“བོད་ཀྱི་གནའ་བོའི་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་”དབུ་འབྱེད་དང་འབྲེལ་གནང་བའི་གསུང་བཤད།

༢༠༡༤ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་ཁྱིམ་མེ་གྷན་ཉིན་སློབ་ཏུ་དབུས་གཙང་ཆོལ་ཁའི་ཚོགས་པའི་གོ་སྒྲིག་འོག་ཡིག་གཟུགས་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས་ཀྱི་“བོད་ཀྱི་གནའ་བོའི་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་”དབུ་འབྱེད་དང་འབྲེལ་གནང་བའི་གསུང་བཤད།

Samdhong Rinpoche Arts of Tibetan Script (1)ཡི་གེ་དང་ཡི་གེའི་གཟུགས་གཉིས་ངོ་བོའི་ཆ་ནས་ཐ་དད་རེད། ཡི་གེ་ནི་ངག་གི་རང་བཞིན་ཞིག་ལ་བརྗོད། ཡིག་གཟུགས་ནི་མངོན་པར་གསལ་བའི་གཟུགས་ཀྱི་སྤྱི་བཤད་ཀྱི་རང་བཞིན་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བའི་སྐབས་སུ་བོད་དུ་མ་འོངས་པར་འགྲོ་བ་མིའི་སྤྱི་ཚོགས་ཆགས་རྒྱུའི་ལུང་བསྟན་པ་ཙམ་མ་གཏོགས། འགྲོ་བ་མིའི་སྤྱི་ཚོགས་ཆགས་རྒྱུ་རེད། རྗེས་སུ་འགྲོ་བ་མིའི་སྤྱི་ཚོགས་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་དར་མགོ་ཚུགས་རྒྱུ་དེ་ཕྱི་ལོའི་བརྒྱ་ཕྲག་དྲུག་པ་བདུན་པའི་ནང་རེད། བོད་ཡིག་ནི་ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་གསར་དུ་བྱུང་བ་ཞིག་རེད། དེར་བརྟེན་འཇིག་རྟེན་གྱི་ཡིག་རིགས་ནང་ནས་བོད་ཀྱི་ཡིག་གཟུགས་དེ་གསར་པ་ལྟ་བུ་རེད། ཐོན་མི་སམ་བྷོ་ཊས་བརྩམས་པའི་བོད་ཀྱི་ཡིག་གཟུགས་དེ་མ་བྱུང་བའི་སྔོན་དུ་བོད་ལ་ཡིག་གཟུགས་ཡོད་མེད་དེ་རྩོད་གཞི་ཅན་ཞིག་རེད། མཁས་པ་མང་ཆེ་བས་ཐོན་མིས་བརྩམས་པའི་ཡིག་གཟུགས་དེ་བོད་ཀྱི་ཡིག་གཟུགས་ཀྱི་ཐོག་མ་ཡིན་པ་དང་། དེའི་སྔོན་དུ་ཡིག་གཟུགས་མེད་པར་བཞེད་ཅིང་། དེ་དག་ལའང་རྒྱུ་མཚན་ཡོད་རེད་མ་གཏོགས། རྒྱུ་མཚན་མེད་པར་གསུངས་པ་ཞིག་ཆགས་ཀྱི་མེད། གཡུང་དྲུང་བོན་ལ་སོགས་པ་བོད་ཀྱི་སྔ་རབས་ཀྱི་བརྒྱུད་རིམ་དང་བྱུང་རབས་སྨྲ་བ་ཁ་ཤས་ཀྱིས་ཐོན་མིས་བརྩམས་པའི་ཡིག་གཟུགས་སྔོན་དུ་བོད་དུ་ཡིག་གཟུགས་ཡོད་པའི་གནས་ཚུལ་གསུང་གི་ཡོད་ནའང་། ཐོན་མིའི་སྔོན་དུ་བོད་ཀྱི་ཡིག་གཟུགས་འདི་འདྲ་ཡོད་ཅེས་རྡོ་ལ་བརྐོས་པའམ་ཟངས་ལ་བརྐོས་པ་དེ་འདྲའི་བྱུང་རབས་ཀྱི་དན་རྟགས་མཐོང་རྒྱུ་མེད། དཔེར་ན་རྒྱ་གར་ནང་ཧ་ལམ་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་དྲུག་པ་བདུན་པར་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས་གཡས་གཡོན་ལ་ཡོད་པའི་ཁ་རོ་ཤ་ཊིའི་རིགས་ཀྱི་ཡིག་གཟུགས་རྙིང་པ་ད་ལྟའང་རག་མུས་རེད།

Samdhong Rinpoche Arts of Tibetan Script (2)བོད་ཀྱི་ཡི་གེ་ཞེས་པའི་ཐ་སྙད་དེ་རྒྱ་གར་གྱི་བསྟན་བཅོས་ནང་བྱུང་བ་ཐོག་མ་དེ་འགྲེལ་ཆེན་དྲི་མེད་འོད་རེད། དེ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ཙམ་གྱི་རྗེས་སུ་ཆོས་རྒྱལ་འཇམ་དཔལ་གྲགས་པ་དང་པདྨ་དཀར་པོའི་སྐབས་སུ་བྱུང་།  ཕྱི་ལུགས་ལྟར་བརྩི་ན་ཕྱི་ལོ་བརྒྱ་ཕྲག་དང་པོའི་སྔོན་ཙམ་མམ་བརྒྱ་ཕྲག་དང་པོའི་དཀྱིལ་ལ་འཁེལ་གྱི་ཡོད། དེའི་ནང་སངས་རྒྱས་ཀྱིས་གསུངས་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དེ་ཡུལ་ལུང་སོ་སོའི་སྐད་ཡིག་ནང་བྲིས་པའི་སྐབས་སུ་བོད་པ་རྣམས་ཀྱིས་བོད་ཀྱི་ཡི་གེའི་ནང་བྲིས་པ་རེད་ཅེས་ཧ་ཅང་གསལ་པོ་ཡོད།  གལ་ཏེ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན། ཐོན་མིས་བརྩམས་པའི་ཡིག་གཟུགས་དེ་མ་བྱུང་བའི་སྔོན་དུ་བོད་པར་ཡིག་གཟུགས་སམ་བོད་ཀྱི་ཡི་གེ་ཡོད་པ་དང་། ཐོན་མི་བྱོན་པའི་སྐབས་སུ་དེའི་རྒྱུན་མེད་པ་ཞིག་ལ་ཁས་བླངས་དགོས་ཀྱི་ཡོད་དམ། ཡང་ན་འགྲེལ་ཆེན་དྲི་མེད་འོད་ནང་གསུངས་པ་དེ་མ་འོངས་པར་ཐོན་མིའི་སྐབས་སུ་བོད་ཀྱི་ཡིག་གཟུགས་ཡོང་རྒྱུ་ཡིན་པ་དང་། དེའི་རྗེས་སུ་སངས་རྒྱས་ཀྱི་བཀའ་རྣམས་བོད་ཀྱི་ཡིག་གཟུགས་ནང་འབྲི་རྒྱུ་ཡིན་པའི་མ་འོངས་ལུང་བསྟན་ལྟར་གསུངས་པར་གོ་དགོས། ལར་ནས་མདོ་རྒྱུད་ནང་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་དུ་གསུངས་པ་མང་པོ་ཡོད། དེས་ན་དེ་འདྲ་ཞིག་ལ་འགྲེལ་པ་བརྒྱབ་ནའང་མི་འགྲིགས་པ་ཡོད་པ་མ་རེད་བསམ་གྱི་འདུག

གང་ལྟར་བོད་ཀྱི་ཡིག་གཟུགས་དེ་རྒྱ་གར་དུ་སྐབས་དེ་དུས་དར་བའི་དེབ་ནཱག་རི་(Devanagari)ཞེས་ཚངས་པའི་ཡིག་གཟུགས་སམལྷའི་ཡིག་གཟུགས། ཡང་ན་ལྷའི་གྲོང་ཁྱེར་གྱི་ཡིག་གཟུགས་སོགས་བརྗོད་ཚུལ་སྣ་ཚོགས་ཡོད་པ་དེ་ནས་ཚུར་དཔེ་བླངས་པ་ཞིག་རེད། དབུ་ཅན་དང་དབུ་མེད་གཉིས་ཡོང་དགོས་པའང་སྐབས་དེ་དུས་རྒྱ་གར་ནང་མགོ་ཡོད་པ་དང་མགོ་མེད་པའི་འབྲི་ཚུལ་གཉིས་ཡོད་སྟབས། ང་ཚོའི་ཡིག་གཟུགས་ལའང་དབུ་ཅན་དང་དབུ་མེད་གཉིས་ཐོག་མ་ནས་བྱུང་བ་རེད།  དེང་སང་མཁས་པ་འགའ་ཤས་ཀྱིས་ཐོག་མར་དབུ་ཅན་བྱུང་བ་དང་། དེ་ནས་དབུ་ཅན་མགྱོགས་པོ་བྲིས་སྐབས་དབུ་མེད་ཆགས་པ་རེད་ཅེས་གསུང་མཁན་ཡོད། དེ་ནི་བྱུང་རབས་ཀྱི་གནས་ཚུལ་དང་མཐུན་གྱི་མེད།

Samdhong Rinpoche Arts of Tibetan Script (3)ལྷག་པར་དུ་བོད་ཀྱི་ཡི་གེ་དང་བོད་ཀྱི་ཡིག་གཟུགས་དེ་འཇིག་རྟེན་གྱི་ཡི་གེ་དང་ཡིག་གཟུགས་མང་པོ་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་མང་པོ་ཡོད། དེའི་ནང་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་གཅིག་གང་རེད་ཅེ་ན། འཇིག་རྟེན་གཞན་གྱི་ཡི་གེ་དང་མི་འདྲ་བར་ང་ཚོའི་དབྱངས་གསལ་ལས་ཙ་ཚ་ཛ་ཞ་ཟ་འ་རྣམས་མ་གཏོགས། གཞན་ཚང་མ་ལེགས་སྦྱར་གྱི་སྐད་ནས་བཏོན་པ་ཤ་སྟག་རེད། ལེགས་སྦྱར་གྱི་སྐད་ནང་ཡོད་པའི་དབྱངས་གསལ་རྣམས་མིའི་ལུས་ཀྱི་རང་བཞིན་གྱི་གནས་བབ་དང་བསྟུན་པའི་རྩ་དང་རླུང་གི་རྒྱུ་བ་ལ་ཏག་ཏག་འགྲིགས་པའི་གནས་སྟངས་ཤིག་རེད། མི་ལུས་ཐོབ་པའི་སྐབས་སུ་ཁུ་ཁྲག་གི་ས་བོན་མི་འདྲ་བའི་དབང་གིས་རྩ་རླུང་ནང་ཡོད་པའི་ཡི་གེའི་སྒྲ་གདངས་དང་དེའི་གཟུགས་མི་འདྲ་བ་ཡོང་མི་སྲིད་པ་མིན་ཡང་། སངས་རྒྱས་ཀྱིས་གསུངས་པའི་གསང་སྔགས་ཀྱི་ཉམས་སུ་ལེན་རྒྱུའི་གནས་ཚུལ་མང་ཆེ་བ་ངག་གི་སྒྲ་སྒྱུར་ལ་སླེབས་པའི་སྐབས་སུ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་པ་དེ་ཐག་ཉེ་བ་ཡོད། དཔེར་ན་ང་ཚོས་གཟུངས་སྔགས་བགྲང་བའི་སྐབས་སུ་གཟུངས་སྔགས་ཀྱི་སྐད་དང་ཡི་གེ་ཐོག་མ་གང་དུ་གསུངས་པ་དེ་རང་ལ་གཟུང་སྔགས་བགྲང་བ་མ་གཏོགས། གཟུངས་སྔགས་སོ་སོའི་སྐད་ནང་བསྒྱུར་ནས་བགྲང་གི་མེད། དཔེར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལྟ་བུ་ཆ་ཚང་བོད་སྐད་དུ་བསྒྱུར་ཡོད་ཀྱང་། དེའི་སྔགས་བགྲང་བའི་སྐབས་སུ་ཨོྃ་མ་ཎི་པདྨེ་ཧཱུྃཿ ཞེས་ལེགས་སྦྱར་གྱི་སྐད་ནང་བགྲང་བའི་རྒྱུ་མཚན་དེ་གང་རེད་ཅེ་ན། སྒྲ་གདངས་དང་དེའི་ངོ་བོ་མཚོན་བྱེད་ཡིག་གཟུགས་གཉིས་ཀ་དམིགས་བསལ་གྱིས་སྐྱེད་རིམ་དང་རྫོགས་རིམ་དང་འབྲེལ་བ་ཆེན་པོ་ཡོད་པའི་དབང་གིས་རེད། སློབ་དཔོན་ཆེན་པོ་ཐར་མན་ (Prof. Thurman) གྱིས་ བོད་ཀྱི་དབྱངས་དང་གསལ་བྱེད་ཚང་མ་ཚན་རིག་དང་མཐུན་པ་རེད། དེ་མ་ཡིན་པའི་སྐད་ཡིག་རྣམས་ཚན་རིག་དང་མི་མཐུན་པ་རེད་ཅེས་སོགས་གསུངས་ཏེ་བཤད་པ་རྒྱས་པོ་བྱེད་ཀྱི་རེད། ཚན་རིག་དང་མཐུན་མི་མཐུན་ཞེས་པ་དེ་ཙམ་གལ་ཆེན་པོ་ཡིན་མིན་མི་ཤེས་ཀྱང་། གང་ལྟར་ང་ཚོ་བོད་ཀྱི་ཡི་གེ་དང་ཡིག་གཟུགས་གཉིས་ཀ་ལེགས་སྦྱར་གྱི་ཡི་གེ་དང་ཡིག་གཟུགས་ལ་ཧ་ཅང་ཐག་ཉེ་པོ་ཡིན་པ་དེ་ང་ཚོས་ངེས་པར་དུ་ཤེས་དགོས། དེ་ལ་བརྟེན་ནས་ལེགས་སྦྱར་གྱི་གཞུང་ལུགས་མང་པོ་བོད་སྐད་ནང་བསྒྱུར་ཐུབ་པ་བྱུང་།

བོད་ཀྱི་ཡིག་གཟུགས་ཕལ་ཆེ་བ་ལེགས་སྦྱར་གྱི་ཡིག་གཟུགས་དང་ཐག་ཉེ་པོ་ཡིན་སྟབས། དངོས་སུ་ལུས་ཀྱི་རྩ་རླུང་དང་ཧ་ཅང་མཐུན་པོ་ཡོད་པ་བཤད་མི་དགོས། དེས་ན་ཡིག་གཟུགས་དེ་ཚོ་སྒྱུ་རྩལ་གྱི་ལམ་ནས་མཛེས་ཆོས་ཚང་བའི་ཐོག་ནས་བྲིས་ཐུབ་པ་དེའང་དེང་རབས་ཀྱི་གསར་གཏོད་དམ་གྲུབ་འབྲས་ཆེན་པོ་ཞིག་རེད།

ཡི་གེའི་གཟུགས་ཆུང་ཆུང་འབྲི་རྒྱུ་དེ་བར་ལམ་ཧ་ཅང་ཉམས་འདུག སྔོན་མ་རྒྱ་གར་གྱི་མཁས་པ་ཆེན་པོ་དེ་ཚོས་གཞུང་ལུགས་ཆེན་པོ་རྣམས་ཡིག་གཟུགས་ཧ་ཅང་ཆུང་ངུར་བྲིས་པའི་ལུགས་སྲོལ་ཡོད་འདུག ཞི་བ་ལྷའི་རྣམ་ཐར་ལ་གཟིགས་ན་ཤེས་རྟོགས་ཐུབ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནཱལནྡ་ལ་མ་བཞུགས་པའི་སྐབས་སུ་ཁོང་ལ་སྤྱོད་འཇུག་དང་། བསླབ་བཏུས་ཀྱི་ཕྱག་དཔེ་གང་དུ་ཡོད་ཅེས་བཀའ་འདྲི་ཞུ་སྐབས། ཁོང་གིས་སྔོན་མ་ཁོ་རང་བཞུགས་སའི་གཟིམ་ཆུང་དེའི་ཕྱོགས་ཀྱི་གདུང་མའི་རྩེ་ལ་པཎྜི་ཏའི་ཡི་གེས་བྲིས་ནས་ཡོད་ཅེས་གསུངས་འདུག པཎྜི་ཏའི་ཡི་གེ་ནི་ཡིག་གཟུགས་ཧ་ཅང་ཆུང་ངུ་ཞིག་ཡོད་པ་རེད། བོད་དུའང་མཁས་པ་འགའ་ཤས་བྱ་བྲལ་དུ་གཤེགས་པའི་སྐབས་སུ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་ལ་སོགས་པ་ཕྱག་གི་ནང་དུ་བསྣམ་ཐུབ་པའི་ཤོག་བུ་ཆུང་ཆུང་ནང་ཡིག་གཟུགས་ཆུང་ངུས་བྲིས་པའི་ལུགས་སྲོལ་ཡོད། དེ་བཞིན་འགྲེམས་སྟོན་འདིའི་ནང་ཡིག་གཟུགས་ཆུང་ངུ་སྐུ་གཟུགས་ཀྱི་རྣམ་པར་བྲིས་པ་མང་པོ་འདུག དེ་ཚོར་འགྲེལ་བཤད་རྒྱག་མཁན་ཞིག་དགོས་ཀྱི་རེད།

འབྲི་མཁན་གྱིས་དེ་ཚོའི་གནད་འགག་ཆ་ཚང་དགོངས་ཡོད་མེད་མི་ཤེས། སྤྱིར་བཏང་སྔགས་ཀྱི་ནང་སྐུ་ཐུགས་ཟུང་འཇུག་གི་སྐད་ཆ་ཤོད་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་རྙེད་པའི་སྐབས་སུ་སྐུ་དང་གསུང་དང་ཐུགས་གསུམ་པོ་ཐ་དད་མེད། གང་སྐུ་ཡིན་པ་དེ་གསུང་ཡང་རེད། གང་གསུང་ཡིན་པ་དེ་ཐུགས་ཀྱང་རེད། གང་ཐུགས་ཡིན་པ་དེ་སྐུ་ཡང་རེད། སྐུ་དང་གསུང་དང་ཐུགས་གསུམ་དབྱེ་བ་མེད་པར་གཅིག་གྱུར་ཆགས་པའི་སྐབས་སུ་དེ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཞེས་བརྗོད། དབང་གནང་བའི་སྐབས་སུ་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མི་མཉམ་པ་མེད་པས་ན་གྲུ་བཞི་པ་ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་གྱུར་ཡིན་པ་ཞིག་བཤད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ནམ་རྒྱུན་རྟག་ཏུ་འདོན་བཞིན་པའི་འཇམ་དཔལ་མཚན་བརྗོད་ནང་། འདི་དག་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཞེས་བྱུང་བ་དེའི་ནང་སྔགས་ཀྱི་ལམ་གྱི་གནད་ཡོངས་རྫོགས་གསུངས་པ་རེད། ཨ་ཞེས་པའི་སྒྲ་དང་། ཨ་ཞེས་པའི་སྒྲ་དེ་གང་གིས་མཚོན་པའི་ཨ་ཡིག་གི་གཟུགས་དང་། ཨ་ཡིག་གི་གཟུགས་དེས་མཚོན་པའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་བ་མེད་པ་བཅས་རང་གདངས་དེ་གསུམ་པོ་བསྟན་པ་རེད། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཞེས་པའི་དོན་ནི་ད་ལྟ་གཞིའི་གནས་སྐབས་སུ་མ་འོངས་པར་སངས་རྒྱས་ཀྱི་སྐུར་འགྲོ་བའི་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་དེའི་རང་གདངས་ནི་ཨ་ཡི་རང་གདངས་རེད། རླུང་ཚང་མར་རང་གདངས་རེ་ཡོད། གཞིའི་གནས་སྐབས་སུ་རླུང་གི་རང་གདངས་དང་རླུང་གི་གཟུགས་གཉིས་པོ་དེ་དབྱེ་བ་མེད་པ་བཞིན་འབྲས་བུའི་གནས་སྐབས་སུའང་དེ་ཆ་ཚང་མངོན་གྱུར་དང་གཅིག་གྱུར་ཆགས་འགྲོ་བའི་གནས་སྟངས་ཤིག་རེད།

དེས་ན་ཡིག་གཟུགས་ཆུང་ངུའི་སྔགས་དང་། ཡིག་གཟུགས་ཆུང་ངུའི་བརྗོད་ཚིག་ཐོག་ནས་སངས་རྒྱས་ཀྱི་སྐུ་གཟུགས་དངོས་སུ་ཆ་ཚང་བཞེངས་པ་དེས་ག་རེ་མཚོན་གྱི་ཡོད་ཅེ་ན། སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་དབྱེར་མི་ཕྱེ་བ་དང་། སྐུ་ཐུགས་ཟུང་དུ་འཇུག་པ། ཡང་ན་སྐུ་དང་གསུང་ཟུང་དུ་འཇུག་པ་མཚོན་པ་ཡིན། ལར་ནས་ཡིག་འབྲུ་རེ་ལ་གཟུགས་མི་འདྲ་བ་རེ་བཟོ་དགོས་པའི་རྒྱབ་ལྗོངས་དང་། གཟུགས་དེ་ད་ལྟ་ང་ཚོར་ཡོད་པ་བཞིན་ཡོང་བ་དེ་ཚོའི་རྒྱབ་ཏུ་ངེས་དོན་དང་དྲང་དོན་གྱི་བཤད་པ་མང་པོ་ཡོད་རེད།

ད་ལྟ་སྒྱུ་རྩལ་མཁན་རང་གིས་ཀྱང་དམ་ཚིག་ཞེས་པའི་ཡིག་གཟུགས་དེ་རང་ཉིད་ཀྱིས་བསྐྲུན་པའི་སྒྱུ་རྩལ་ནང་གལ་ཆེ་བ་དང་གནད་འགག་ཆེ་བ་ཡིན་གསུངས་ཀྱི་འདུག་གམ། དེ་སྒྱུ་རྩལ་མཁན་ཞིག་གི་ངོས་ནས་བལྟས་ན། སྒྱུ་རྩལ་མཁན་གྱི་བསམ་ཚུལ་ནང་དེ་སླེབས་སྟངས་དང་། གཟུགས་བརྙན་དེ་ག་འདྲ་བྱས་ནས་ཤོག་བུའི་སྟེང་དུ་འཕོས་པ། ཤོག་བུའི་སྟེང་དུ་མ་འཕོས་པའི་གོང་དུ་གཟུགས་བརྙན་གྱི་རྣམ་པ་དེ་བློའི་ནང་ཤར་དགོས་ཀྱི་རེད། དེར་བརྟེན་བློ་ཡི་ནང་རྣམ་པ་དེ་ཤར་བའི་རྗེས་སུ་དེ་རས་གཞིའི་སྒང་དུ་འཕོས་ཡོང་དུས་གཟུགས་བརྙན་ཞིག་མཐོང་གི་ཡོད། གལ་ཏེ་སྒྱུ་རྩལ་མཁན་གྱིས་སྒྱུ་རྩལ་གྱི་དངོས་པོ་སྐྲུན་པའི་སྐབས་སུ་ལུས་ངག་ཡིད་གསུམ་མཉམ་དུ་མཐུན་འགྱུར་ཏག་ཏག་ཅིག་བྱུང་མེད་ན། སྒྱུ་རྩལ་གྱི་མཛེས་ཆོས་ཡོངས་སུ་རྫོགས་པ་(Aesthetic)དེ་ཤོག་བུའམ་རས་གཞིའི་སྒང་ལ་སླེབས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེས་ན་སྒྱུ་རྩལ་མཁན་གྱིས་སྒྱུ་རྩལ་གྱི་གཟུགས་བརྙན་སྐྲུན་པའི་སྐབས་སུའང་ལུས་ངག་ཡིད་གསུམ་གྱི་ནུས་པ་གཅིག་བསྒྲིལ་བྱེད་དགོས་པ་དེས་གང་མཚོན་གྱི་ཡོད་ཅེ་ན། ལམ་གྱི་གནས་སྐབས་སུ་སྐུ་གསུང་ཐུགས་གཅིག་ཏུ་བསྒྲིལ་ནས་འགྲོ་དགོས་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་མཚོན་དོན་མང་པོ་ཡོད་པ་དེ་བསྟན་གྱི་ཡོད།

ཕྱོགས་གཞན་ནས་བཤད་ན། སངས་རྒྱས་ཀྱི་སྐུ་བྲིས་པར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ཡོད། དེ་ཚོའི་ནང་ནས་སྐུ་རང་བཞིན་གྱིས་རེ་ཁ་གཅིག་གི་ཐོག་ནས་བྲིས་པ་དང་། ཡང་སྐུ་འབྲི་རྒྱུའི་རེ་ཁ་དེ་གཟུངས་སྔགས་ཀྱི་ངོ་བོར་བྲིས་པ་གཉིས་པོ་ལ་ཕན་ཡོན་ཆེ་ཆུང་གི་ཆ་ནས་ཏན་ཏན་ཁྱད་པར་ཆེན་པོ་ཡོད་རེད་བསམ་གྱི་འདུག

གོང་དུ་ཞུས་པ་རྣམས་ད་ལྟ་འགྲེམས་སྟོན་འདི་མཇལ་བའི་སྐབས་སུ་གློ་བུར་དུ་བྱུང་བའི་རྣམ་རྟོག་གི་འཆར་སྣང་རེད། གསན་མཁན་རྣམ་པ་གཞན་པ་ཚོས་གོ་བ་ཐེབས་མིན་ལ་མ་ལྟོས་པར་སྒྱུ་རྩལ་མཁན་ནམ་འབྲི་མཁན་རང་ཉིད་ལ་དེའི་ངོ་སྤྲོད་མདོར་བསྡུས་ཤིག་བྱུང་བ་ཡིན་ན། མ་འོངས་པར་ད་དུང་སྒྱུ་རྩལ་གྱི་རྣམ་འགྱུར་ཡར་རྒྱས་འགྲོ་རྒྱུ་དང་། རྣམ་པ་གསར་པ་མང་པོ་ཐུགས་ལ་འཁོར་རྒྱུར་ཕན་ཐོགས་ཡོང་སྲིད།

ད་རེས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ངོས་ནས་འགྲེམས་སྟོན་གོ་སྒྲིག་གནང་བ་མ་ཟད། སྒྱུ་རྩལ་མཁན་ལའང་ངོས་འཛིན་གྱིས་ཕྱག་རྟགས་གཟེངས་བསྟོད་གནང་བ་དེ་ཚོ་འོས་ཤིང་འཚམས་པ་རེད། ཚང་མར་ལེགས་སོ་དང་བཀྲིས་བདེ་ལེགས་ཡོད། ཐུགས་རྗེ་ཆེ་ཞེས་གསུངས།། །།