བོད་ཆས་བཞེས་དགོས་ཀྱི་གྲོས་ཆོད་དང་འབྲེལ་བའི་སྐོར།

གྲོས་ཚོགས་སྐབས་སྤྱི་འཐུས་རྣམས་ཀྱིས་བོད་ཆས་བཞེས་དགོས་ཀྱི་གྲོས་ཆོད་དང་འབྲེལ་བའི་སྐོར།
ད་ལྟ་གསུང་བཤད་གནང་མཁན་ཁ་ཤས་ཀྱིས་སྤྱི་འཐུས་རྣམ་པ་མ་གཏོགས་བཀའ་བློན་རྣམ་པ་འཁོད་མི་འདུག་ཟེར་ནས་དྲི་བ་གཅིག་བྱུང༌། སྐབས་བཅིུག་པའི་སྤྱི་འཐུས་སྔོན་ལ་སྤྱི་འཐུས་དང༌། བཀའ་ཤག གཞུང་ཞབས་མཐོ་རིམ་ཡོད་པའི་ཆེས་མཐོའི་རྒྱུན་ལས་ཟེར་བ་ཞིག་རྡ་རམ་ས་ལར་ཡོད་འདུག ཆེས་མཐོའི་རྒྱུན་ལས་ཀྱི་སྒྲིག་གཞིའི་ནང་ཆེས་མཐོའི་རྒྱུན་ལས་ག་དུས་ཚོགས་པ་ཡིན་ན་ན་བཟའ་མ་མཆོད་པར་ཡོང་མི་ཆོག་པའི་སྒྲིག་གཞི་ཞིག་ཡོད་འདུག དེ་འདྲ་སོང་ཙང༌། བཀའ་བློན་རྣམ་པ་གྲོས་ཚོགས་སུ་ཕེབས་སྐབས་ཆེས་མཐོའི་རྒྱུན་ལས་ཀྱི་སྒྲིག་གཞི་དེ་གོམས་གཤིས་ལྟ་བུ་བསྣམས་ནས་ན་བཟའ་མཆོད་ནས་ཕེབས་ཀྱི་ཡོད་རེད། སྐབས་བཅིུག་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པ་ནས་སྤྱི་འཐུས་ཚོས་ན་བཟའ་བཞེས་དགོས་འདུག་མི་འདུག་གྲོས་ཚོགས་ཀྱི་ཕྱི་ལ་བཀའ་མོལ་བྱུང་བ་རེད་དེ། སྤྱི་འཐུས་རྣམ་པ་ཚོ་ན་བཟའ་མ་མཆོད་པར་ཕེབས་མཁན་མང་དུ་ཕྱིན་ནས་ད་ལྟའི་གནས་སྐབས་ཇི་བཞིན་མང་ཆེ་བས་ན་བཟའ་མ་བཞེས་ནས་ཕེབས་རྒྱུ་འགོ་ཚུགས་པ་རེད། ཚོགས་གཙོའི་ངོས་ནས་གང་ཞུས་ཡོད་ཅེ་ན། ཚོགས་གཙོ་ཚོགས་གཞོན་ངེས་པར་དུ་ན་བཟའ་བཞེས་ནས་ཕེབས་རྒྱུ་དང༌། ཚོགས་དྲུང་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་པ་ཚོགས་ཁང་ནང་ཞབས་འདེགས་ཞུ་དགོས་མཁན་ཚང་མས་ན་བཟའ་མཆོད་དགོས་པའི་སྒྲིག་གཞི་བཟོས་ཏེ། ང་ཚོའི་གྲལ་རིམ་བཞི་པའི་ཕྱག་ལས་གནང་མཁན་ཚོར་གཞུང་གིས་ན་བཟའ་སྒྲིག་ཆས་བཟོས་ཏེ་ཕུལ་ཡོད་རེད། དེ་སྐབས་སྤྱི་འཐུས་ཚོའི་ཐོག་ལ་བཀའ་འདི་བཏང་ཐུབ་ཡོད་མ་རེད། ཡིན་ནའང་ཚོགས་གཙོ་གཞོན་པ་དང༌། ཚོགས་དྲུང་གིས་མཚོན་པའི་ལས་བྱེད་ཚོ་ངེས་པར་དུ་ན་བཟའ་མཆོད་དགོས་པའི་ཐག་བཅད་ནས། གཅིག་བྱས་ན་འདིས་སྐུལ་ལྕག་ཐེབས་ནས་སྤྱི་འཐུས་ཚང་མས་ན་བཟའ་བཞེས་ནས་ཕེབས་ཀྱི་རེད་བསམ་པ་རེད། བཀའ་བློན་རྣམ་པ་ཁ་ཤས་ན་བཟའ་མ་མཆོད་པར་གྲོས་ཚོགས་ནང་ཐེངས་གཅིག་གཉིས་ཤིག་ཕེབས་པར། ཚོགས་གཙོ་གཉིས་ཀྱི་ངོས་ནས་སྔོན་མའི་ཆེས་མཐོའི་རྒྱུན་ལས་ཀྱི་སྒྲིག་གཞི་གཞིར་བཟུང་བྱས་ནས་བཀའ་བློན་རྣམ་པ་ཚོ་ན་བཟའ་མཆོད་ནས་ཕེབས་ན་ཡག་པོ་འདུག་ཅེས་ཞུས་པ་གཞིར་བཟུང་གསན་ནས་ད་ཕན་བཀའ་བློན་རྣམ་པ་ཚོ་གྲོས་ཚོགས་ཀྱི་ནང་ན་བཟའ་མ་མཆོད་ནས་ཕེབས་མཁན་གཅིག་ཀྱང་བྱུང་ཡོད་མ་རེད། དཔེར་ན་ད་རིང་གི་གནས་སྐབས་ལ་ཆ་མཚོན་ན། གཟིགས་བཞིན་པ་འདི་རེད། སྤྱི་འཐུས་ནང་ན་བཟའ་མ་མཆོད་མཁན་མང་པོ་ཡོད་རེད། བཀའ་བློན་རྣམ་པ་ཚོ་ན་བཟའ་མ་མཆོད་པར་ཕེབས་ཀྱི་ཡོད་མ་རེད། ང་ཚོའི་གྲོས་ཆོད་འདི་བཞག་རྗེས་སྤྱི་འཐུས་ཡོངས་རྫོགས་ན་བཟའ་མཆོད་དེ་ཕེབས། བཀའ་བློན་རྣམ་པ་ཚོ་ཕོ་རོག་དཀར་པོ་བཞིན་ན་བཟའ་ཕུད་ནས་ཕེབས་ཀྱི་མ་རེད་སྙམ། དེར་བརྟེན་ང་ཚོའི་གྲོས་ཆོད་ཀྱི་ཚིག་གཞིའི་ནང་བཀའ་བློན་ཚོ་མ་འཁོད་པ་ཡིན་ནའང་སྐྱོན་མེད། སྐྱོན་མེད་པ་གང་ཡིན་ཞུ་ན། ཚོགས་གཙོ་གཉིས་ཀྱིས་བཀའ་བློན་ཚོ་དོ་དམ་བྱེད་རྒྱུ་དེ་སྤྱི་འཐུས་རྣམ་པ་ཚོ་ལས་སྐབས་རེ་ལས་སླ་བ་ཡོད་རེད། གང་ཡིན་ཟེར་ན། བཀའ་བློན་ཚོས་གྲོས་ཚོགས་ལ་འགན་འཁྱེར་དགོས་ཡོད་རེད། སྤྱི་འཐུས་ཚོ་གཅིག་གིས་གཅིག་ལ་འགན་འཁྱེར་རོགས་བྱེད་ཀྱི་ཡོད་མ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༦/༠༩/༡༦ ་་་ ༡༩༩༦/༠༩/༢༦