བོད་ནང་ཞི་རྒོལ་རྒྱ་ཁྱབ་ཏུ་བྱུང་བ་དེའི་ཐོག་སླར་ཡང་གསལ་བཤད།
བཀའ་ཤག་གིས་བསམ་ཚུལ་ཞུ་དགོས་པ་རྣམས་གོང་དུ་ཞུས་ཟིན་པ་ཡིན། ཡིན་ནའང་ལས་དོན་མཚམས་འཇོག་གི་གྲོས་འཆར་དེའི་ཐོག་ལ་བགྲོ་གླེང་གི་རིམ་པའི་ནང་ལ་ཐད་ཀར་བཀའ་ཤག་ལ་འབོད་སྒྲ་སྦྱར་བའི་དགོངས་ཚུལ་མང་པོ་གནང་སོང༌། གནས་ཚུལ་ཁ་ཤས་ཤིག་བཀའ་ཤག་གིས་མ་ཞུས་པར་དེ་འདྲ་མང་པོ་ཞིག་བཀའ་གནང་སོང་ཞེས་ཞུས་སོང༌། དེ་ཚོ་ཁ་ཤས་ཤིག་གསལ་པོ་མ་བཟོས་པ་ཡིན་ན་སྟབས་མ་བདེ་བ་ཆགས་ཀྱི་འདུག དེ་འདྲ་ཡིན་ཙང་གོ་སྐབས་ཞུ་དགོས་པའི་རྒྱུ་མཚན་དེ་ཡིན།
དོན་ཚན་དང་པོ། འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་རྣམ་གསུམ་བཀུར་འོས་སྤྱི་འཐུས་རྣམ་པས་བཀའ་གནང་བ་དེ་ཚོ་ཚང་མའི་ནང་ནས་དུས་ཚོད་བསྲི་ཚགས་ཆེད་ཚང་མ་རེ་རེ་བྱས་ནས་ཞུ་མ་དགོས་པར་དངོས་སུ་འཛིན་སྐྱོང་གིས་ཞུ་ཐུབ་པའི་གནས་ཚུལ་དེ་ཚོ་ངེས་པར་དུ་ལག་བསྟར་ཞུ་ཡི་ཡིན། ཞུ་མི་ཐུབ་པ་དེ་ཚོ་ནི་བསམ་བློའི་ནང་ལ་འདུན་པ་ཡོད་པ་ཡིན་ནའང་མི་ཐུབ་པའི་གནས་སྟངས་མི་ཐུབ་པ་རང་རེད། དེ་ཡིན་དུས་དེའི་དབྱེ་བ་ཕྱེ་དགོས་རེད་བསམ་གྱི་འདུག་ཞུ་རྒྱུ་གཅིག་དེ་ཡིན།
དོན་ཚན་གཉིས་པ། དེ་གལ་ཆེན་པོ་གང་འདྲ་ཆགས་ཀྱི་འདུག་ཟེར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཅིག་ལ་ྋསྐྱབས་མགོན་རིན་པོ་ཆེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བཞག་ནས་ཞུ་སྐུལ་གནང་བར་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་གྱི་མཛད་འཆར་བཟོ་དགོས་ཀྱི་འདུག་ཅེས་དགོངས་འཆར་ཞིག་གནང་སོང༌། དགོངས་འཆར་དེ་ཚོའི་རིགས་ང་ཚོ་འཛིན་སྐྱོང་ངོས་ནས་གྲོས་ཚོགས་ནང་ལ་གནས་ཚུལ་དེའི་རིགས་བྱུང་སོང་ཞེས་ྋསྐྱབས་མགོན་རིན་པོ་ཆེར་སྙན་གསན་ཞུ་བ་ཙམ་མ་གཏོགས། དེ་ང་ཚོས་བསྒྲུབ་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་མ་རཻད་བསམ་གྱི་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ངོས་ནས་བོད་གཞིས་བྱེས་གཉིས་ཀྱི་བདེ་དོན་གྱི་ཆེད་དུ་གང་གནང་དགོས་ཀྱི་ཡོད་པ་དང༌། གང་གནང་དགོས་ཀྱི་མེད་པ་དེ་ཚོ་ ཛྲརྒྱ་མཚོའི་རླབས་བཞིན་དུས་ལས་མི་གཡོ་བ་ཛྲ གསུངས་པ་ནང་བཞིན་དུས་ལས་མི་གཡོལ་བ་བྱས་ནས་གནང་དང་གནང་བཞིན་པ་ཡིན། མ་འོངས་པར་གནང་གི་རེད་ཞུ་རྒྱུ་ཡིན། དེ་བཞིན་བོད་མི་མང་གི་མངོན་འདོད། ལྷག་པར་དུ་གཞིས་བྱེས་བོད་མིའི་མངོན་འདོད་དེ་ྋསྐྱབས་མགོན་རིན་པོ་ཆེས་ཐུགས་སྣང་གནང་གི་མེད་པ་ཞིག་དང༌། ྋསྐྱབས་མགོན་རིན་པོ་ཆེས་ངེས་པར་དུ་ཐུགས་སྣང་གནང་དགོས་པའི་རིགས་དངོས་སུ་འཛིན་སྐྱོང་བཀའ་ཤག་གི་མིང་ཐོག་ནས་གསུངས་པ་ཡིན་ནའང༌། ཤུགས་ནས་ང་ཚོས་གོ་བ་ལེན་པའི་སྐབས་ལ་འཛིན་སྐྱོང་བཀའ་ཤག་གི་བརྒྱུད་ནས་དགོངས་ཚུལ་དེ་ཚོ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ངེས་པར་དུ་མཁྱེན་དགོས་རྒྱུའི་གནས་ཚུལ་ཞིག་ཡིན་པ་རེད་བསམས་ནས་དེ་འདྲའི་གོ་རྟོགས་ཀྱི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་དགོངས་ཚུལ་གང་གསུངས་པ་དང༌། ང་རང་གིས་གང་ངེས་པ་མདོར་བསྡུས་ཤིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་ཟིན་པ་ཡིན། ད་དུང་རྗེས་ལ་བྱུང་བ་རྣམས་རིམ་པས་སྙན་གསན་ཞུ་རྒྱུ་ཡིན།
ཞོགས་པར་བཀའ་ཤག་གིས་གསལ་བཤད་ཞུས་པའི་སྐབས་ལ་ཁ་སང་བྱུང་བའི་ལྷ་སའི་གནས་ཚུལ་དེ་ཚོ་མི་རིགས་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ངོ་བོ་ལ་བཞག་པ་མ་གཏོགས། ཆོས་ལུགས་ཕན་ཚུན་གྱི་འཐབ་རྩོད་ཀྱི་ངོ་བོར་འཁྱེར་ན་འགྲིགས་ཀྱི་མིན་འདུག བརྒྱུད་ལམ་ཁག་ནས་དེ་འདྲའི་རིགས་བཟོ་ཐབས་བྱེད་ཀྱི་འདུག་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག ང་ཚོས་གསལ་བཤད་དེ་ལྟར་ཞུས་ཡིན་ཡང༌། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གསན་རྒྱུ་བཀའ་ཤག་གི་ངོས་ནས་ཆོས་ལུགས་ཕན་ཚུན་འཐབ་རྩོད་བྱེད་ཀྱི་ཡོད་པའི་བཀའ་གནང་བ་ལྟ་བུ་བྱུང་འདུག དེ་འདྲ་བཀའ་གནང་བ་ཡིན་ན་གསན་ཕྱོགས་ནོར་བ་རེད་ཅེས་ཞུ་རྒྱུ་ཡིན། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ལ་དེ་འདྲའི་འགན་འཁུར་མེད་པའི་སྐད་ཆ་བཤད་པ་དེས་འགྲིགས་ཀྱི་མིན་འདུག་ཅེས་བཀའ་ཤག་ངོས་ནས་ཞུས་ཡིན་མ་གཏོགས། གནས་ཚུལ་དེ་ཚོ་བཀའ་ཤག་ངོས་ནས་བདེན་པ་ཡིན་པར་ཆ་བཞག་ནས་བཀའ་ཤག་རང་གི་མཐོང་ཕྱོགས་ལ་ད་ལྟའི་བོད་ཀྱི་འཐབ་རྩོད་དེ་ཆོས་ལུགས་དབར་གྱི་འཐབ་རྩོད་ཡིན་པ་གཅིག་ལ་ནམ་ཡང་ངོས་ལེན་བྱེད་ཀྱི་མེད་ལ། བྱེད་ཐབས་ཀྱང་ཡོད་མ་རེད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་གང་ཡང་མ་རེད། ཡིན་ནའང་དེ་འདྲའི་འཁྱོག་བཤད་དེ་ཚོ་ལ་དྭོགས་ཟོན་གནང་དགོས་ཀྱི་འདུག་པའི་གནས་ཚུལ་ཞུས་པ་ཡིན། ད་ལྟ་བགྲོ་གླེང་མཇུག་བསྡོམས་འགྲོ་ཡི་ཡོད་རེད། བཀའ་ཤག་ངོས་ནས་རེ་བ་བྱེད་རྒྱུར་ཐོག་མའི་གསལ་བཤད་ཀྱི་ནང་ལ་མདོར་བསྡུས་བྱས་ནས་ཞུས་པ་ནང་བཞིན། ད་ལྟའི་ཛ་དྲག་གི་གནས་སྟངས་དེ་འདྲ་ཞིག་གི་འོག་ལ་རྒྱ་ཁྱབ་ལ་གནས་པའི་བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི་གནས་སྐབས་ཤིག་གི་རིང་ལ་གོམ་པ་སྤོ་སྟངས། ལས་འགུལ་བྱེད་ཕྱོགས་ཆ་ཚང་ལ་བཙན་བྱོལ་གཞུང་གི་ངོས་ནས་འགོ་ཁྲིད་ནས་ལམ་སྟོན་བྱེད་དགོས་པའི་གནས་སྐབས་ཤིག་ཆགས་ཀྱི་མེད་དམ་སྙམ། དེའི་ཐོག་ལ་ད་ལྟ་ང་ཚོའི་ལས་འཆར་གང་ཡང་ཕུལ་ཡོད་མ་རེད། དེ་འདྲའི་རིགས་བྱུང་བ་ཡིན་ན་རྐང་གནང་མཁན་དེ་སྤྱི་འཐུས་ལྷན་ཚོགས་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་དེའི་རིགས་གནད་འགག་ཆེན་པོ་རེད་བསམས་ནས་ཞུས་པ་ཡིན་ཡང༌། དེའི་ཐོག་ལ་བསྡོམས་བརྒྱབས་ནས་གྲོས་འཆར་དེའི་རིགས་སླེབས་སྲིད་པ་རེད། ང་ཚོ་བགྲོ་གླེང་ཉན་ནས་བསྡད་པའི་སྐབས་ལ་གནང་ཕྱོགས་དང་བྱེད་ཕྱོགས་དེ་གསལ་པོ་ཞིག་བྱུང་མ་སོང༌།
དེ་མ་ཡིན་པའི་ཆོས་རིག་ལས་ཁུངས་ནས་འདས་གསོན་ཚོ་ལ་ཆོས་སྡེ་ཁག་ཏུ་སྐྱབས་བསྔོ་ཕུལ་དགོས་པའི་དེ་འདྲའི་རིགས་གནས་ཚུལ་བསྒྲུབ་རྒྱུ་དང་བསྒྲུབ་དགོས་པ་མང་པོ་འདུག དེ་ཚོ་ཚང་མ་ཁ་སང་ནས་འགོ་བཙུགས་ཟིན་པ་ཞིག་རེད་ལ། མ་འོངས་པར་མུ་མཐུད་ནས་ཞུ་ཡི་ཡིན།
མཐའ་བསྡོམས་དེ་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ང་ཚོའི་བོད་མི་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་མཐོ་ཤོས་དེའི་ནང་ལ་ངས་བསྐྱར་ནན་བྱས་ནས་ཞུ་རྒྱུ་ལ། ད་ལྟའི་བོད་ཀྱི་གནས་བབ་དེ་བོད་ནང་དང༌། རྒྱ་ནག་གི་ནང༌། རྒྱལ་སྤྱིའི་ནང་ཚང་མ་ལ་ཧ་ཅང་གི་ཛ་དྲག་ཆེ་བའི་གོ་སྐབས་ཤིག་ཆགས་ཡོད་པ་དེ། ངས་བཤད་མ་དགོས་པར་སྤྱི་འཐུས་རྣམ་པ་ཚང་མས་ངོས་འཛིན་གནང་གི་འདུག ཡིན་ནའང་ཛ་དྲག་ཅན་གྱི་དུས་ཚོད་འདི་ང་ཚོའི་བཟང་ཕྱོགས་ལ་བེད་སྤྱོད་གནང་གི་རེད་དམ། ཡང་ན་སྐད་འབོད་ཙམ་བྱས་ནས་ཚིམ་པ་གནང་གི་རེད། དེ་དགོངས་པ་གཏིང་ཟབ་པོ་ཞིག་མ་བཞེས་ན་སྐད་ཤུགས་ཆེན་པོ་ཞིག་བརྒྱབ། འབྲེལ་བ་དེ་འགག་སོང་བ་དེ་ག་རང་གིས་འཐུས་པ་བྱས་ཏེ་ང་ཚོ་འདི་ནས་སྐད་བརྒྱབ་པ་དེ་སྦལ་པས་རྒྱ་མཚོའི་གཏིང་ནས་སྐད་བརྒྱབ་པ་དེ་ལྷའི་དབང་པོ་བརྒྱ་སྦྱིན་གྱིས་གསན་གྱི་མི་འདུག་ཟེར་བའི་བོད་ནང་སྔོན་མ་གཏམ་དཔེ་ཞིག་ཡོད་རེད། ཧུའུ་ཅིན་ཐའོ་ཡིས་གསན་གྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་དངོས་སུ་ལག་པའི་ནང་ལ་རག་རྒྱུའི་གནང་ཕྱོགས་བྱེད་ཕྱོགས་ག་རེ་འདུག འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ནུས་འབྲེལ་བའི་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་འདུག དེའི་ཐོག་ལ་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་དངོས་སུ་ལས་འགུལ་ནང་ལ་འགྲོ་མཁན་གྱི་བོད་མི་མང་ཚོགས་གཉིས་པོ་དེ་བསམ་བློ་ཐ་དད་དང༌། སྐད་ཐ་དད། འབོད་སྒྲ་ཐ་དད་བྱས་ནས་ཕྱིན་པ་ཡིན་ན། དེ་ང་ཚོའི་སྟོབས་ཤུགས་རེད་དམ། ཡང་ན་དེ་ང་ཚོའི་ཞན་ཆ་རེད། དེའི་ཐག་གཅོད་སྤྱི་འཐུས་གྲོས་ཚོགས་ཀྱི་གནང་དགོས་རེད་བསམ་གྱི་འདུག དེ་འཛིན་སྐྱོང་གིས་གནང་ཐུབ་རྒྱུའི་ཐག་གཅོད་ཅིག་མ་རེད། དེ་རིང་ང་ཚོ་ཚང་མ་ཁ་གཅིག་གྲག་དང་བསམ་པ་གཅིག་མཐུན་བྱས་ནས་ལས་འགུལ་བརྩམ་དགོས་པའི་གོ་སྐབས་ཤིག་ཡིན་པ་སྨོས་མ་དགོས། ང་ཚོ་མང་གཙོའི་སྤྱི་ཚོགས་ནང་ཡོད་ཅེས་བརྗོད་ནས་ཁེ་ཕན་བླངས་ཏེ་དབུ་ཁྲིད་དང་རྗེས་འཇུག་གཉིས་ཀྱི་བར་ལ་སྐད་དང༌། འབོད་སྒྲ། བསམ་ཚུལ། ཐབས་ལམ་ཚང་མ་ཐ་དད་བྱས་ནས་ཕྱིན་ན། ང་ཚོའི་ལོ་རྒྱུས་ཀྱིས་བསྐུར་བའི་ལས་འགན་དེ་ང་ཚོས་བསྒྲུབ་གནང་ཐུབ་ཀྱི་ཡོད་རེད་དམ་ཡོད་མ་རེད་ངེས་པར་དུ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་དང༌། ཚང་མའི་ཐུགས་ལ་བབས་མིན་ལ་མ་ལྟོས་པར་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཞུ་རྒྱུའི་འདོད་པ་བྱུང་སོང༌།
ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥