བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་ཚོད་བལྟ་དང་ལམ་སྟོན་སྡེ་ཚན་གྱི་འཕྲལ་ཕུགས་ཀྱི་དགོས་དམིགས་དང་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི།
༄༅། ། བཙན་བྱོལ་བོད་མིའི་སོ་ནམ་གཞིས་སྒར་ཁག་གི་ཞིང་འབྲོག་དང་འབྲེལ་བའི་ལས་དོན་གྱི་དམིགས་ཡུལ་ཁག་ནི།
ཀ མ་འོངས་པའི་བོད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར་འཚེ་བ་མེད་པའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན་སྟབས། མ་འོངས་བོད་ཀྱི་ས་བཅུད་དང་ཆུ་རྒྱུན་བདག་གཅེས་དང་སྲུང་སྐྱོབ་ཚད་ལྡན་གྱི་སྒོ་ནས་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ་དང༌། ངལ་རྩོལ་ཆུང་བའི་སྲོལ་རྒྱུན་དང་རང་བཞིན་གྱི་གཏིང་ཟབ་སོ་ནམ་ལས་རིགས་རྒྱ་ཁྱབ་ཏུ་སྤེལ་ཏེ། འཛམ་གླིང་ནང་རྫས་སྦྱོར་གྱིས་མ་བསླད་པའི་ཟ་འབྲུ་རྙེད་དཀའ་བའི་བསྐལ་པ་ཤར་ཚེ་བོད་དེ་རྫས་སྦྱོར་གྱིས་མ་བསླད་པའི་ཟ་འབྲུའི་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཏུ་བསྒྱུར་རྒྱུའི་ཕུགས་དམིགས་ཡོད་པ་ལྟར། ད་ལྟ་ནས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ས་བཅུད་བདག་གཅེས་དང༌། ཆུ་རྒྱུན་སྲུང་སྐྱོབ་གཞི་རྩར་བཟུང་བའི་ཁོར་ཡུག་ལ་མི་གནོད་ཅིང༌། འཚེ་བ་མེད་པའི་སྲོལ་རྒྱུན་དང་རང་བཞིན་གྱི་སོ་ནམ་ལས་གཞི་སྣ་ཚོགས་ཀྱི་ཚོད་བལྟ་དང་ཉམས་མྱོང་གསོག་རྒྱུའི་ལམ་སྟོན་བྱ་རྒྱུ།
ཁ དེ་འདྲའི་གཏིང་ཟབ་ཀྱི་སོ་ནམ་འདེབས་ལས་ཀྱི་ལམ་ནས་བོད་མིའི་གཞིས་སྒར་ཁག་གི་ད་ཡོད་ཞིང་ས་རྣམས་བཙན་བྱོལ་བོད་མི་ཡོངས་ཀྱི་འཚོ་རྟེན་བསྐྲུན་ཐུབ་ངེས་ཀྱི་སྟོན་འབྲས་འབྱུང་ཁུངས་སུ་གྱུར་ཏེ་གཞིས་ཆགས་ཁག་གི་འཚོ་ཐབས་བརྟན་ལྷིང་དང༌། སློབ་ཐོན་བོད་མི་ན་གཞོན་རྣམས་ཀྱང་གཞིས་ཆགས་ཁག་ཏུ་སོ་ནམ་དང་ཕྱུགས་གསོ། བཟོ་ལས་ཆུང་ཙག་དང་ལག་རྩལ་བཟོ་ལས་ཀྱི་ལས་རིགས་ཁག་ལ་བརྟེན་ནས་གཞིས་ཆགས་སོ་སོར་བབས་ལྷིང་བརྟན་གནས་ཐུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ།
ག ད་ཕན་དེང་རབས་ཀྱི་སོ་ནམ་དང་རྫས་ལུད་འབུ་དུག་རྩ་དུག་སོགས་ཀྱིས་རྐྱེན་པས་ས་བཅུད་ཉམས་དམས་དང༌། ཁོར་ཡུག་ལ་གནོད་སྐྱོན་ཕྱིན་པ་དེ་དག་སླར་གསོའི་སླད་སྟོན་ཐོག་བརྗེ་ལེན་དང༌། རྫས་ལུད་དང་འབུ་དུག་རྩ་དུག་མཚམས་འཇོག ཞིང་གི་མུ་ཚིགས་སྲ་བརྟན་བཟོ་རྒྱུ། ཆར་ཆུ་བཀག་བསྐྱིལ་གྱི་རྫིང་རགས་བསྐྲུན་རྒྱུ་བཅས་ཀྱི་ལས་དོན་ལ་ཧུར་འབུང་བྱ་རྒྱུ།
ང ས་བཅུད་བུམ་གཏེར་སྦ་བ་དང༌། སྤྱན་གཟན་འཚེ་སྲུང༌། སད་སེར་སྲུང་བ། ཆར་འབེབས་རླུང་གནོན་སོགས་སྲོལ་རྒྱུན་གྱི་ཞིང་འབྲོག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ཆོ་གའི་རིགས་སླར་གསོ་བྱས་ཏེ་བོད་མིའི་སྡོད་སྒར་ཁག་དང་ཁྱིམ་མཚེས་རྒྱ་གར་གྱི་ཞིང་པ་རྣམས་ལའང་ཕན་ཐོགས་ཡོད་པའི་ཐབས་ལམ་སྤེལ་རྒྱུ།
ཅ ས་དང་ཆུའི་བཅུད་ཉམས་ཤིང་རྫས་ངན་འདྲེས་པ་དང༌། དུག་རླངས་ཀྱིས་སྦགས་པའི་རླུང་མི་གཙང་བ་སོགས་ཁོར་ཡུག་གི་ཉམས་ཆག་གསོས་ཤིང༌། ཁོར་ཡུག་སྲུང་སྐྱོབ་ལ་སྨན་པའི་ལས་དོན་མཐའ་དག་གོང་འཕེལ་གཏོང་རྒྱུ།
ཆ དེང་རབས་ཀྱི་བག་མེད་ལོངས་སྤྱོད་དང༌། གོ་ལ་གཅིག་བསྒྱུར་གྱི་སྲོལ་ངན་ལ་གདོང་ལེན་ངོ་རྒོལ་གྱི་རྒྱལ་སྤྱིའི་ལས་འགུལ་ནང་བོད་མི་བཙན་བྱོལ་བ་ཡོངས་ཀྱིས་ཞབས་འདེགས་རོགས་ཕན་ཅི་ཐུབ་ཞུ་རྒྱུ་སྤྱི་དང༌། ཁྱད་པར་ཞིང་པ་དང་ཞིང་ས་གཉིས་ཀར་མུ་མཐའ་མེད་པའི་བཤུ་གཞོག་གི་ལས་རིམ་ཁག་གི་ཆ་ཤས་སུ་གྱུར་པའི་རྫས་ལུད་དང་འབུ་དུག་རྩ་དུག རིགས་གཉིས་པ་དང་རིགས་ཆད་ས་བོན། ལྗང་ལྗོན་གཏེ་པོར་བྱས་པ་སོགས་ཀྱི་ནག་ཉེས་ཅན་གྱི་ལས་དོན་ལ་ཕྱིར་བཟློག་དང་ངོ་རྒོལ་རྒྱུན་ལྡན་དུ་བྱ་རྒྱུ།
ཇ གོང་གསལ་ལས་དོན་དེ་དག་གི་ཆེད་མང་ཚོགས་སུ་བསམ་བློའི་གཞི་རྟེན་བསྐྲུན་པའི་སླད་དེང་རབས་ཀྱི་སོ་ནམ་ལས་རིགས་ཀྱི་ཉེས་སྐྱོན་དང༌། སྲོལ་རྒྱུན་གྱི་སྐྱེ་ལྡན་སོ་ནམ་དང་རང་བཞིན་སོ་ནམ་ལས་རིགས་ཀྱི་ཕན་ཡོན། ས་ཆུའི་བཅུད་དང་འབྱུང་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ཀྱི་དགོས་གལ་དང་ཕན་ཡོན། དེ་དག་གི་ཐབས་ལམ་སྟོན་པའི་རིག་པའི་གཞུང་ལུགས་རྣམས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་ཚད་ལྡན་མུ་མཐུད་དུ་བྱ་རྒྱུ་དང༌། བདག་ཉིད་ཆེན་པོ་གཱན་དྷཱི་དང་དེའི་རྗེས་འབྲངས་རྣམས་ཀྱིས་བརྩམས་པའི་སྐྱེ་ལྡན་སོ་ནམ་དང༌། སྒོ་ཕྱུགས་གསོ་སྐྱོང༌། གྲོང་གསེབ་རང་སྐྱོང༌། མཁས་དབང་མ་ས་ནོ་བུ་ཕུ་ཀུ་ཨོ་ཀ་མཆོག་གིས་བརྩམས་པའི་རང་བཞིན་སོ་ནམ་གྱི་གཞུང་ལུགས་རྣམས་པར་འགྲེམས་དང་བོད་བསྒྱུར་གྱིས་ཁྱབ་སྤེལ་བྱ་རྒྱུ།
ཉ གོང་གསལ་ལས་དོན་རྣམས་ཚུལ་བཞིན་ལག་བསྟར་ཡོང་ཆེད་ལོ་ལྔའི་འཆར་གཞིའི་དུས་ཚོད་རེའུ་མིག་དང་བཅས་པ་བཟོ་རྒྱུ་དང༌། བོད་མིའི་སོ་ནམ་གཞིས་སྒར་ཡོངས་རྫོགས་ཀྱི་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་མཁོ་བསྡུ་དང་ཉམས་ཞིབ་ཀྱི་གནས་བབས་སྙན་ཐོ་ཚད་ལྡན་ཞིག་འཕྲལ་དུ་བསྐྲུན་ཏེ་དེ་དག་ཀམ་པུ་ཀྲར་ལས་གཞིའི་རེའུ་མིག་ཏུ་བཅུག་སྟེ་དུས་ནས་དུས་སུ་སྣོན་འཕྲི་བསྐྱར་བཅོས་ཀྱི་ལམ་ནས་དུས་ཡུན་རིང་པོའི་བར་བེད་སྤྱོད་ཐུབ་པ་བཟོ་རྒྱུ།
ཏ གོང་གསལ་གྱི་ལས་རིགས་དེ་དག་གི་སླད་དུ་མི་དང་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་བྱེད་ཕྱོགས་ཀྱི་ཁྱབ་ཆེ་བའི་གཞི་རིམ་གྱི་འཆར་གཞི་བཀོད་བསྒྲིགས་བྱ་རྒྱུ་བཅས།
ལས་འཆར།
ཀ ད་ལྟའི་སོ་ནམ་གཞིས་སྒར་ཁག་གི་དངོས་ཡོད་གནས་བབས་ཀྱི་སྙན་ཐོ་ཚད་ལྡན་ཞིག་མཁོ་བསྡུ་བྱེད་སླད་གནས་བབས་སྙན་ཐོ་འགེངས་ཤོག་གཏན་འབེབས་ཐོག་སྙན་ཐོ་བསྡུ་རུབ་བྱ་རྒྱུ།
ཁ སྙན་ཐོ་འགེངས་ཤོག་འབྱོར་མཚམས་ཕྱོགས་བསྡོམས་དང་ཉམས་ཞིབ་ཀྱི་ཐོག་ནས་སྤྱི་ཡོངས་གནས་བབས་དང་འབྱུང་འགྱུར་བྱེད་འཆར་གྱི་རྒྱབ་གཉེར་བཅས་འབུལ་རྒྱུ།
ག ས་གནས་ཁ་ཤས་ལ་བསྐྱར་ཞིབ་གཏིང་ཟབ་སླད་ལྟ་སྐོར་ཆེད་མི་འགྲོ་ཆེད་གཏོང་བྱ་རྒྱུ།
ང དངོས་ཡོད་གནས་བབས་ཀྱི་སྙན་ཐོ་དང༌། དེ་འབྲེལ་གྱི་རྒྱབ་གཉེར་ཁག་གཞིར་བཟུང་སྲོལ་རྒྱུན་དང༌། རང་བཞིན་སོ་ནམ་ཞིང་ལས་དང༌། སྒོ་ཕྱུགས་གསོ་སྐྱོང་བཅས་ཀྱི་ཚོད་བལྟ་དང༌། སྦྱོང་བརྡར། དངོས་སུ་ལག་ལེན་བསྟར་ཕྱོགས་ཀྱི་འཆར་གཞི་རྒྱས་པ་བཟོ་འགོད་དང་གཏན་འབེབས་ཀྱིས་གཞིས་སྒར་ཡོངས་ལ་གསལ་བསྒྲགས་བྱ་རྒྱུ།
ཅ འཆར་གཞི་དེ་དག་ལག་བསྟར་ཆེད་སོ་ནམ་སློབ་སྟོན་པ་རྣམས་ལ་ཟབ་སྦྱོང་སྤྲོད་རྒྱུ།
ཆ སོ་ནམ་སློབ་སྟོན་པ་སོ་སོའི་ས་གནས་སུ་སྲོལ་རྒྱུན་དང་རང་བཞིན་གྱི་སོ་ནམ་ལས་རིགས་ཚོད་བལྟ་ལས་དོན་འགོ་འཛུགས་བྱ་རྒྱུ་དང༌། དེ་མཚུངས་གཞིས་མི་ཁག་གི་ཚོད་བལྟའི་ནང་མཉམ་ཞུགས་བྱེད་མཁན་ཡོད་རིགས་ལ་བློ་སྤོབས་སྤེལ་ཐབས་བྱ་རྒྱུ་དང༌། ཚོད་བལྟའི་སྐབས་གྱོང་གུན་ཆགས་རིགས་ལ་གུན་གསབ་སྤྲོད་རྒྱུའི་ཆ་རྐྱེན་བཟོ་རྒྱུ་བཅས་ཀྱི་གཏན་འབེབས་གནང་འདུག
ཇ ཚོད་བལྟའི་ལས་རིམ་གྱི་གྲུབ་འབྲས་བསྐྱར་ཞིབ་ཐོག་གཞིས་སྒར་ཡོངས་ཀྱི་སོ་ནམ་ལམ་སྲོལ་དངོས་སུ་འགྱུར་བ་གཏོང་རྒྱུའི་ལས་རིམ་ལག་བསྟར་བྱ་རྒྱུ། ད་ཡོད་གནས་ཚུལ་སྙན་ཐཱུའི་འགེངས་ཤོག་དང་ཕྱི་ལོ་ ༢༠༠༢། ༢༠༠༣ བར་གྱི་ལས་འཆར་དུས་ཚོད་རེའུ་མིག་ཟུར་གསལ་གཏན་འབེབས་གནང་ཡོད།