བོད་མི་བཙན་བྱོལ་དུ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་རྩི་ལས་འཕྲོས་པའི་ཐོག་གསལ་བཤད།

གྲོས་འཆར་འདིའི་ཐོག་བགྲོ་གླེང་རིང་པོ་ཞིག་གནང་གྲུབ་པའི་རྗེས་སུ་བཀའ་ཤག་ལ་གསལ་བཤད་ཞུ་རྒྱུའི་གོ་སྐབས་མེད་པར་རྒྱུན་ལས་ལྷན་འཛོམས་གནང་ནས་ལམ་སྟོན་ཟིན་བྲིས་གནང་བ་ཡིན་ན། རང་བཞིན་ཁྲིམས་ལུགས་ཀྱི་ཆ་ནས་དྲང་བདེན་ཞིག་ཡོང་གི་མ་རེད་བསམ་གྱི་ཡོད། གོ་སྐབས་གནང་གི་ཡོད་པ་གཞིར་བཞག་བྱས་པ་ཡིན་ཡང༌། ད་ལྟ་གོ་སྐབས་ཞུ་དགོས་པ་ཆགས་སོང༌། སྤྱི་འཐུས་རྒྱུན་ལས་ནས་གནད་དོན་དེའི་སྐོར་གྲོས་ཚོགས་ནང་བསྣམས་ཕེབས་པ་དེ་ཧ་ཅང་ཡག་པོ་བྱུང་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་དེ་གྲོས་ཚོགས་ནང་ལམ་སྟོན་གྱི་ཆེད་དུ་བསྣམས་མ་ཕེབས་པར་འཛིན་སྐྱོང་དང་རྒྱུན་ལས་ཀྱི་བར་ཡིག་འགྲུལ་ཙམ་དུ་ལུས་པ་ཡིན་ན་ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་མང་པོས་ཐུགས་ཚོར་ཆེན་པོའི་ཐོག་ནས་བཀའ་ཤག་གིས་ ༢༠༠༧ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རྒྱལ་ཡོངས་ཚོགས་འདུ་ཞིག་བསྐོངས་པ་དང༌། དེའི་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་གདན་འདྲེན་མ་ཞུས་པ་དེ་ཧ་ཅང་ནོར་འཁྲུལ་ཆེན་པོ་ཡིན་ཚུལ་ཚིག་མཐོ་པོ་མང་པོ་བེད་སྤྱོད་གནང་ནས་གསུང་བཤད་གནང་སོང༌། ཧ་ལམ་དེའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་པོ་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ལྟ་བུ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་མེད་པ་ཆགས་ཀྱི་ཡོད་པ་ལྟ་བུའི་བཀའ་མོལ་ཧ་ཅང་ཤུགས་ཆེན་པོ་གནང་སོང༌། དེ་ཚོ་ལ་ཡིན་ལུགས་མིན་ལུགས་ཀྱི་གནས་ཚུལ་ཞུ་རྒྱུའི་གོ་སྐབས་མ་བྱུང་བ་ཡིན་ན་འགྲིགས་ཀྱི་མི་འདུག ཐོག་མ་སྤྱི་འཐུས་རྣམ་པས་བཀའ་ཤག་གིས་ཚོགས་འདུ་བསྐོངས་ཚོགས་བྱེད་སྟངས་དང༌། ལས་དོན་འཆར་གཞི་གང་འདྲ་ཞིག་བསྒྲིགས་ཡོད་མིན་མཁྱེན་དགོས་ཀྱི་རེད་བསམ་གྱི་འདུག ད་ལྟའི་བཀའ་བློན་ཁྲི་པས་འགོ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་དེས་དུས་རྒྱུན་དུ་སྤྱི་འཐུས་གྲོས་ཚོགས་ལ་འགན་འཁྱེར་དགོས་ཀྱི་ཡོད་པ་དང༌། ལན་འདེབས་དགོས་ཀྱི་ཡོད་པ། རྩིས་བརྒྱབ་དགོས་ཀྱི་ཡོད་པ་ངོས་ལེན་བྱས་ནས་འགྲོ་བཞིན་པ་ཡིན། ད་ལྟ་བར་དུ་ལོ་དྲུག་གི་རིང་ཕྱིན་པ་ཡིན། མ་འོངས་པར་ཡང་འགྲོ་རྒྱུའི་བསམ་བློ་ཡོད་པ་མ་གཏོགས་དེ་ལས་སྤྲོས་པའི་བསམ་བློ་གང་ཡང་མེད། དེ་འདྲ་ཞུ་དགོས་པའི་རྒྱུ་མཚན་ཡང་སྐབས་དུས་སོ་སོའི་སྤྱི་འཐུས་ལྷན་ཚོགས་ཀྱི་མཛད་པ་འཕྲིན་ལས་ཀྱིས་ཡིད་འཕྲོགས་ནས་ཞུས་པ་ཞིག་མིན་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དེ་བཞིན་ང་ཚོའི་ལམ་སྲོལ་གྱི་སྲོག་རྩར་གྱུར་པ་ཡིན་ཙང༌། དེའི་ནང་ཡོད་པའི་ཆ་རྐྱེན་དེ་དག་སུ་དང་སུའི་ངོས་ནས་ཡིན་ནའང་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་བློ་གཏད་བྱེད་མཁན་གྱི་མི་ཞིག་ཡིན་ཕྱིན་ཆད་དེ་དག་བརྡལ་བཤིག་མི་འགྲོ་བའི་སྲུང་བརྩི་ཞུ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ངོས་འཛིན་ཞུ་ཡི་ཡོད་པའི་དབང་གིས་ཡིན།
ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༩ པའི་ནང་བཀའ་ཤག་ཏུ་བཀའ་བསྡུར་མང་པོ་བྱུང་བ་ལྟར་མདོ་དོན་ཕྱི་ལོ་ ༢༠༠༩ ཟླ་གསུམ་པའི་ཚེས་ ༡༠ དེ་བཞིན་བོད་ནང་དུ་ཞི་བའི་གྱེན་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད་པ་དང༌། དེ་བཞིན་ྋགོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་མི་རྣམས་རྒྱ་གར་སོགས་སུ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཤིག་འཁེལ་གྱི་ཡོད་ཙང༌། དེའི་སྲུང་བརྩི་འོས་ཤིང་འཚམས་པ་ཞིག་ཞུ་དགོས་རྒྱུ་གལ་ཆེན་པོར་བརྩིས་པ་ཡིན། དེ་འདྲ་ཡིན་ཙང་་གོ་སྒྲིག་དེ་ཡང་དུས་ཚོད་ངེས་ཅན་ཞིག་གི་ནང་ནས་མ་བྱས་པ་ཡིན་ན་ཡག་པོ་ཡོང་གི་མ་རེད་བསམས་ནས་སྔོན་འགྲོའི་ལས་རིམ་འགོ་བཙུགས་པ་རེད། དེའི་སྐབས་བཀའ་ཤག་གིས་འཛིན་སྐྱོང་གི་ངོས་ནས་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཀྱིས་རྒྱལ་ཡོངས་ཚོགས་འདུ་བསྡུ་བསྐོང་དང་འབྲེལ་འཆར་གཞི་ཆ་ཚང་བསྒྲིགས་ནས་ད་ལན་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ནང་གི་སྔོན་རྩིས་ཚོགས་འདུ་འདིའི་ཐོག་འབུལ་ལམ་ཞུ་རྒྱུ་དང༌། གྲོས་ཚོགས་ཀྱིས་བགྲོ་གླེང་མཐར་ཕྱིན་པ་གནང་བའི་རྗེས་སུ་ཚོགས་ཆུང་འཛུགས་དགོས་པ་ཡིན་ནའང་འདྲ། ལས་བྱེད་བསྐོ་གནང་དགོས་པ་ཡིན་ནའང་འདྲ། དེ་མིན་གནས་ཚུལ་གང་འདྲ་ཞིག་གནང་དགོས་པ་ཡིན་ནའང༌། གྲོས་ཚོགས་འདིའི་ཐོག་ནས་ཐག་ཆོད་པ་ཞིག་ཡོང་གི་རེད་བསམས་པ་ཡིན། བསམ་ཚུལ་དེ་ལ་བརྟེན་ནས་བཀའ་ཤག་གིས་གོ་སྒྲིག་ཚོགས་ཆུང་ལ་ཡིག་ཐོག་ནས་ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ གོང་ལས་འཆར་རགས་ཟིན་དང་པོ་བཀའ་ཤག་ལ་འབུལ་ཐུབ་དགོས་རྒྱུ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་གྲོས་ཚོགས་མ་ཚོགས་གོང་ལས་འཆར་གཏན་འབེབས་ཐུབ་པ་དགོས་ཞེས་བཀོད་མངགས་བྱས་ཡོད། དེ་འདྲའི་བཀོད་མངགས་བྱས་དགོས་དོན་གྲོས་ཚོགས་སུ་འབུལ་རྒྱུའི་ཆེད་དུ་རེད། ཚང་མ་འགྲོ་ས་མཐའ་མ་གྲོས་ཚོགས་ལ་འགྲོ་རྒྱུ་མ་གཏོགས་བཀའ་ཤག་གིས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དེ་གྲོས་ཚོགས་ཀྱིས་མ་མཁྱེན་པར་གསང་བའི་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་བསམ་ཚུལ་རྨི་ལམ་དུ་ཡང་མེད། རྒྱལ་ཡོངས་ཚོགས་འདུའི་ཚོགས་བརྡ་བཏང་བའི་སྐབས་སུ་ཚོགས་བརྡ་སུ་དང་སུར་འབུལ་དགོས་པའི་མཚན་གཞུང་བཀའ་ཤག་ནས་ཐག་གཅོད་ཀྱིས་ཚོགས་ཆུང་ལ་ཡིག་ཐོག་ནས་ལམ་སྟོན་བྱས་ཡོད། བཀའ་ཤག་གམ། ཡང་ན་འཛིན་སྐྱོང་ཚོགས་ཆུང་ཞིག་གིས་བརྡ་ཐོ་བཏང་ནས་ཚོགས་བསྐོངས་བྱས་པའི་ཚོགས་འདུ་ཁག་གི་ནང་བཀུར་འོས་སྤྱི་འཐུས་རྣམ་པ་ཚོགས་བསྐོངས་ཞུས་པ་ད་ཕན་བྱུང་མེད། ཉུང་མཐར་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་འཛིན་སྐྱོང་ཟིན་པ་ནས་བཟུང་དེ་འདྲའི་གནས་ཚུལ་བྱུང་མེད། ད་རེས་རྒྱལ་ཡོངས་ཚོགས་འདུ་འཚོགས་པའི་ཉིན་རྗེས་མ་དེར་སྤྱི་འཐུས་རྒྱུན་ལས་ནས་ག་རེ་བྱས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་བསྐོང་མ་བྱས་པ་ཡིན་ཞེས་ཕྱག་བྲིས་ཚ་ཐག་ཆོད་ཅིག་གནང་འདུག སྐབས་དེར་ཕྱག་བྲིས་མ་གནང་གོང་བཀའ་སྤྱི་ལྷན་ཚོགས་ཚུགས་ཡོད་ནའང་འདྲ། ཡང་ན་བཀུར་འོས་ཚོགས་གཙོ་སྦྲེལ་པོས་བཀའ་བློན་ཁྲི་པ་བཀའ་འགུགས་གནང་ནས་ཁ་སང་ཁྱེད་ཚོས་ཚོགས་འདུ་ཞིག་འཚོགས་འདུག དེ་གང་འདྲ་རེད། འཆར་གཞི་གང་ཡོད་ཅེས་བཀའ་འདྲི་གནང་ཡོད་པ་ཡིན་ན། ང་ཚོས་ངེས་པར་དུ་འཆར་གཞི་གང་ཡོད་གསལ་བཤད་དང༌། མཐའ་བསྡོམས་ཕྱི་ཟླ་ ༣ པའི་གྲོས་ཚོགས་སུ་འཁྱེར་ཡོང་རྒྱུ་ཡིན་པ་སོགས་གསལ་བཤད་ངེས་པར་དུ་ཞུ་ཐུབ་ཀྱི་རེད། ཡང་ན་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་མ་ཕུལ་གོང་ནས་འཛིན་སྐྱོང་དང་གྲོས་ཚོགས་ཐུན་མོང་གིས་ཚོགས་ཆུང་བཙུག་དགོས་པའི་ལམ་སྟོན་གནང་བ་ཡིན་ནའང༌། ང་ཚོས་དགའ་བསུ་ཞུ་རྒྱུ་མ་གཏོགས་ཚོགས་ཆུང་འཛུགས་ཀྱི་མིན་ཞེས་ནམ་ཡང་ཞུ་རྩིས་མེད། དེ་འདྲའི་བཀའ་འདྲི་བཀའ་བརྩད་གང་ཡང་མེད་པར་ཚོགས་འདུ་ཚོགས་པ་དང་དེའི་ནང་སྤྱི་འཐུས་གདན་འདྲེན་མ་ཞུས་པ་དེ་ཧ་ལམ་ཁྲིམས་འགལ་དང་རྫབ་ཆེན་འོས་སུ་མ་མཆིས་པ་ཡིན་པ་ལྟ་བུ་དང༌། ཚོགས་ཆུང་བསྐྱར་འཛུགས་བྱ་དགོས་པའི་བཀའ་ཡིག་ཅིག་གནང་འདུག དེ་འདྲ་བཀའ་ཡིག་གནང་དུས་ང་ཚོས་འགྲོ་ལུགས་འགྲོ་སྟངས་འདི་ལྟར་ཡིན་ཞེས་ཞུ་རྒྱུའི་གོ་སྐབས་བྱུང་མ་སོང༌། སྤྱི་འཐུས་གདན་འདྲེན་མ་ཞུས་པའི་རྒྱུ་མཚན་གྱིས་ཞུ་ལན་ཐད་ཀར་ཕུལ་དགོས་པ་ཆགས་པ་རེད། བཀའ་ཤག་ལ་ཕྱི་ཟླ་ ༡༢ པའི་ཚེས་ ༡ ལ་གནང་བའི་ཕྱག་བྲིས་དེས་ཐུགས་ཡིད་མ་ཚིམས་པར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་མིང་ཐོག་ལན་འཛུགས་ཀྱིས་ཁྱེད་ཚོས་སྤྱི་འཐུས་རྒྱུན་ལས་ལ་བརྡ་ཐོ་གཏོང་མི་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་ཕྱག་བྲིས་གནང་འདུག གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་འཇིགས་སྐྲག་ཆེན་པོའི་ངང་ནས་བཀའ་ཡིག་འདི་འདྲ་ཕེབས་བྱུང༌། ཞུ་ལན་ཇི་འདྲ་ཕུལ་འགབ་ཅེས་བཀའ་ཤག་ཏུ་དྭོགས་འདྲི་ཞུས་སོང༌། སྐབས་དེར་ཁྱེད་རང་ལན་འབུལ་མི་དགོས། བཀའ་ཤག་གིས་ལན་གྱིས་འཐུས་པ་བྱེད་ཀྱི་ཡིན་ཞེས་ཞུས་པ་ཡིན། འཛིན་སྐྱོང་སྲི་ཞུ་བས་ཐད་ཀར་གྲོས་ཚོགས་སམ་ཡང་ན་རྒྱུན་ལས་ལ་འགན་འཁུར་ལན་འདེབས་ཞུ་དགོས་རྒྱུ་ཞིག་བཅའ་ཁྲིམས་ནང་གསལ་གྱི་མི་འདུག་ལ། དེ་སྔའི་སྲོལ་རྒྱུན་ལ་ཡང་མི་འདུག ཉུང་མཐར་ཚེས་གཅིག་ཉིན་བཀའ་ཤག་ལ་ཕྱག་བྲིས་གནང་བ་དེའི་ལན་འབྱོར་རྒྱུའི་བར་དུ་སྒུག་གནང་བ་ཡིན་ནའང་མི་འགྲིགས་པ་ཨེ་ཡོད་སྙམ། ལས་བྱེད་དེ་དག་རྒས་ཡོལ་དང་རྩ་དགོངས་འགྲོ་མཁན་མ་རེད་ལ། བྲོས་འགྲོ་མཁན་ཡང་མ་རེད། དེ་ཡང་མ་སྒུག་པར་ཉིན་གསུམ་གྱི་རྗེས་སུ་ཐད་ཀར་ལས་བྱེད་པར་ཕྱག་བྲིས་ཚ་ཐག་ཆོད་ཅིག་གནང་འདུག གནང་ཕྱོགས་དེ་དག་ཚད་དང་ལྡན་པ་དང་ས་མཚམས་ལས་མ་བརྒལ་བ་ཡིན་པ་ཞིག་བཀའ་ཤག་གིས་གོ་རྟོགས་ཞུ་ཐུབ་ཀྱི་མི་འདུག དེ་གསལ་པོ་གྲོས་ཚོགས་ཀྱི་དེབ་ཐེར་ནང་བསྡད་དགོས་རྒྱུ་ཞིག་རེད་བསམ་གྱི་ཡོད། འཛིན་སྐྱོང་གིས་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་འཚོགས་པའི་ཚོགས་འདུ་དེར་ཕེབས་མཁན་རྣམས་ལ་དགོངས་འཆར་གང་ཡོད་ཡིག་ཐོག་ཏུ་བསྣམ་ཕེབས་རོགས་ཞུས་ཡོད། སྐབས་དེར་ཡིག་ཐོག་བསྣམ་ཕེབས་མ་ཐུབ་པ་རྣམས་ལ་ཉིན་བཅོ་ལྔའི་དུས་ཚོད་ཕུལ་ནས། དེའི་ནང་ཡིག་ཐོག་གནང་རོགས་གནང་ཞུས་ཡོད། དེ་དག་ད་ལན་གྱི་གྲོས་ཚོགས་སུ་འབུལ་རྒྱུའི་བང་རིམ་བསྒྲིགས་ཏེ་ལས་འཆར་འགྲོ་བཞིན་པའི་སྐབས་སུ་གནས་ཚུལ་འདི་ཚོ་བྱུང་བ་ཡིན་ཙང་ང་ཚོས་ལས་རིམ་དེ་རྒྱུན་བསྐྱངས་ཐུབ་མ་སོང༌། དེ་འདྲ་ཡིན་ཙང་ལས་འཆར་སྣ་གཅིག་གྲོས་ཚོགས་སུ་ཕུལ་མེད། ད་ལན་གྲོས་ཚོགས་ནས་ལམ་སྟོན་ཞིག་ཕེབས་མདོག་ཁ་པོ་རེད། དེའི་རྗེས་སུ་གཞི་ནས་ལས་འཆར་བསྒྲིག་དགོས་ཀྱི་རེད་བསམས་ནས་ཕར་འགྱངས་ཞུས་པ་ཡིན། དེ་ལྟར་ཐོག་མར་ལས་འཆར་སྒྲིག་སྟངས། བར་དུ་ཡིག་འབྲེལ་བྱུང་སྟངས། མཐའ་མ་གྲོས་ཚོགས་སུ་སླེབས་སྟངས། སྤྱི་འཐུས་རྒྱུན་ལས་ཀྱི་དགོངས་ཚུལ་གང་ཡོད་པ་རྣམས་ཞིབ་ཚགས་ཡིག་ངག་གཉིས་ཐོག་ནས་གསན་གྲུབ་པ་རེད། བཀའ་ཤག་ངོས་ནས་ཞུ་ཕྱོགས་ཇི་ཡིན་ཡང་གྲོས་ཚོགས་ཀྱིས་མཁྱེན་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག དེའི་རྗེས་སུ་བགྲོ་གླེང་ནང་བྱུང་བའི་བཀའ་མོལ་ཚང་མར་ངས་ལན་འདེབས་ཞུ་དགོས་ཀྱི་མི་འདུག་ཀྱང༌། ཁ་ཤས་ཤིག་ལ་གསལ་བཤད་མ་ཞུས་ཐབས་མེད་པ་ཆགས་འདུག བཀའ་སྤྱི་ལྷན་ཚོགས་ཞེས་པ་དེ་བཀའ་ཤག་གིས་བསྐོང་ཐུབ་པའི་ཚོགས་འདུ་ཞིག་མ་རེད། བཀའ་ཤག་གིས་ཧ་ལས་ན་ཚོགས་འདུ་བསྐོང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཙམ་ཞིག་རེད། ཚོགས་སྐོང་གནང་རྒྱུའི་འགན་དབང་བཀུར་འོས་ཚོགས་གཙོ་རྣམ་པར་ཡོད་པ་རེད། གནས་ཚུལ་གང་འདྲ་བྱུང་བ་ཡིན་ནའང་བཀའ་སྤྱི་ལྷན་ཚོགས་བསྐོང་རོགས་གནང་ཞེས་སྐབས་བཅུ་གཉིས་པའི་བཀའ་ཤག་དམ་འབུལ་ཟིན་མ་ཐག་ཏུ་རྒྱུན་ལས་ལ་སྙན་གསན་ཞུས་ཡོད། བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་དེའི་སྐོར་ད་ལྟ་ཡང་ཐུགས་དྲན་གསོས་གནང་གི་འདུག ཐེངས་གཉིས་མ་གཏོགས་བསྐོང་གནང་ཡོད་པ་མ་རེད། བཀའ་སྤྱི་ལྷན་ཚོགས་ཚོགས་བསྐོང་གནང་རྒྱུར་འཚེར་སྣང་གནང་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་ང་ཚོས་ཤེས་ཀྱི་མེད། བཀའ་སྤྱི་ལྷན་ཚོགས་བསྐོང་ག་དུས་གནང་བ་ཡིན་ནའང་བཀའ་ཤག་གི་ངོས་ནས་དུས་ཚོད་མགྱོགས་ཤོས་ག་དུས་ཐོན་པ་དེ་འབུལ་གྱི་ཡོད་མ་གཏོགས། ང་ཚོར་དུས་ཚོད་མེད་ཅེས་ཚོགས་བཅར་མ་ཞུས་པ་གཅིག་ཀྱང་བྱུང་མེད་ཅེས་ཞུ་རྒྱུ་ཡིན།
ཡི་གེའི་ཚིག་བརྗོད་བཀོད་སྟངས་འགྲིགས་ཀྱི་མི་འདུག་ཅེས་དགོངས་འཆར་གནང་མཁན་བྱུང་སོང༌། བཀའ་ཤག་ཡི་གེ་གཏོང་མཁན་དེ་མ་རེད། ཡིན་ལན་འབུལ་མཁན་དེ་རེད། ཡི་གེ་ཐོག་མར་རྒྱུན་ལས་ནས་ཡར་ཕེབས་ཀྱི་ཡོད་པ་རེད། ང་ཚོ་དེར་ལན་འབུལ་དགོས་ཀྱི་ཡོད་པ་རེད། ལན་འབུལ་དུས་རྒྱུན་ལས་ཀྱི་ཕྱག་བྲིས་ནང་ཚིག་གང་འདྲ་ཞིག་བེད་སྤྱོད་གནང་ཡོད་པ་དང༌། ཉམས་གང་འདྲ་ཞིག་བཏོན་ཡོད་པ། དེ་དང་མཚུངས་པ་བྱས་ནས་མར་ལན་འབུལ་གྱི་ཡོད། རྔ་རྡུང་སྟངས་ལ་དཔགས་པའི་གར་འཁྲབ་ཀྱི་ཡོད་མ་གཏོགས། རྔ་རྡུང་མཁན་མེད་པར་གར་འཁྲབ་མེད། འཛིན་སྐྱོང་ནི་འགྱིག་གིས་བཟོས་པའི་སྤོ་ལོ་ནང་བཞིན་ཞིག་རེད། ཕྱག་མ་འཆང་བ་ཡིན་ན་ཟུར་ཞིག་ལ་རིལ་བསྡད་ཀྱི་རེད། འབུད་རྒྱག་ཕྲན་བུ་བརྒྱབ་ན་ཕྲན་བུ་རིལ་ནས་འགྲོ་གི་རེད། ཏོག་ཙམ་མར་གཞུས་པ་ཡིན་ན་ཏོག་ཙམ་ཡར་འཕར་གྱི་རེད། ཤུགས་ཆེ་ཙམ་མར་གཞུས་པ་ཡིན་ན། མཐོ་ཙམ་ཡར་འཕར་གྱི་རེད། དེ་མར་གཞུ་མཁན་གྱིས་ཤུགས་གང་ཙམ་བེད་སྤྱོད་བཏང་བ་དེ་ཙམ་གྱིས་ཡར་འཕར་གྱི་རེད་མ་གཏོགས། དེ་ལས་མཐོ་བ་དང་དེ་ལས་དམའ་བ་ཞིག་འཕར་གྱི་མ་རེད། དེ་ངེས་པར་དུ་སྤྱི་འཐུས་རྣམ་པའི་ཐུགས་ལ་འཇགས་པ་གནང་རོགས་ཞུ་རྒྱུ་ཡིན།
དེ་སྔོན་དུས་དྲན་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་ཚང་མའི་ནང་བཀའ་སྤྱི་གཉིས་ཀ་ཡོད་པ་རེད་ཅེས་བཀའ་གནང་སོང༌། འདས་པའི་ཡིག་ཆ་ཚང་མ་བསྔོག་རྒྱུ་མ་བྱུང་བ་གསལ་པོ་ཞིག་ཞུ་རྒྱུ་མེད་ནའང༌། ཉུང་མཐར་སྐབས་བཅུ་གཉིས་པའི་བཀའ་ཤག་གི་སྐབས་ལ་དགའ་ལྡན་ཕོ་བྲང་གི་གཞུང་ལོ་སུམ་བརྒྱ་དྲུག་ཅུ་འཁོར་བའི་དུས་དྲན་ཞུས་པ་རེད། སྐབས་དེར་ཚོགས་ཆུང་ནང་ལ་སྤྱི་འཐུས་གདན་འདྲེན་ཞུས་མེད། འཛིན་སྐྱོང་གི་ཚོགས་ཆུང་རང་གི་ཐོག་ནས་མཛད་སྒོ་ཡོངས་སུ་རྫོགས་པ་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་ཐུན་མོང་གི་ཐོག་ནས་གནང་བ་རེད། དེའི་སྔོན་ལ་རྒྱལ་སྲིད་ཆོས་སྲིད་བཞེས་ནས་ལོ་ལྔ་བཅུ་འཁོར་བ་དང་གསེར་ཁྲི་མངའ་གསོལ་ཞུས་ནས་ལོ་དྲུག་ཅུ་འཁོར་བའི་དུས་ཆེན་གྱི་གྲ་སྒྲིག་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ལས་ཁུར་བླང་རྒྱུའི་སྔོན་ནས་གནང་གྲུབ་འདུག དེ་ཚོའི་སྐབས་བཀའ་བློན་ཁྲི་པས་ཚོགས་གཙོ་ལ་ཕྱག་བྲིས་ཕུལ་ནས་ཚོགས་གཙོ་རང་གི་ལམ་སྟོན་འོག་ནས་ཚོགས་ཆུང་བཙུགས་པ་ཞིག་མ་གཏོགས། འཛིན་སྐྱོང་བཀའ་ཤག་གིས་བཙུགས་པའི་ཚོགས་ཆུང་ནང་བཀུར་འོས་སྤྱི་འཐུས་ཚོ་གདན་འདྲེན་ཞུས་པ་དང་ཕེབས་པ་གཉིས་ཀ་བྱུང་མི་འདུག་ཞུ་རྒྱུ་ཡིན། ང་ཚོས་ཕྱི་ཟླ་ ༡༡ ཚེས་ ༣༠ ལ་ཚོགས་པའི་ཚོགས་འདུ་དེ་ཚོགས་འདུ་མཐའ་མ་དེ་མ་རེད། དང་པོ་དེ་རེད། ཚོགས་ཆུང་དེ་ལས་གཞན་པའི་ཚོགས་ཆུང་གཞན་གཏན་ནས་འཛུགས་རྒྱུ་མེད་པ་ཞིག་བཀའ་ཤག་གིས་ཐག་གཅོད་བྱས་མེད། ང་ཚོས་བསྡུ་བསྐོང་ཞུས་པའི་ཚོགས་འདུ་དེའི་ནང་གཞུང་མང་གཉིས་ཐོག་ནས་དུས་དྲན་སྲུང་བརྩི་ཞུ་ཕྱོགས་གང་དགའ་ཅི་ལེགས་ཆད་ལྷག་མེད་པ་ཞིག་དང་ལྡབ་སྐྱོར་མེད་པ་ཡན་ལག་ཚང་བ་ཞིག་ཡོང་རྒྱུའི་ཆེད་དུ་ཚང་མས་བློ་གྲོས་བསྡུར་ནས་གྲུབ་དོན་གང་བྱུང་བ་དེ་གྲོས་ཚོགས་སུ་འབུལ་རྒྱུ་རེད། དེའི་ཆེད་དུ་གྲོས་ཚོགས་མ་ཚོགས་གོང་ལས་འཆར་བསྒྲིགས་ཟིན་པ་དགོས་པའི་བཀོད་མངགས་བྱེད་དགོས་དོན་དེ་རེད། འོན་ཀྱང་ད་རེས་གྲོས་ཚོགས་སུ་ཕུལ་ཐུབ་པ་མ་བྱུང་བ་རེད། དེ་འདྲ་སོང་ཙང་ད་ལན་ལམ་སྟོན་གང་འདྲ་ཞིག་གནང་བ་ཡིན་ནའང༌། དེ་ལ་བཀའ་ཤག་གིས་བསམ་ཞིབ་ཞུ་རྒྱུ་ཡིན། སྤྱིར་བོད་མིས་ཞི་བའི་གྱེན་ལངས་དང༌། བཙན་བྱོལ་ལ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཚོར་བ་དང་ལྡན་པ་ཞིག་ཞུ་དགོས་ཀྱི་ཡོད་པ་གྲོས་ཚོགས་ལ་དགོངས་ཚུལ་ཡོད་པ་རེད། བཀའ་ཤག་ནས་གྲ་སྒྲིག་ཞུ་རྒྱུ་རེད། ཡིན་ནའང་ད་རེས་གྲོས་ཚོགས་ནས་ལམ་སྟོན་གསར་པ་གང་གནང་བ་ལྟར་བང་བསྒྲིག་རྒྱུ་མ་གཏོགས། དེ་སྔོན་ཚོགས་པའི་ཚོགས་འདུ་དང༌། དེ་འབྲེལ་གྱི་ལས་རིམ་རྣམས་མཇུག་སྐྱོང་མ་ཐུབ་པས་མཚམས་འཇོག་ཟིན་པ་ཡིན་ཞེས་ཞུ་རྒྱུ་ཡིན།
བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཐུགས་ལ་གང་དྲན་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་གྲོས་ཚོགས་སུ་གསུང་རྒྱུར་གནོན་ཤུགས་ཀྱི་ཐོག་ནས་དགག་བྱ་བྱེད་རྒྱུའི་ཐབས་ལམ་ཞིག་བཙལ་བ་ཡིན་ན། དེ་ནི་མང་གཙོའི་ལྟ་གྲུབ་དང་རིང་ལུགས་གཉིས་ཀ་དང་འགལ་གྱི་རེད། འཇག་མ་ལ་འཇག་མ་རེད་ཅེས་གསུངས་ན་དེ་ལ་བཀའ་ཤག་ལ་སྤྲེལ་ལད་བཤད་པའམ་འཛིན་སྐྱོང་ལ་ངོ་བསྟོད་བྱས་པ། བཀའ་བློན་ལ་རེ་བ་བརྒྱབ་པ་རེད་ཅེས་གསུངས་ནས་དེ་འདྲའི་ལྟ་ཚུལ་དང་བཤད་ཚུལ་གྱི་ཁོར་ཡུག་ཅིག་བསྐྲུན་པ་ཡིན་ན། མི་ངོ་ཚ་སྨིན་པོ་དང་འཚེར་སྣང་ཆེ་བ་རྣམས་ཀྱི་གཞི་རིམ་སྨྲ་བརྗོད་ཀྱི་རང་དབང་ལ་ཕྱོགས་གཞན་ཞིག་ནས་བརྡལ་བཤིག་བཏང་བ་རང་རེད། དེ་འདྲ་ཡིན་ཙང་གྲོས་ཚོགས་ནང་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་གསུང་ཐུབ་རྒྱུ་དང༌། གསུང་ཆོག་རྒྱུའི་གོ་སྐབས་སྲུང་སྐྱོབ་གནང་རྒྱུ་དེ་བཀུར་འོས་ཚོགས་གཙོ་རྣམ་པའི་ཐུགས་འགན་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།
ད་གིན་གསོལ་ཇའི་དུས་ཚོད་ཀྱི་གནོན་ཤུགས་འོག་དོན་གནད་གལ་ཆེན་པོ་རེ་གཉིས་ཤིག་ཞུ་རྒྱུ་ལྷག་འདུག སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་ཡིག་ནང་རང་དབང་ལྡན་པའི་སྡེ་ཚན་གསུམ་གྱི་འགན་འཛིན་དེ་དག་ག་དུས་ཡིན་ནའང་བཀའ་ཤག་གི་འོག་ཏུ་ཚུད་པ་རེད་ཅེས་བཀའ་གནང་འདུག དེ་ག་དུས་ཀྱང་བཀའ་ཤག་འོག་ཏུ་ཚུད་ཡོད་མ་རེད། ད་ལྟའང་རང་དབང་ལྡན་པ་རེད། སྔོན་མའང་རང་དབང་ལྡན་པ་རེད། མ་འོངས་པར་ལའང་རང་དབང་ལྡན་པ་རང་བྱས་ནས་བསྡད་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། ཁོང་ཚོ་ག་དུས་ནས་བཀའ་ཤག་འོག་ཚུད་པ་རེད་ཅེས་གསུངས་པའི་རྒྱབ་ལྗོངས་གོ་རྒྱུ་དེ་ཕྱི་ཟླ་ ༡༡ ཚེས་ ༣༠ ལ་ཚོགས་པའི་ཚོགས་འདུ་དེའི་ནང་ལ་གདན་འདྲེན་ཞུས་འདུག དེ་བཀའ་ཤག་གི་འཛིན་སྐྱོང་བཀོད་ཁྱབ་འོག་གང་འདྲ་བྱས་ནས་གདན་འདྲེན་ཞུས་པ་རེད་ཅེས་གོ་དགོས་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་ན་རང་དབང་ལྡན་པའི་སྡེ་ཚན་གསུམ་པོ་དེ་མང་གཙོའི་ཀ་བ་གསུམ་ལས་ཐ་དད་རེད་ཞུ་རྒྱུ་ཡིན། མང་གཙོའི་ཀ་བ་གསུམ་རེད་མ་གཏོགས་དྲུག་ཡོད་མ་རེད། དེའི་ལམ་སྲོལ་གྱི་འོག་ནས་རང་དབང་ལྡན་པའི་སྡེ་ཚན་གསུམ་པོ་དེ་རང་རང་གི་ཕྱག་ལས་ཀྱི་ཐོག་ལ་རང་དབང་ལྡན་པ་རེད། རྩིས་ཞིབ་ཡིན་ན་རྩིས་ཞིབ་རང་གི་རྩིས་ཁྲ་ཕུད་རྩིས་ཞིབ་ཀྱི་ལས་དོན། གཞུང་ཞབས་འདེམས་བསྐོ་ཡིན་ན་གཞུང་ཞབས་འདེམས་བསྐོའི་ལས་དོན། འོས་བསྡུ་ལས་ཁང་ཡིན་ན་འོས་བསྡུ་ལས་ཁང་གི་ལས་དོན་བཅས་ཀྱི་ཐོག་འཛིན་སྐྱོང་ནས་བཏང་འཛིན་དབང་བསྒྱུར་མེད་པ་རེད། དེ་ལས་གཞན་པའི་ལས་ཁུངས་དེ་གསུམ་པོའི་འཛིན་སྐྱོང་གི་ཆ་ཤས་དེས་སྤྱི་ཡོངས་འཛིན་སྐྱོང་གི་ཁྱབ་ཁུངས་རེད་མ་གཏོགས། ཚོགས་དྲུང་ལས་ཁུངས་དང་ཁྲིམས་དྲུང་ལས་ཁུངས་ལྟ་བུའི་ཟུར་དུ་ས་མིག་གཏོད་རྒྱུ་དང༌། སྒྲིག་ཁྲིམས་བཟོ་རྒྱུ་སོགས་འཛིན་སྐྱོང་དང་བསྟུན་མི་དགོས་པའི་གནས་སྟངས་ཡོད་མ་རེད། དེ་འདྲ་ཡིན་ཙང་སྡེ་ཚན་སོ་སོའི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་དགོས་བྱུང་བ་ཡིན་ནའང་རང་དབང་ལྡན་པའི་སྡེ་ཚན་ཚོའི་འགན་འཛིན་བཀའ་ཤག་ལྷན་ཁང་དུ་ཡར་གདན་འདྲེན་ཞུས་ནས་ཚོགས་འདུ་འཚོགས་ཀྱི་ཡོད་རེད་མ་གཏོགས། བཀའ་བློན་རྣམ་པ་ཚོ་མར་ཕེབས་ནས་འཚོགས་ཀྱི་ཡོད་མ་རེད། ད་རེའི་ཚོགས་འདུ་འདིའི་ནང་ལའང་རྒྱུན་ལྡན་ལྟར་ཁོང་རྣམས་ཚོགས་འདུར་གདན་འདྲེན་ཞུས་པ་ཙམ་གྱིས་བཀའ་ཤག་གི་དབང་འོག་ཏུ་ཚུད་པ་ཆགས་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན། འདི་ལམ་སྲོལ་གསར་གཏོད་བྱས་པ་ཞིག་མ་རེད། སྔོན་མ་ནས་ཡོད་པ་རེད།
ཡང་ད་གིན་གསུང་ཕྱོགས་གཅིག་ལ་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྐབས་སུའང་གོ་སྒྲིག་ཚོགས་ཆུང་ནང་སྤྱི་འཐུས་ཡོད་རེད་ཅེས་བཀའ་གནང་སོང༌། དེ་དེ་ག་རང་རེད། ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྐབས་སྤྱི་འཐུས་རང་གི་ངོས་ནས་ལས་གཞི་དེ་བཙུགས་གནང་འདུག དེ་ཡིན་ཙང་མང་ཆེ་བ་ཞིག་སྤྱི་འཐུས་རྣམ་པས་ཐུགས་འགན་བཞེས་འདུག དེའི་རྗེས་གསེར་ཁྲི་མངའ་གསོལ་སོགས་དུས་དྲན་གཞན་ཁ་ཤས་བཀའ་སྤྱི་ཐུན་མོང་གི་ཐོག་ནས་གོ་སྒྲིག་གནང་བ་ཁག་གི་གོ་སྒྲིག་ཚོགས་ཆུང་ནང་སྤྱི་འཐུས་ཡོད་པ་རྣམས་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་འོག་ནས་བསྐོ་གཞག་གནང་བ་མ་གཏོགས་འཛིན་སྐྱོང་གི་བཀོད་ཁྱབ་འོག་ནས་ཚོགས་ཆུང་བསྐོས་པ་དེ་ཚོའི་ནང་ལ་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་ཤག་གི་རིང་ལ་སྤྱི་འཐུས་རྣམ་པ་བསྐོས་པ་བྱུང་མེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་མཐའ་དོན་གྲོས་ཚོགས་ཀྱི་རྭ་བ་འདིའི་ནང་ལ་གནང་བའི་བཀའ་མོལ་རྣམས་གྲོས་ཚོགས་ཀྱི་དེབ་ཐེར་ནང་བསྡད་རྒྱུ་ཡིན་ཙང་ཧ་ཅང་གལ་ཆེན་པོ་རེད། བཀུར་འོས་སྤྱི་འཐུས་གཅིག་གིས་ཐེངས་གཉིས་བསྐྱར་ལྡབ་གནང་ནས་བོད་ཀྱི་རྩ་དོན་གྱི་མཐའ་མའི་ཐག་གཅོད་བྱེད་རྒྱུའི་དབང་ཚད་དེ་སྤྱི་འཐུས་ལྷན་ཚོགས་གཅིག་པུ་ལ་ཡོད་ཅེས་བཀའ་གནང་སོང༌། བཀའ་མོལ་དེ་ཕྲན་བུ་ཁྱབ་ཆེ་དྲགས་མིན་འགྲོ་བསམ་གྱི་ཡོད། བོད་ཀྱི་རྩ་དོན་གྱི་མཐའ་མའི་ཐག་གཅོད་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་ཆོག་མཆན་མ་ཞུས་པར་གྲོས་ཚོགས་འདི་རྐྱང་པས་ཐག་གཅོད་གནང་ཆོག་གི་ཡོད་པ་ཞིག་དགོངས་པ་བཞེས་པ་ཡིན་ན། ད་ལྟའི་གནས་བབ་དང་བཅའ་ཁྲིམས་ཀྱི་དགོངས་དོན་གཉིས་ཀའི་ཐོག་ནས་གནས་ཚུལ་དེ་ཏག་ཏག་བསྡད་ཀྱི་ཡོད་མ་རེད། དེ་གྲོས་ཚོགས་ཀྱི་ས་མཚམས་ལས་བརྒལ་བའི་དགོངས་པ་བཞེས་ཚུལ་ཞིག་རེད་ཅེས་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥