ཀྱི་འདུག ཡིན་ནའང་མི་གཉིས་འགྲོ་བའི་སྐབས་ལ་མི་རེ་རེས་རེ་རེ་གསུངས་པ་དེ་ལ་བཀའ་བློན་ཁྲི་པ་རེད། དེ་བཞིན་གྲོས་ཚོགས་ཀྱིས་དེ་ག་རེ་ལ་ཆ་བཞག་གི་ཡོད་དམ། དེ་གསལ་པོའི་ཐོག་བཀའ་ལན་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་གསུངས་པ་བཞིན་དུ་བོད་རྒྱ་ཞི་མོལ་གྱི་ལས་རིམ་འགོ་ཚུགས་ནས་ལོ་ ༢༦ ཕྱིན་པ་དངོས་གནས་རེད། ཡིན་ནའང་ ༡༩༩༤ ནས་བོད་རྒྱའི་འབྲེལ་བ་ཆ་ཚང་ཆད་དེ་དེ་སྔོན་བྱུང་བའི་ལས་དོན་ཡོངས་རྫོགས་མཚམས་བཞག་ཟིན་པ་རེད། ཞི་མོལ་ཕར་བཞག ཕན་ཚུན་ངོ་འཕྲད་དང་ཡིག་འབྲེལ་ཙམ་ཡང་མེད་པར་ལོ་མང་པོ་ཞིག་ཕྱིན་པའི་རྗེས་འབྲེལ་ལམ་བསྐྱར་གསོ་བྱུང་བ་ཞིག་རེད། དེ་ནས་འབྲེལ་ལམ་གསར་དུ་ཚུགས་པ་དང་མཚུངས་པར་སྐད་ཆ་མགོ་ནས་བཤད་དགོས་པ་ཞིག་བྱུང་བ་ཡིན་སྟབས་འབྲེལ་ལམ་བསྐྱར་གསོ་བྱུང་ནས་ལོ་གསུམ་ལས་ཕྱིན་མེད་ཅེས་ཞུས་པའི་རྒྱུ་མཚན་དེ་ཡིན། འབྲེལ་ལམ་བསྐྱར་གསོ་བྱུང་སྐབས་ལས་འགོ་གསར་པ་བཙུགས་པ་ཞིག་མ་གཏོགས་སྔོན་མའི་ལས་འཕྲོ་སྐྱོང་བ་ཞིག་ཆགས་ཡོད་མ་རེད།
ཡང་འཕྲོས་དོན་དྲི་བ་གཉིས་པ། བཀའ་ཁྲི་མའི་སོར་ལ་བཅར་སྐབས་སྐུ་ཚབ་ཚོགས་པའི་མི་འགྲོ་སྐོར་བཀའ་འདྲི་གནང་སྐབས་རྗེས་མ་གཅིག་བྱེད་རྒྱུ་ཡིན་ཞེས་ལབ་སོང་ཡང༌། ད་བར་གང་ཡང་བྱས་མི་འདུག་ཅེས་བཀའ་གནང་སོང༌། གྲོས་ཚོགས་ཀྱི་འཐུས་མི་མང་ཆེ་བས་མཁྱེན་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་དང༌། སྐུ་ཚབ་རྣམ་པ་གཉིས་ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་བསྐོ་གཞག་གནང་ཟིན་པ་ཞིག་མ་གཏོགས། ཉེ་ཆར་བཀའ་ཤག་སྐབས་བཅིུས་པའི་ལས་དུས་ནང་བསྐོ་གཞག་གནང་བ་ཞིག་མ་རེད། ྋགོང་ས་མཆོག་གིས་སྐུ་ཚབ་སུ་ལ་བསྐོ་གཞག་གནང་དང་མི་གནང་ྋགོང་ས་མཆོག་རང་གིས་ཐག་ཆོད་གནང་རྒྱུ་མ་གཏོགས་བཀའ་ཤག་དང་གྲོས་ཚོགས་ལ་འབྲེལ་བ་གང་ཡང་ཡོད་མ་རེད། མ་འོངས་པར་བོད་རྒྱ་ཞི་མོལ་གྱི་ལས་རིམ་དངོས་སུ་འགོ་ཚུགས་པ་ཡིན་ན་ཞི་མོལ་བྱེད་མཁན་གྱི་མི་འགྲོ་ཟུར་དུ་བསྐོ་གཞག་གནང་རྒྱུ་ྋགོང་ས་མཆོག་གི་དགོངས་བཞེད་ཡོད་བཞིན་པ་ཞིག་རེད། ཡིན་ནའང་དེའི་སྐབས་སུ་ཞི་མོལ་ཚོགས་ཆུང་བསྐོ་གཞག་གང་གནང་ྋགོང་ས་མཆོག་གིས་ཐད་ཀར་ཐག་གཅོད་གནང་རྒྱུ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋགོང་ས་མཆོག་ལ་ཐད་ཀར་འབྲེལ་བ་ཞུ་བ་མ་གཏོགས་བཙན་བྱོལ་གཞུང་དང་གྲོས་ཚོགས་ལ་ངོས་ལེན་དང་འབྲེལ་བ་བྱེད་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་གཏོང་གནང་མཛད་རྒྱུ་མ་གཏོགས་བཀའ་ཤག་དང་གྲོས་ཚོགས་ཀྱི་སྐུ་ཚབ་བཏང་ནས་ཞི་མོལ་གནང་རྒྱུའི་གོ་སྐབས་ཤིག་ད་ལྟའི་གནས་སྐབས་སུ་ཡོད་མ་རེད།
ཡང་བཀུར་འོས་སྤྱི་འཐུས་མཆོག་གིས་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ནས་སྔ་ལོ་རྒྱ་ནག་ཏུ་ཕེབས་ཐེངས་གསུམ་པ་ཕེབས་རྗེས་གཅིག་གིས་ཡག་པོ་བྱུང་སོང་ཞེས་གསུངས་འདུག གཅིག་གིས་ཡག་པོ་བྱུང་མ་སོང༌། རེ་བ་གང་ཡང་མི་འདུག་ཅེས་གསུངས་སོང༌། དེ་འདྲ་ཡིན་ཙང་སུ་ལ་ཡིད་ཆེས་བྱེད་དགོས་རེད་ཅེས་བཀའ་གནང་སོང༌། དེ་འདྲའི་གནས་ཚུལ་གསུངས་ཡོད་པ་ང་ཚོས་གོ་ཐོས་གཏན་ནས་མ་བྱུང༌། སྐུ་ཚབ་ཚང་མས་སྤྱི་མོས་ཀྱི་སྒོ་ནས་གསར་འགོད་གསལ་བསྒྲགས་ཡིག་ཐོག་ཏུ་གནང་ཡོད། གསར་འགོད་པ་དང་བགྲོ་གླེང་བྱུང་ཡོད། དེ་དང་ཕྱོགས་མཚུངས་བཀའ་ཤག་ལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་བཞི་ནས་ཐོུང་གི་ཐོག་ནས་ལས་བསྡོམས་སྙན་ཐོ་ཕུལ་ཡོད། དེ་ཚོ་སྐུ་ཚབ་ཚོགས་ཆུང་སྤྱི་མོས་ཀྱི་ལས་བསྡོམས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་མ་གཏོགས། སྐུ་ཚབ་རེས་སྐད་ཆ་རེ་ཤོད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་མེད་ཅེས་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨