བོད་གཞུང་གི་དྲྭ་བརྙན་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།
༄༅། ། ཕྱག་འབྲེལ་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། སྐུ་མགྲོན་རྣམ་པ། འདིར་ཕེབས་བཞུགས་གནང་མཁན་ལྷན་རྒྱས་ལ། ཕྱི་དྲིལ་ལས་ཁུངས་ནས་དུས་ཡུན་ལོ་གཅིག་ལྷག་ཙམ་རིང་ལ་འཆར་གཞི་བསྒྲིགས་ཏེ་དེ་རིང་འདིར་འགོ་འཛུགས་གནང་ཐུབ་པ་བྱུང་བ་དེར་དགའ་པོ་ཞེ་དྲགས་བྱུང༌། དེ་འབྲེལ་ཕྱག་ལས་གནང་མཁན་ཚང་མར་ལེགས་སོ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སྐབས་ཆབ་སྲིད་དང་སྤྱི་ཚོགས་ཤེས་ཡོན་ཆོས་ཕྱོགས་ཀྱི་ལས་དོན་གང་གི་ཐོག་ནས་དྲིལ་བསྒྲགས་ཆེད་དུ་འཕྲུལ་ལས་བཟོ་རྩལ་རིག་པའི་Information Technologyམཐུན་འགྱུར་དགོས་རྒྱུ་དེ་གནད་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། གཅིག་བྱས་ན་དེས་དེང་རབས་ཀྱི་འཕྲུལ་ཆས་དང་ཚན་རིག་ཡར་རྒྱས་ཕྱིན་པའི་ནང་གི་ཕན་ཐོགས་ཤོས་དང༌། བེད་སྤྱོད་གཏོང་བའི་སྐབས་སུ་བེད་སྤྱོད་ལོག་པ་གཏོང་རྒྱུ་ཉུང་བ་དང་བེད་སྤྱོད་ཚད་ལྡན་གཏོང་རྒྱུ་མང་བ་ཡོད་པའི་འཕྲུལ་རིག་ཅིག་ཏུ་རྩིས་ཀྱི་ཡོད། སྤྱིར་ཚན་རིག་དང་འབྲེལ་བའི་འཕྲུལ་རིག་ཅིག་ཡིན་ཕྱིན་སྐྱོན་གཅིག་ཀྱང་མེད་པ་ཞིག་ཡོང་རྒྱུ་ཁག་པོ་རེད། འོན་ཀྱང་སྐྱོན་དང་ཡོན་ཏན་གཉིས་ཀྱི་ནང་ནས་ཡོན་ཏན་མང་བ་ཡོད་པའི་འཕྲུལ་རིག་ཅིག་དང༌། ཕྱོགས་ཚང་མ་ནས་བེད་སྤྱོད་ཡོད་པའི་འཕྲུལ་རིག་ཅིག་ཡིན་པའི་སྐབས་སུ་ང་ཚོས་དེ་བེད་སྤྱོད་ཆ་ཚང་གཏོང་དགོས་རྒྱུ་དེ་བཀའ་ཤག་སྐབས་ ༡༢ པས་གལ་ཆེ་ཞིག་ཏུ་རྩིས་ཀྱི་ཡོད། ཡིན་ནའང་ང་ཚོའི་བོད་པའི་སྤྱི་ཚོགས་ནང་དང༌། ལྷག་པར་དུ་རྡ་རམ་ས་ལའི་དཀྱིལ་འཁོར་ནང་དུ་ལས་དོན་གང་ཞིག་ཡིན་ནའང་འགོ་འཛུགས་མང་པོ་ཞིག་བྱེད་ཐུབ་ཀྱི་ཡོད་རུང༌། འགོ་འཛུགས་བྱས་པའི་ལས་དོན་དེའི་སྤུས་ཚད་དེ་ལེགས་ཤོས་ཤིག་ཡོང་རྒྱུ་ཁག་པོ་འདུག སྤྱིར་སྟངས་གཞུང་གི་ལས་ཀ་མང་ཆེ་བ་དེ་འདྲ་ཞིག་ཡིན་པ་རེད། འཆར་ཅན་གྱི་བྱེད་སྟངས་ཙམ་ལས་ཡར་རྒྱས་ཀྱི་མགྱོགས་ཚད་མེད་པ་ཞིག་དང་དེའི་ཚབ་ཏུ་གང་འཚམས་ཤིག་ནས་རྒྱ་གར་བའི་ངག་རྒྱུན་དུ་བཤད་སྲོལ་ཡོད་པ་ལྟར་གཞུང་གི་ལས་ཀ་ཞེས་ཁྲལ་འཁྱོལ་ཙམ་ཞིག་གིས་འགྲིགས་པ་ཆགས་ཀྱི་ཡོད་པ་རེད། ད་ལྟ་ཕྱི་དྲིལ་བཀའ་བློན་ནས་ཟླ་བ་རེ་དང༌། དེ་ནས་ཉིན་གྲངས་ ༡༥ དེ་ནས་བདུན་ཕྲག་རེ་ནས་འདོན་སྤེལ་དང་ཡར་རྒྱས་གཏོང་རྒྱུ་ཡིན་གསུངས་པ་དེ་ཡག་པོ་ཞེ་དྲགས་རེད། ངོས་ནས་ཀྱང་དེ་ལྟར་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། དེ་མིན་ཐོག་མར་ཟླ་བ་གཅིག་དང༌། དེ་ནས་གཉིས། དེ་ནས་ཟླ་བ་བཞི། གང་འཚམས་ནས་ཡལ་འགྲོ་བ་ཡིན་ན་མི་འགྲིག་པ་ཞིག་རེད། ལས་ཀ་གང་ཞིག་ཡིན་ནའང་བྱས་པ་དེ་ཚད་དང་ལྡན་པ་ཞིག་བྱེད་དགོས་རྒྱུ་དང༌། ཅི་སྟེ་ཚད་དང་ལྡན་པ་ཞིག་ཡོང་གི་མེད་ན་མ་བྱས་ན་ཡག་པ་མཐོང་གི་ཡོད། ལས་ཀ་དེའི་ཡན་ལག་ཚང་ལ་མ་ཚང་དང༌། བྱེད་ཐུབ་ཙམ་མ་ཐུབ་ཙམ་གྱི་ལས་ཀ་ཞིག་བྱེད་པ་ལས་མ་བྱེད་ན་ཡག་པ་ཞིག་དང་དེ་ལས་སྒྲུབ་ཐུབ་ངེས་ཀྱི་ལས་ཀ་གཞན་ཞིག་བྱེད་ཀྱང་ཆོག་པ་ཞིག་རེད། བོད་ཀྱི་གཏམ་དཔེ་ཞིག་ལ་འཕྲལ་མངོན་སླ་བཅོས་ཞེས་པ་དེ་བྱེད་མི་རུང་བ་ཞིག་ཡིན། ལས་དོན་གང་ཞིག་ཡིན་རུང་ཁྱད་ལས་ཀྱི་ངོ་བོ་ལྡན་དགོས་པ་ཞིག་ཡིན་རྒྱུར་གལ་ཆེ་རྩིས་ཀྱི་ཡོད། ང་ཚོ་ཆོས་ཕྱོགས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ཡང་ཁྱད་ལས་ཀྱི་རྣམ་པ་ལྡན་པ་ཞིག་མ་བྱུང་ཕྱིན་ཆོས་ཚད་ལྡན་ཞིག་ཡོང་གི་མེད་པ་རེད། འཇིག་རྟེན་ཆབ་སྲིད་ཀྱི་ལས་དོན་དང༌། ལྷག་པར་དུའང་དེང་རབས་ཀྱི་འཕྲུལ་ཆས་ལས་དོན་དེ་ཚོ་ངེས་པར་དུ་ཚད་ལྡན་ཞིག་དང༌། དེའི་ནང་དུ་འཇོན་ཐང་གི་རྣམ་པ་ཆ་ཚང་ཡོད་བསྡད་པ་ཞིག་མེད་པ་ཡིན་ན། ར་མ་ལུག་ལྟ་བུ་ཞིག་ཏུ་ཆགས་འགྲོ་གི་ཡོད་པ་རེད། དྲ་རྒྱའི་ལས་དོན་དང་ཀམ་པུ་ཀྲར་སྡེ་ཚན་དེ་བཀའ་ཤག་སྐབས་ ༡༢ པའི་ལོ་ལྔའི་རིང་ལ་བསམ་བློའི་ནང་དུ་འདུན་པ་གང་ཡོད་པ་བཞིན་རྩ་བ་ནས་བྱས་ཐུབ་མེད། དེ་མ་ཐུབ་པའི་རྐྱེན་རྩ་གང་དུ་ཐུག་མིན་ཤེས་ཐུབ་མ་སོང་ཡང༌། ལས་དོན་མ་འགྲུབ་པའི་འགན་འཁྲི་དེ་འགོ་ལ་སྡོད་མཁན་དེར་ཐུག་གི་ཡོད་པ་རེད། ཆག་སྒོ་བྱུང་ན་འགོ་དང་མུ་གེ་བྱུང་ན་མཐའ་ཟེར་བའི་དཔེ་ལྟར་འགན་ཁུར་འགོ་ལ་སྡོད་མཁན་དེར་འཁྲི་གི་ཡོད་པ་རེད། བཀའ་ཤག་རང་གིས་འབད་བརྩོན་དེ་ཆ་ཚང་བ་ཞིག་མ་བྱུང་བ་ཡིན་པ་རེད། བར་ལམ་ཞིག་ནས་ཀམ་པུ་ཀྲར་སྡེ་ཚན་ཆ་ཚང་དེང་སྐབས་ཨ་རི་དང་ནུབ་ཕྱོགས་བྱེད་སྟངས་ནང་བཞིན་ཕྱི་ལ་བོགས་མར་གཏང་དགོས་མིན་འགྲོ་བསམ་པའི་སེམས་ལ་འཁོར་དགོས་བྱུང་བ་དང༌། དེ་ལྟར་བྱེད་ན་ཡག་པོ་ཡོད་རེད་གསུངས་ཏེ་སློབ་སྟོན་གནང་མཁན་ཡང་མང་པོ་ཞིག་བྱུང༌། འོན་ཀྱང་དེ་དག་བོགས་མར་བཏང་བ་ཡིན་ན་དེ་དང་ཆབས་ཅིག་གནས་ཚུལ་མང་པོ་ཞིག་བོགས་མར་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ནུབ་ཕྱོགས་པའི་གཏམ་དཔེ་ཞིག་ཏུ་ཆུ་དང་མཉམ་དུ་ཕྲུ་གུ་ཡང་གཡུགས་བཞག་གི་ཡོད་པ་རེད་ཟེར་བ་ནང་བཞིན་ཆགས་ཀྱི་ཡོད་པ་རེད། ཡོད་ཚེ་བོགས་མར་གཏོང་བའི་བློ་ཁོག་གིས་འདང་གི་མེད་པ་རེད། གང་ལྟར་ཀམ་པུ་ཀྲར་སྡེ་ཚན་དེ་སྤྱི་རྟ་སྒལ་རལ་ཟེར་བའི་དཔེ་ལྟར་ཆགས་ཉེན་ཡོད་པའི་གནས་སྟངས་ཤིག་ཀྱང་བར་སྐབས་བྱུང་ཡོད་པ་རེད། སྐབས་ ༡༢ པའི་བཀའ་ཤག་གི་ལས་དོན་མང་པོ་ཞིག་གི་བྱེད་ཕྱོགས་ཐད་ཐོག་མར་སྲིད་བྱུས་གཏན་ལ་ཕབ་ནས་སྲིད་བྱུས་དེ་དང་མཐུན་པའི་རྩ་འཛིན་གྱི་ཡིག་ཆ་རིག་པའི་གཞུང་ལུགས་ཞིག་བཟོས་རྗེས་རིམ་པས་ལག་བསྟར་བྱ་རྒྱུར་འབད་བརྩོན་བྱས་པ་རེད། ཡིན་ནའང་དྲིལ་བསྒྲགས་ཀྱི་སྲིད་བྱུས་ཆ་ཚང་བ་ཞིག་ལོ་ལྔའི་ནང་བཟོ་ཐུབ་ཡོད་པ་མ་རེད། ང་ཚོས་དེང་རབས་ཀྱི་དྲིལ་བསྒྲགས་འཕྲུལ་ཆས་གང་ཡོད་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་ཀྱང༌། ང་ཚོས་དྲིལ་བསྒྲགས་ཀྱི་སྲིད་བྱུས་དེ་ལོ་ལྔའི་ནང་གཏན་འབེབས་ཐུབ་མེད། དེའི་ཆེད་དུ་སྲིད་བྱུས་ཀྱི་ཡིག་ཆ་ཟིན་བྲིས་ཁག་འགའ་ཞིག་བརྒྱབས་ཡོད་ཀྱང་གཏན་འཁེལ་ཐུབ་པ་ཞིག་བྱུང་མེད་ཅིང༌། ལས་དོན་དེ་སྐབས་ ༡༢ པའི་བཀའ་ཤག་གི་ལས་དུས་ཉིན་གྲངས་བཅུ་གྲངས་ཤིག་ལས་ལྷག་མེད་སྟབས་ཐག་གཅོད་བྱ་རྒྱུར་རེ་བ་ཆུང་ཆུང་རེད། སྐབས་ ༡༣ པའི་བཀའ་ཤག་གིས་གང་མགྱོགས་དྲྭ་བརྙན་འཕྲུལ་ལས་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་སྲིད་བྱུས་ IT Policy བཟོས་ཏེ་སྒྲིག་གཞི་གཏན་འབེབས་དང༌། དེ་དང་འབྲེལ་བའི་ལས་རིགས་ཡོངས་རྫོགས་སྲིད་བྱུས་དེའི་ནང་ཚུད་པ་ཞིག་བྱུང་བ་ཡིན་ན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག འོན་ཀྱང་ལས་དོན་འདི་གལ་ཆེ་ལ་ཉེན་ཁ་ཡང་ཡོད་པ། བསྒྲུབ་རྒྱུར་དཀའ་ལས་ཀྱང་ཁག་པོ་ཡོད་པ་ཞིག་ཡིན། ད་ལྟ་འདིར་བརྙན་འཕྲིན་དྲ་རྒྱ་དང་ཀམ་པུ་ཀྲར་སྡེ་ཚན་གཉིས་འབྲེལ་བ་གང་ཡང་ཆགས་མེད་ཀྱང་ངས་དེ་གཉིས་མཉམ་དུ་བརྗོད་དགོས་དོན་ཞིག་ནི། དེ་རིང་འདིར་དྲུང་ཆེ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་རྣམས་འཛོམས་ཡོད་སྟབས་མ་འོངས་པར་ང་ཚོའི་ལས་དོན་ཐོག་བསམ་བློ་གཏོང་སྟངས་དང་འཆར་གཞི་སྒྲིག་ཕྱོགས་ཐད་ཁྱད་པར་ཡོད་ཙང་མཁྱེན་ན་སྙམ་ནས་ཞུས་པ་ཡིན། ལས་བྱེད་གསར་པ་ཞིག་བསྐོ་བཞག་བྱེད་པའི་ཉིན་དེར་ཀམ་པུ་ཀྲར་ཆ་ཚང་ཞིག་མེད་དུ་མི་རུང་བ་ལྟ་བུ་ཞིག་ཆགས་ཡོད་ཅིང༌། གངས་སྐྱིད་ནང་དུ་ལས་བྱེད་དང་ཀམ་པུ་ཀྲར་གཉིས་མང་ཉུང་བསྡུར་བ་ཡིན་ན་གཅིག་བྱས་ན་ཀམ་པུ་ཀྲར་མང་བ་ཡོད་ངེས་རེད། འོན་ཀྱང་བེད་སྤྱོད་བྱེད་ཕྱོགས་ཐད་ཀམ་པུ་ཀྲར་གྱི་ནུས་པའི་བརྒྱ་ཆ་ ༣༣ ཡང་བེད་སྤྱོད་བཏང་ཐུབ་ཀྱི་མེད་པ་རེད། ཀམ་པུ་ཀྲར་དང་མཛུབ་ནོན་ལྕགས་དཔར་གཉིས་ཀྱི་བེད་སྤྱོད་བྱེད་ཕྱོགས་ལ་ཁྱད་པར་ཧ་ལམ་མེད་པ་རེད། ལས་བྱེད་ཅིག་གསར་དུ་བསྐོ་བཞག་བྱས་ཚེ་དེར་ཀམ་པུ་ཀྲར་ཆ་ཚང་ཞིག་མེད་ན་ཧ་ལམ་ལས་ཀ་བྱེད་ཐུབ་ཀྱི་མེད་པའི་རྣམ་པ་སྟོན་གྱི་ཡོད་ཀྱང༌། དོན་དུ་ཡིག་འགྲུལ་བྱ་རྒྱུ་ཙམ་ལས་དེ་མིན་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་རེད། ཡིག་འགྲུལ་བྱེད་རྒྱུ་ནི་ལག་བྲིས་བྱས་ཀྱང་འགྲིག་བསྡད་པ་ཞིག་རེད། དེ་སྔོན་ང་ཚོས་ཀམ་པུ་ཀྲར་ཟེར་བ་རྣ་བས་གོ་མ་མྱོང་གོང་ནས་ཡིག་འགྲུལ་བྱེད་བསྡད་པ་ཞིག་རེད། དེ་ཚོའི་སྐོར་ང་ཚོས་ཡིན་གཅིག་མིན་གཅིག་གིས་འཛིན་སྐྱོང་བསྒྱུར་བཅོས་དང་ཆབས་ཅིག་འཕྲུལ་ལས་རིག་པར་བསྒྱུར་བཅོས་བྱེད་རྒྱུ་དེ་མ་འོངས་ལོ་གཅིག་གཉིས་ཀྱི་ནང་དུ་གནང་མ་ཐུབ་པ་ཡིན་ན་དཀའ་ལས་ཁག་པོ་ཞེ་དྲགས་ཆགས་རྒྱུ་རེད། དྲ་རྒྱའི་གློག་བརྙན་དེ་བཞིན་ང་ཚོའི་ IT དྲིལ་བསྒྲགས་འཕྲུལ་ཆས་བེད་སྤྱོད་བྱ་རྒྱུའི་ནང་གི་ཆ་ཤས་ཤིག་རེད། ཆ་ཤས་དེ་ཡག་པོ་ཞིག་བྱུང་བ་ཡིན་ན་ཆ་ཤས་གཞན་རྣམས་ལ་ཕན་ཐོགས་ཡོང་ངེས་མ་ཟད། མ་འོངས་པར་ང་ཚོས་དྲིལ་བསྒྲགས་ཀྱི་སྲིད་བྱུས་བཟོ་བའི་སྐབས་སུ་བསམ་བློ་གཏོང་རྒྱུའི་གཞི་རྩ་བརྟན་པོ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག བཀའ་ཤག་གིས་གཏན་ལ་ཕབ་པའི་ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཚང་མའི་ཐོག་སྲིད་བྱུས་ཀྱི་ལྟ་གྲུབ་བཟོས་ཡོད་པ་རེད། དེའི་ནང་དུ་གང་ཞིག་བྱེད་ཆོག་དང་མི་ཆོག་གསལ་པོ་བསྟན་ཡོད་པ་རེད། ལྷག་པར་དུ་དྲ་བརྙན་དེ་བཞིན་མཐོང་རྒྱུ་དང་གོ་རྒྱུ་ཡོད་པ། རྒྱུན་རིང་ཡིག་མཛོད་ཀྱི་ནང་དུ་ཉར་ཚགས་བྱ་རྒྱུ་ཡོད་པའི་ཆ་ཤས་གསུམ་ཚང་ཡོད་སྟབས་དེའི་ནང་དུ་ནོར་འཁྲུལ་མ་ཤོར་བ་དང་གཞུང་གི་དྲིལ་བསྒྲགས་སྲིད་བྱུས་དང་མ་འགལ་བ་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཡིན། བར་ལམ་དོ་སྣང་བྱུང་བའི་གནས་ཚུལ་ཞིག་ཁྱེད་ཚོར་བཤད་འདོད་བྱུང་ཡང་ལས་བྲེལ་རྐྱེན་གྱིས་དུས་ཁོམ་མ་བྱུང་ཞིང༌། དེ་ནི་ཁ་སྔོན་བཀའ་བློན་ཁྲི་པའི་འོས་གཞི་གཉིས་ལ་འོས་བསྡུ་ལས་ཁུངས་ནས་ཚོགས་འདུའི་ནང་དྲི་བ་དྲིས་ལན་གྱི་གོ་སྒྲིག་སྐབས་སུ། ང་ཚོའི་ཕྱི་དྲིལ་ལས་ཁུངས་ཀྱི་གཞུང་འབྲེལ་གསར་འགོད་པ་དེ་ཚོས་ཧ་ལམ་རང་དབང་ཅན་གྱི་གསར་འགོད་པ་ཡིན་པའི་བཟོ་བསྟན་ཏེ་ང་ལ་དྲི་བ་གཏོང་གི་ཡོད་པ་རེད། ང་ལ་དྲི་བ་གཏོང་རྒྱུའི་གནད་དོན་དེ་ཁོ་རང་ཚོས་སྔོན་ནས་ཤེས་དགོས་པ་ཞིག་རེད། གཞུང་གི་ལས་བྱེད་པས་གཞུང་གི་བཀའ་བློན་ལ་གསར་འགོད་པའི་འགན་ཁུར་བླངས་ཏེ་གཞུང་གི་སྲིད་བྱུས་སྐོར་དྲི་བ་བཏང་བ་དེ་ཁྱད་ལས་པ་ཞིག་གིས་བལྟས་པ་ཡིན་ན་ཡ་མཚན་སྐྱེ་དགོས་པ་ཞིག་དང༌། དེ་ག་རེ་བྱེད་ཀྱི་འདུག་བསམ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཕྱི་དྲིལ་ལས་ཁུངས་ལ་བཀའ་ཤག་གིས་གཏན་འབེབས་གནང་བའི་དྲིལ་བསྒྲགས་སྲིད་བྱུས་ཁག་ལ། ད་དུང་ཡང་ཞིབ་བསྐྱར་ཞིབ་བྱས་ཏེ་མ་ཚང་བ་དེ་འདྲ་ཡོད་ཚེ་དེ་བཀའ་ཤག་ལ་སྙན་གསན་ཞུས་ཏེ་ལག་ལེན་བསྟར་མ་ཐུབ་པ་རྣམས་འདི་དང་དེ་ཞེས་གསལ་པོ་ཞུ་དགོས། གཏན་འབེབས་སྒྲིག་གཞི་ལ་འགྱུར་བཅོས་མ་ཕྱིན་གྱི་བར་དུ་ལག་བསྟར་བྱེད་དགོས་པ་ལས་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ངོས་ནས་འགྲིག་གི་མེད་པ་རེད། གཞུང་གི་ལམ་སྟོན་ནང་དུ་སྐྱོན་མེད་པ་ཞིག་ཡོང་མི་ཐུབ། སྐྱོན་ཞེས་པ་དེ་ཚང་མར་ཡོང་སྲིད་པ་ཞིག་རེད། འོན་ཀྱང་སྐྱོན་དེ་ཕྱི་ལོགས་ལ་བཤད་ནས་ཕན་གྱི་མེད་པ་རེད། སྐྱོན་གང་ཡོད་པ་དེ་སྔོན་ནས་ནང་ལ་འདི་དང་དེ་འགྲིག་གི་མི་འདུག་ཞེས་གསུངས་པ་ཡིན་ན་བསྐྱར་བཅོས་དགོས་པ་ལ་བསྐྱར་བཅོས་གཏོང་ཆོག་གི་ཡོད་པ་རེད། སྤྱིར་སྟངས་བཤད་ན་གཞུང་འབྲེལ་གྱི་བརྒྱུད་ལམ་དང་རང་དབང་ཅན་གྱི་བརྒྱུད་ལམ་གཉིས་གསལ་པོ་བྱས་ཏེ་དབྱེ་བ་དང་ཤེས་རྟོགས་དགོས་པ་གལ་ཆེན་པོ་རེད། དེ་སྔ་ནས་གཞུང་འབྲེལ་གྱི་བརྒྱུད་ལམ་དང་རང་དབང་ཅན་གྱི་བརྒྱུད་ལམ་གཉིས་འདྲེས་འགྲོ་གི་འདུག་ཅེས་རྟག་ཏུ་བརྗོད་ཀྱི་ཡོད། བར་ལམ་ཞིག་ནས་ང་ཚོས་ལམ་སྟོན་མང་པོ་བྱས་ཙང་དེང་སྐབས་གཞུང་འབྲེལ་གྱི་བརྒྱུད་ལམ་དེ་ཚོ་དངོས་འབྲེལ་གཞུང་རང་གི་ཡིན་པའི་རྣམ་པ་གང་ལ་གང་འཚམས་ཤིག་ཐོན་ཡོང་གི་ཡོད་ཀྱང༌། ད་དུང་ཡང་ང་ཚོས་དེའི་ཐད་བསྐྱར་བཅོས་བྱེད་དགོས་རྒྱུ་དང་སྤུས་ཚད་ཡག་ཏུ་གཏོང་དགོས་རྒྱུ་མང་པོ་ཞིག་ཡོད་པ་རེད། གནས་ཚུལ་ཁ་ཤས་ང་ཚོའི་གཞུང་གིས་དྲིལ་བསྒྲགས་བྱེད་དགོས་གཏན་ནས་མེད་པ། མང་ཚོགས་ནས་མ་ཤེས་ཀྱང་འགྲིག་གི་ཡོད་པ་དེ་རྣམས་རྩལ་དུ་སྟོན་ཏེ་གཞུང་གི་བརྒྱུད་ལམ་ནང་བཀོད་དགོས་ཀྱི་མེད་པ་རེད། ལྷག་པར་དུ་གཞུང་གི་བརྒྱུད་ལམ་ནང་དུ་གཞུང་གི་ལམ་ཕྱོགས་དང་གཞུང་གི་སྲིད་བྱུས་དང་མི་མཐུན་པའི་གནས་ཚུལ་ཐོན་པ་ཡིན་ན་ངོ་ཚ་དགོས་པའི་གནས་སྟངས་ཤིག་རེད། དེར་བརྟེན་མ་འོངས་པར་ང་ཚོའི་གསར་འཕྲིན་གྱི་ལས་རིགས་ཐོག་བསྐྱར་ཞིབ་ཡང་ཞིབ་བྱས་ཏེ་ཐལ་ཆ་དང་ནོར་འཁྲུལ་མི་འགྲོ་བ་གནང་རྒྱུ་དེ་གལ་ཆེན་པོ་རེད་སྙམ། འདིར་དགོངས་པ་ནང་ཡོད་པ་ནང་བཞིན་ཟླ་རེ་ནས་ཟླ་ཕྱེད་དང༌། དེ་ནས་བདུན་ཕྲག་ནང་ཡོང་རྒྱུའི་སྐོར་ང་ཚོའི་འདུན་པ་ཡོད་པ་ཙམ་ཞིག་མ་ཡིན་པར་དུས་ཚོད་ངེས་ཅན་གྱི་ལས་རིམ་ཞིག་བཟོས་གནང་ན་ཡག་པོ་རེད། དེའི་ཆེད་མཐུན་རྐྱེན་གང་ཞིག་འཛོམས་དགོས་ཀྱི་ཡོད་པ་དེ་སྒྲུབ་དགོས་ཀྱི་རེད་ལ་སྒྲུབ་ཐུབ་ཀྱི་ཡང་རེད་བསམ་གྱི་འདུག སྒྲུབ་མ་ཐུབ་པའི་དཀའ་ངལ་ཆེ་ཤོས་དེ་མིའི་མཐུན་རྐྱེན་རེད། དེ་མ་ཡིན་པའི་མཐུན་རྐྱེན་གང་ཡིན་ནའང་སྒྲུབ་ཐུབ་ངེས་རེད། དེ་རིང་འདིར་ཕྱི་དྲིལ་དྲུང་ཆེ་གཉིས་དང་དྲུང་ཆེ་རྣམ་པ་གཞན་རྣམས་ཡོད་པ་རེད། ང་ཚོས་གང་མགྱོགས་བྱ་ཐབས་སྤེལ་ཏེ་ཐོག་མར་དྲིལ་བསྒྲགས་སྲིད་བྱུས་ IT Policy གཏན་འབེབས་བྱེད་དགོས་པ་དེ་གལ་ཆེ་ཛ་དྲག་གི་གནད་དོན་གཅིག་དང༌། དེ་རྗེས་སྤྱི་ཡོངས་ཀྱི་དྲིལ་བསྒྲགས་སྲིད་བྱུས་འོག་ནས་གཞུང་གི་དྲ་རྒྱ་དང་དྲ་རྒྱའི་ནང་ཚན་དྲ་བརྙན་བཅས་པར་གང་འདྲ་བྱས་ཏེ་ཡར་རྒྱས་གཏོང་དགོས་ཀྱི་ཡོད་མིན་དང༌། ལྷག་པར་དུ་ཡང་གཞུང་གི་དྲ་རྒྱ་ཞེས་པ་དེའི་ Tibet.net བདག་དབང་དང་འཕྲུལ་ཆས་ཆ་ཚང་ཕྱི་དྲིལ་ལས་ཁུངས་སམ་ཡང་ན་གཞུང་རང་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡོད་པ་ཞིག་ཡིན་དགོས་ཀྱི་ཡོད་པ་ལས། ཕྱེད་ཀ་གཞན་ལ་སྤྲད་དགོས་པ་ཞིག་དང༌། ཕྱེད་ཀ་གཞུང་གི་རང་དབང་ཡིན་པ་ལྟ་བུའི་གནས་སྟངས་ཆགས་ཚེ་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་རེད། དེའི་སྐོར་ཡུན་རིང་ཞིག་ནས་ང་ཚོས་གླེང་ཙམ་བྱས་པ་ཞིག་ལས་ལག་ལེན་འཁེལ་བའི་སྒྲུབ་ཐབས་མ་རྙེད་པ་རེད། དེ་རིང་འདིར་བསྟན་གནང་བའི་སྒོ་འབྱེད་ཀྱི་བརྙན་འཕྲིན་དེའི་ལས་རིམ་རྣམས་ཡག་པོ་ཞེ་དྲགས་བྱུང་འདུག འོན་ཀྱང་ཡག་པོ་བྱུང་འདུག་བརྗོད་པ་དེ་མཐར་ཐུག་གི་ཡག་པོ་དེ་ཡིན་པ་ཞིག་ལ་ངོས་འཛིན་བྱས་ཏེ་ཡར་རྒྱས་ཀྱི་མཐའ་འགག་པའི་ནོར་འཁྲུལ་ཡོང་གི་འདུག དེའི་དབང་གིས་ཡར་རྒྱས་གཏོང་རྒྱུའི་བསམ་བློ་འགག་འགྲོ་བ་ཡིན་ན་མ་འགྲིག་པ་རེད། དེ་རིང་འདིའི་ནང་གི་མ་འགྲིག་པ་དང་ཡར་རྒྱས་དང་ལེགས་བཅོས་གཏོང་དགོས་རྒྱུ་དེ་ཚོ་ང་ཚོ་ལྟ་མཁན་ཚོས་སྐྱོན་ཆེན་པོ་གང་དུ་ཡོད་མེད་དོ་སྣང་ཆེན་པོས་བལྟ་དགོས་ཀྱི་ཡོད་པ་དང༌། སྐྱོན་ཡོད་པ་དེ་སྲང་ལམ་བར་དུ་བཤད་བསྡད་རྒྱུ་མ་ཡིན་པར་ང་རང་ཚོ་ནང་ཁུལ་དུ་དགོས་ངེས་ཀྱི་བསམ་འཆར་དང་སྐྱོན་བརྗོད་བྱེད་རྒྱུ་དེ་མ་འོངས་པར་ཡར་རྒྱས་ཡོང་བའི་དགེ་མཚན་ལྡན་པ་ཞིག་རེད། གང་ལྟར་ནང་ཁུལ་མ་འགྲིག་སར་སྐྱོན་འདོན་བྱས་ཏེ་ཡར་རྒྱས་གཏོང་རྒྱུ་དང༌། གང་འཚམས་ཤིག་ནས་ཡལ་མ་འགྲོ་བ་རྒྱུན་མཐུད་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་སྙམ། དེ་རིང་ང་ཚོ་འདིར་མི་མང་པོ་ཞིག་འཛོམས་པ་མ་ཟད་གསར་འགོད་པ་རྣམས་ཀྱང་སྐད་བཏང་སྟེ་སྒོ་འབྱེད་བྱེད་པ་དེ་གང་འཚམས་ཤིག་ནས་ཡལ་ཕྱིན་པ་ཡིན་ན་ཞེ་དྲགས་ཀྱི་ཐབས་སྐྱོ་པོ་རེད། དེར་བརྟེན་ལས་དོན་དེ་རྒྱུན་མཐུད་དེ་ཡར་རྒྱས་གཏོང་ཐུབ་པ་ཞིག་དང༌། དེའང་གཏན་ལ་ཕབ་པའི་སྲིད་བྱུས་དང་རིག་པའི་གཞུང་ལུགས་ཤིག་གི་འོག་ནས་འགྲོ་ཐུབ་པ་བྱེད་རྒྱུར་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་དང་དྲུང་ཆེ་འབྲེལ་ཡོད་ལས་བྱེད་རྣམས་ནས་ཐུགས་སྣང་ཆེ་བཞེས་གནང་དགོས་ཀྱི་འདུག་ཅེས་དེ་རིང་ངས་གོ་སྐབས་འདི་བཟུང་སྟེ་ཞུས་པ་ཡིན། ཐུགས་རྗེ་ཆེ།