བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་དབུ་འཛུགས་གསུང་བཤད།

ཚང་མའི་དགོངས་པར་མངའ་གསལ་བཞིན། བོད་ཀྱི་རྒྱལ་ཁབ་དེ་རྒྱ་དམར་གྱི་བཙན་འོག་ཏུ་ཤོར་ནས་ལོ་ངོ་བཞི་བཅུ་ཞེ་གྲངས་ཤིག་སོང་ཞིང༌། ལྷག་པར་ྋགོང་ས་ལྔ་པ་ཆེན་པོ་ཚུན་ཆད་ནས་རྒྱུན་མ་ཆད་པར་གནས་པའི་བོད་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་བཙན་བྱོལ་དུ་འབྱོར་ནས་ལོ་སུམ་ཅུ་སོ་ལྔ་ཙམ་ཕྱིན་པ་རེད། དེའི་རིང་ལ་ང་ཚོས་བོད་རང་དབང་བསྐྱར་གསོའི་ལས་དོན་དང༌། བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་རྒྱུའི་ལས་དོན་གཉིས་ཀའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཀྱི་འོག་ཆོལ་གསུམ་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ང་རང་ཚོའི་བསྒྲུབ་བྱའི་ལས་དོན་གྱི་ཐོག་ནས་གང་ལ་གང་འཚམས་ཀྱི་གྲུབ་འབྲས་ཐོན་ཏེ་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་བྱུང་ཡོད། བོད་ཀྱི་རང་དབང་བསྐྱར་གསོའི་ལས་དོན་གྱི་རིམ་པའི་ནང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡར་རྒྱས་གཏང་རྒྱུ་དེ་ལས་དོན་གལ་ཆེ་བ་ཞིག་ཡིན་པར་ྋསྐྱབས་མགོན་རིན་པོ་ཆེས་གཟིགས་ནས་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་དུ་འཁྲིད་རྒྱུ་དང༌། བོད་ཀྱི་སྲིད་གཞུང་མང་གཙོའི་ལམ་སྲོལ་དང་ལྡན་པ། དེ་ཡང་གྲོས་ཚོགས་ཀྱི་མང་གཙོའི་ལམ་སྲོལ་དང་ལྡན་པ་ཞིག་བཟོ་གནང་རྒྱུའི་དགོངས་བཞེས་རྒྱུན་རིང་པོ་ཞིག་ནས་གནང་བ་བཞིན། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཚོགས་པ་ནས་བཟུང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ནས་ཁ་ཡོད་ལག་ཡོད་ཀྱི་མང་གཙོའི་ལམ་བཟང་ཞིག་གི་ནང་ང་ཚོ་སླེབས་པ་རེད། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་དེ་སྔར་དང་མི་འདྲ་བའི་གནས་ཚད་མཐོ་རུ་ཕྱིན་པ་དང༌། ང་ཚོའི་རྩ་དོན་སྒྲུབ་ཐབས་ཀྱི་ལས་དོན་གྱི་ཐོག་ལའང་ཤུགས་སྣོན་ཆེན་པོ་ཐེབས་ཡོད་པ་དེ་སྨོས་མི་དགོས་པ་རེད།

ང་ཚོའི་ཁ་གཏད་གཅོག་སའི་འགལ་ཟླ་དེ་འཛམ་གླིང་ནང་ཚང་མས་འཛེམས་ཟོན་བྱེད་དགོས་པའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་དང་འཕྲད་པ་ཡིན་ཙང༌། ང་ཚོའི་ལས་དོན་གྱི་ནང་དཀའ་ངལ་ཡོད་པ་དང༌། ལས་སླ་པོ་བྱས་ཏེ་འགྲོ་ཐུབ་པ་ཞིག་ཡོང་གི་མེད་པ་དེ་ལོང་བས་བལྟས་པའི་རྒྱལ་ཁམས་ཀྱི་དཔེ་ལྟར་ཚང་མས་མཁྱེན་གསལ་རེད། ཡིན་ནའང་གཅིག་ཏུ་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་དང༌། གཉིས་ནས་བོད་མི་མང་ཚོགས་ཀྱི་ཆིག་བསྒྲིལ་གྱི་ནུས་པར་བརྟེན་ནས་ད་ལྟ་ཕན་ཆད་ལ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཅས་པ་ཚང་མ་ཁ་མ་ཐོར་བར་གོམ་པ་མདུན་སྤོས་ཀྱིས་ལས་ཀ་མུ་མཐུད་དེ་བྱེད་ཐུབ་པ་བྱུང་བ་དེ་ང་ཚོའི་རྒྱལ་ཁ་དང་གཟི་བརྗིད་ཅིག་ཡིན་པར་ངོས་ལེན་གནང་ཆོག སྐབས་བཅིུག་པའི་སྤྱི་འཐུས་འགོ་ཚུགས་པ་ནས་ང་ཚོའི་ཆབ་སྲིད་ཀྱི་རང་བཞིན་དེ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། འགྱུར་བ་ཆེན་པོ་དེའི་རྙོག་འཛིངས་ཀྱི་ནང་ལ་སྐབས་བཅིུག་པའི་སྤྱི་འཐུས་ལས་རྒྱུན་རིང་ང་རང་ཚོས་གང་ཐུབ་ཐུབ་ཀྱིས་ཆ་ཤས་བླང་དགོས་པ་དང་ཞབས་འདེགས་བསྒྲུབ་དགོས་པ་དེ་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་རེད། བོད་པའི་སྤྱི་མི་ཡིན་པའི་ངོ་བོའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེ་དང་བོད་མི་མང་གིས་བསྐུར་བའི་ལས་འགན་དེ་ང་ཚོས་བསྒྲུབ་དགོས་པ་ནི་རང་བཞིན་སྐབས་བབ་ཀྱི་ལས་འགན་རེད། དེའི་ཐོག་ང་ཚོས་ལས་འགན་གྲུབ་པ་ཡང་སྣ་ཚོགས་བྱུང་ཡོད་ལ། མ་གྲུབ་པ་ཡང་མང་པོ་ཞིག་བྱུང་ཡོད་རེད།དེ་འདྲ་ཡིན་ཙང་ང་ཚོས་ག་དུས་ཡིན་རུང་སོ་སོའི་བསྒྲུབས་ཟིན་པའི་ལས་དོན་གྱི་ཐོག་སེང་གེ་རྣམ་བསྒྱིངས་ཀྱིས་གཟིགས་པའི་སྐབས་སྐྱོན་ཡོན་བརྒྱ་ཆ་གཉིས་ཀ་དེ་མ་ལུས་པ་བྱས་ཏེ་གཟིགས་དགོས་རྒྱུ་གལ་ཆེན་པོ་དང༌། ཡོང་རྒྱུ་བསྡད་པའི་དུས་ཚོད་ཀྱི་ནང་ང་རང་ཚོའི་ལས་དོན་ལྷག་མ་གང་ཡོད་པ་དེ་ཆ་ཚང་བསྒྲུབ་རྒྱུའི་འཆར་གཞི་དང་དམ་བཅའ་བརྟན་པོ་གནང་དགོས་པ་དེ་ཡང་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་རེད། ད་རེས་ཀྱི་ཚོགས་དུས་དགུ་པ་འདི་ང་ཚོའི་ལོ་ལྔའི་ཡུན་ཚད་ཀྱི་ནང་ལ་ཚོགས་དུས་བཅུའམ་བཅིུག་གང་རུང་ཞིག་ཡོད་པ་དེའི་ནང་གི་གཅིག་གི་གོང་གི་མཐའ་མ་དེ་རེད། བྱས་ཙང་ད་རེས་ཚོགས་དུས་འདིའི་ཐོག་ལ་ང་ཚོས་ཁྲིམས་བཟོའི་ལས་དོན་གང་ལ་གང་འཚམས་ཤིག་གནང་དགོས་རྒྱུ་གལ་ཆེན་པོར་གཟིགས་ཡོད། དེས་ན་སྤྱི་འཐུས་རྒྱུན་ལས་ཀྱིས་ད་རེས་ཚོགས་དུས་འདིའི་དུས་ཚོད་མང་ཆེ་བ་ཁྲིམས་བཟོའི་ལས་དོན་ཐོག་བཏང་ཐུབ་པ་ཡིན་ན་ཡག་པོ་ཡོང་བའི་དགོངས་པ་བཞེས་ནས་ཁྲིམས་ཡིག་བསྐྱར་བཅོས་དང་ཁྲིམས་ཡིག་གསར་བཟོས་ཀྱི་རིམ་པ་སྣ་ཚོགས་ཤིག་ད་རེས་གནང་ཐུབ་པའི་རེ་བ་ཞུ་གི་ཡོད། དེ་འདྲ་སོང་ཙང་སྤྱི་འཐུས་ཚང་མས་ད་རེས་ཚོགས་དུས་འདིའི་ཐོག་ལ་ཁྲིམས་བཟོའི་ལས་དོན་གྱིས་མཚོན་པའི་ལས་དོན་ཚང་མར་འགོ་ནས་མཇུག་བར་ཆ་ཤས་བླངས་ཏེ་ཕྱག་ལས་ཡག་པོ་ཞིག་གནང་བའི་འབོད་བསྐུལ་དང་རེ་བ་ཞུ་གི་ཡོད།
འདས་པའི་ཚོགས་དུས་མང་ཆེ་བ་ཞིག་གི་ཐོག་ང་ཚོའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ཧ་ཅང་དོ་དམ་པོ་མེད་པ་ལྷོད་ཡངས་པོ་ཞིག་གི་ཐོག་ནས་ཕྱིན་པ་རེད། ལས་དོན་རེ་རེའི་ཐོག་དུས་ཚོད་གཏོང་ཕྱོགས་ལ་ཆ་བཞག་པ་ཡིན་ནའང་ལས་དོན་དེའི་དགོས་མཁོ་དང་འཚམས་པའི་དུས་ཚོད་གང་ལ་གང་འཚམས་གཏང་རྒྱུའི་འབད་བརྩོན་བྱས་པ་རེད། ད་རེས་ཚོགས་དུས་འདི་ནས་ང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་འབྲུ་དོན་ཡོངས་སུ་རྫོགས་པ་ལག་ལེན་ལ་བསྟར་ཐུབ་པའི་འབད་བརྩོན་གནང་དགོས་ཀྱི་རེད་བསམ་གྱི་འདུག ང་ཚོའི་ལས་རྒྱུན་གྱི་ཐོག་སྒྲིག་གཞི་ལག་ལེན་བསྟར་ཕྱོགས་དོ་དམ་པོ་ཞིག་མ་གནང་བ་ཡིན་ན་དེའི་སྲོལ་རྒྱུན་སྤྱི་འཐུས་སྐབས་གཞན་པའི་ཐོག་ལའང་འཇགས་པ་ཡིན་ན་ཡག་པོ་མ་རེད། དེ་འདྲ་སོང་ཙང་ཚང་མས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་འབྲུ་དོན་དང་མ་འགལ་བ་ཕྱག་ལེན་གནང་དགོས་རྒྱུ་དེ་གལ་ཆེན་པོར་བརྩི་གི་ཡོད། དེ་འདྲ་སོང་ཙང་དྲི་བའི་དྲི་ཤོག་གནང་རྒྱུའི་དུས་ཚོད་ཡིན་ནའང་འདྲ། སྤྱི་འཐུས་སྒེར་གྱི་གྲོས་འཆར་དང་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་ལ་སོགས་པ་གྲོས་འཆར་གྱི་རིམ་པ་གནང་དགོས་ནའང་འདྲ། དེ་ཚོ་ཚང་མ་སྒྲིག་གཞིའི་འབྲུ་དོན་དང་མ་འགལ་བ་བྱས་ནས་དུས་ཐོག་ལ་གནང་ཐུབ་པ་དང༌། སྒྲིག་གཞི་བསྐྱར་བཅོས་དང་སྒྲིག་གཞིའམ་ཁྲིམས་ཡིག་གསར་པའི་སྐོར་ལ་བགྲོ་གླེང་གནང་སྐབས་སུའང་བཟོ་བཅོས་དང་བསྐྱར་བཅོས་ཀྱི་གྲོས་འཆར་གང་ཡོད་དུས་ཐོག་ལ་གནང་ཐུབ་པ་དགོས་རྒྱུ་ཐུགས་གལ་ཆེན་པོ་རེད།
གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་གྱི་ནང་གཞུང་འབྲེལ་གྲོས་འཆར་དང་གཞུང་འབྲེལ་ཁྲིམས་ཡིག་ཁག་གི་ཐོག་བགྲོ་གླེང་གནང་བ་ཙམ་མ་གཏོགས། འཐུས་མི་སོ་སོ་རང་ངོས་ནས་ཁྲིམས་འཆར་སོགས་གང་ཡང་གནང་མ་དགོས་པ་དེ་ཡང་འགྲོ་ལུགས་དང་མཐུན་པ་ཞིག་མ་རེད། ཡིན་ནའང་ད་ལྟ་ཕན་ལ་སྤྱི་འཐུས་སྒེར་གྱི་སྒྲིག་འཆར་དང་ཁྲིམས་འཆར་དེ་འདྲ་ང་ཚོ་སྐབས་བཅིུག་པའི་ད་ཕན་ཚོགས་དུས་བརྒྱད་ཀྱི་ནང་ཡོང་མ་མྱོང་བ་འདྲ་པོ་ཞིག་རེད། ཚང་མས་མཁྱེན་དགོས་པ་ཞིག་ལ་ཁྲིམས་འཆར་སྒྲིག་འཆར་གང་འདྲ་ཞིག་ཡིན་རུང༌། གཞུང་འབྲེལ་གྱི་འཆར་གཞི་བཏོན་རྒྱུའི་ཐོབ་ཐང་ཡོད་པ་དང་མཚུངས་པར་སྤྱི་འཐུས་ཚང་མ་ལའང་ཐོབ་ཐང་ཡོད་པ་རེད། སྤྱི་འཐུས་རང་རང་སོ་སོའི་ངོས་ནས་ཁྲིམས་ཡིག་གི་འཆར་གཞི་དང་སྒྲིག་གཞིའི་འཆར་གཞི་ལ་སོགས་པ་གྲོས་ཚོགས་ནང་གཏན་ལ་ཕབ་རྒྱུའི་དགོས་གལ་གཟིགས་ཚེ་ཟིན་བྲིས་གནང་སྟེ་སྒྲིག་གཞི་དང་མཐུན་པའི་སྔོན་བརྡ་གནང་བ་ཡིན་ན། དེ་ཚོ་ངེས་པར་གྲོས་གཞིར་ཚུད་པའི་ཐོབ་ཐང་ཡོད།
ད་རེས་ཀྱི་ཚོགས་དུས་འདི་གནས་ཚུལ་བཟང་ངན་སྣ་ཚོགས་ཤིག་གི་ཐོག་ནས་གལ་ཆེན་པོ་ཞིག་དང༌། ཛ་དྲག་གི་གོ་སྐབས་ཤིག་ཆགས་བསྡད་ཡོད། དེས་ན་ང་ཚོས་དུས་ཚོད་འཕྲོ་བརླག་མ་བཏང་བར་ཚང་མས་ལས་དོན་ཆུང་ཙག་དང་དགོངས་པ་བཞེས་ཕྱོགས་སྦུག་སོ་དོག་པོ་དེ་འདྲ་མ་ཡིན་པའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་དང༌། བོད་ལྗོངས་ཡོངས་རྫོགས་ཀྱི་མཐར་ཐུག་གི་དམིགས་ཡུལ་དེ་གཙོ་བོར་ཐུགས་ལ་བཞག་ནས་ཕྱག་ལས་གནང་དགོས་རྒྱུ་ཐུགས་གལ་ཆེན་པོ་འདུག ང་ཚོའི་རྒྱབ་ཏུ་བོད་མི་ས་ཡ་དྲུག་གིས་རེ་བའི་མིག་འབུར་གཏོད་དེ་བསྡད་ཡོད་པ་དེ་མ་བརྗེད་པ་གནང་དགོས་རྒྱུ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟེར་བ་འདི་ཚོགས་པ་སྒེར་གྱི་སྤྱི་ཚོགས་ཆུང་ཆུང་འགའ་ཤས་ཀྱི་ཁེ་ཕན་བསྒྲུབ་ས་དང༌། སོ་སོའི་ནང་ཕན་ཚུན་སྒེར་གྱི་དགའ་མིན་དགའ་མདོག་གི་དགྲ་ཤ་ལེན་སའི་ས་ཆ་ཞིག་མིན་པ་དེ་ཚང་མས་ངེས་པར་མཁྱེན་པ་གནང་དགོས་རྒྱུ་ཞིག་དང་ཐུགས་ལ་བཞག་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག ཚོགས་པ་ཁག་ཕན་ཚུན་གྱི་བར་ཡིན་ནའང་རེད། གང་ཟག་སྒེར་ཕན་ཚུན་གྱི་བར་ལ་ཡིན་ནའང་རེད། སྒེར་སོ་སོ་དགའ་མི་དགའ་དང་འགྲིགས་མ་འགྲིགས་གང་ཡོད་རུང༌། སོ་སོ་སྒེར་ཐོག་ནས་ཐག་གཅོད་བྱེད་རྒྱུ་ཞིག་དང་སྒེར་གྱི་ཐོག་ནས་བགྲོ་གླེང་བྱེད་དགོས་རྒྱུ་ཞིག་རེད་མ་གཏོགས། གྲོས་ཚོགས་དེ་དེ་འདྲའི་བགྲོ་གླེང་བྱེད་སའི་ས་ཆ་ཞིག་རྩ་བ་ནས་མ་རེད། དེ་མིན་པ་དེ་མཁྱེན་པ་བྱས་ནས་ཐུགས་ལ་བཞག་དགོས་རྒྱུ་དེ་དམིགས་བསལ་གྱི་གལ་ཆེན་པོ་ཞིག་ཡིན་པ་བར་ལམ་ཞིག་ནས་མཐོང་སྣང་ཡོང་གི་འདུག དེ་ཚོ་ཐུགས་ལ་བཞག་པའི་ཐོག་ནས་ད་རེས་ཀྱི་ཚོགས་དུས་དགུ་པའི་གྲོས་ཚོགས་འདིའི་ནང་ང་ཚོས་དུས་ཚོད་ཐུང་ཐུང་ཞིག་གི་ནང་སྒྲིག་འཛུགས་དང་ཆབ་སྲིད་གཉིས་ཀའི་ཐོག་ལས་དོན་ཡང་དག་པ་ཞིག་དང་རླབས་ཆེན་པོ་ཞིག་གནང་ཐུབ་པའི་ཆེད་དུ་སྤྱི་འཐུས་རེ་རེའི་ངོས་ནས་ཐུགས་སྣང་ཆེན་པོས་ཆ་ཤས་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥