བསྟོད་ཚིག་བདེན་པའི་མེ་ཏོག

དཔེ་སྟོན་ཆོས་དགེ་གསེར་རྟ་ཐུབ་བསྟན་ཆོས་འཕེལ།
བློ༵་གྲོས་དྲི་མེད་གངས་ཀྱི་རི་བོའི་སྤོར།།
བཟ༵ང་པོའི་ལེགས་བཤད་འབུམ་གྱི་གཡུ་རལ་ཅན།།
བསྟ༵ན་འགྲོའི་མགོན་དུ་བྱོན་པའི་གདོང་ལྔ་པ།།
ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛི༵ན་འདུད།།

ཕྲན་ནི་སྐྱེས་སྦྱང་ཡོན་ཏན་ནོར་གྱིས་དབེན།།
སྙན་རྩོམ་འབྲི་བའི་ཁོ་ལག་མ་རྫོགས་ཀྱང་།།
མགོན་ཁྱེད་མཛད་རྗེས་དྲན་པས་ཡིད་མྱོས་ནས།།
བསྟོད་ཚིག་བདེན་པའི་མེ་ཏོག་སྨྱུག་རྩེར་བཞུར།།
གསེར་མདོག་ཆོས་གོས་རྣམ་གསུམ་སྐུ༵་ལ་མཛེས།།
མདོ་སྔགས་རིག་གནས་འཆད་པའི་གསུ༵ང་དབྱངས་སྙན།།
འཕགས་ནོར་ཡོན་ཏན་བདུན་གྱི་ཐུ༵གས་རྒྱུད་ཕྱུག།།
ཤཱཀྱའི་དགེ་སྤྱོང་ཟམ་གདོང་བླ་མར་འདུད།།
མཁྱེ༵ན་པས་ཆུ་གཏེར་ལེགས་བཤད་འོད་སྟོང་འབར །།
བརྩེ༵་བས་གཞན་ཕན་ལྗོན་པའི་འདབ་སྟོང་རྒྱས།།
ནུ༵ས་པས་འཛམ་གླིང་མཁས་པའི་ཡིད་དབང་ཕྲོག།།
མཁས་པའི་དབང་པོ་ཟམ་གདོང་སྤྲུལ་སྐུར་འདུད།།
མདོ་སྔགས་དཀའ་གནད་འཆ༵ད་ལ་ཐོགས་པ་མེད།།
ལོག་སྨྲའི་རྒོལ་བར་རྩོ༵ད་ལ་འགྲན་ཟླ་མེད།།
རྨད་བྱུང་ལེགས་བཤད་རྩོ༵མ་ལ་མཚུངས་ཟླ་མེད།
རིགས་པའི་དབང་ཕྱུག་ཟམ་གདོང་སྤྲུལ་སྐུར་འདུད།།
ཆོས་སྲིད་ལུགས་གཉིས་སྐྱོང་བའི་ཚུལ་ལ་མཁ༵ས།།
ཚུལ་འཆལ་དྲི་མས་མ་གོས་རང་བཞིན་བཙུ༵ན།།
ཁེངས་དྲེགས་གདོན་གྱིས་མ་སྨྱོས་ཐུགས་རྒྱུད་བཟ༵ང་།།
རྩོད་དུས་སེམས་དཔའ་ཟམ་གདོང་སྤྲུལ་སྐུར་འདུད།།
གཞུང་ལུགས་འབུམ་ཕྲག་ཐོ༵ས་པའི་རྩ་བ་བརྟན།།
དེ་དོན་ཡང་དག་བས༵མ་པའི་ཡལ་འདབ་གཡོ།།
ཐོས་དོན་ཚུལ་བཞིན་སྒོམ་པའི་འབྲས་བུ་ལྗི།།
བཤེས་གཉེན་དཔག་བསམ་ལྗོན་པ་ཁྱེད་མིན་སུ།།
ཕན་བདེ་ལེགས་ཚོགས་མ་ལུས་འབྱུང་པའི་གནས།།
གསེར་མདོག་ཅོད་པན་འཆང་པའི་རང་ལུགས་ཆེ།།
ངོ་མཚར་བཤད་སྒྲུབ་ཟུང་གི་འཛིན་པ་ཡི།།
འཇམ་མགོན་བསྟན་པའི་སྲོག་ཤིང་ཁྱེད་མིན་སུ།།
ཕྱོགས་རིས་འཐེན་འཁྱེར་དྲི་མས་མ་འགོས་ཤིང་།།
དྲང་བདེན་ལྷག་བསམ་འབུམ་གྱིས་རྒྱན་བཟང་ཅན།།
གཞིས་སྡོད་བོད་མིའི་དབུ་ཁྲིད་གནང་བ་ཡི།།
ངེས་དོན་བོད་མིའི་སྲིད་སྐྱོང་ཁྱེད་མིན་སུ།།
མ་རུང་ཀུན་རྟོག་དུག་ཆུས་སྙིང་སྨྱོས་ཤིང་།།
ཕྲག་དོགས་གནོད་ཀྱིས་ཟིན་པའི་མ་རུང་བདུད།།
གངས་ལྗོངས་བསྟན་སྲིད་བཤིགས་པའི་ཀླ་ཀློ་ཡི།།
གཡོ་རྒྱུའི་འགོས་ནད་འཇོམས་པའི་གཉེན་པོ་མཆོག།།
ཁ་བའི་ཕན་བདེ་འབྱུང་བའི་སྒོ་གཅིག་པུ།།
སྐད་ཡིག་སྲོག་སྐྱོབ་ཤེས་ཡོན་སྲིད་བྱུས་ཉིད།།
འབད་བརྩོན་སྟོང་གིས་གསར་དུ་བསྐྲུན་པའི་ཚེ།།
གཞིས་བྱེས་བོད་མིས་བསྔགས་བརྗོད་མེ་ཏོག་གཏོར།།
བོད་མིའི་བླ་སྲོག་སྐད་ཡིག་ལྗང་སྨྱུག་ལ།།
མི་ཉམས་དར་རྒྱས་འབྲས་བུ་གཡུར་ཟ་བའི།།
མ་འོངས་གངས་ལྗོངས་གསར་བའི་རེ་ལྟོས་མིག།།
མེས་དབོན་དཔེ་སྟོན་སློབ་གྲྭ་ཁྱེད་ཀྱིས་བསྐྲུན།།
ག༵ངས་ཅན་རིག་གཞུང་མ་ལུས་ཐུགས་སུ་ཆུད།།
ག༵ངས་ཅན་བོད་མའི་བདེ་སྡུག་ཕྲག་ཏུ་བཞེས།།
ག༵ངས་ཅན་སྐད་ཡིག་འཇིག་པའི་གཡང་ལས་བསྐྱབས།།
ག༵ངས་ཅན་མཁས་མཆོག་སློབ་དཔོན་ཐོན་མི་དངོས།།
བསམ་བཞིན་སྲིད་པ་བཟུང་བའི་སྤྲུལ་པའི་སྐུ།།
མང་གཙོ་དཔུང་གིས་འདེགས་པའི་བཀའ་ཁྲི་མཆོག།།
འཛམ་གླིང་མཁས་པའི་གཙུག་རྒྱན་པཎྜིཏ།།
ལན་རེར་དྲན་ཚེ་དད་པའི་བ་སྤུ་ལྡང་།།
ལྷག་པར་ཡབ་རྗེ་ཕྱག་ན་པདྨོ་ཡི།།
བཀའ་གསུང་དྲི་མེད་བདུད་རྩིའི་ཐིགས་པ་འབུམ།།
རྣམ་དཔྱོད་བློ་གྲོས་བཟང་པོས་ལན་བརྒྱ་རུ།།
འཐུང་བའི་ངོ་མཚར་བསམ་ཚེ་ཡི་རངས་སྐྱེས།།
ད་དུང་ཁྱེད་ཀྱི་ཐུགས་བརྩེའི་སྐྱ་རེངས་ཀྱིས།།
ཉེར་དྲངས་གསུང་གི་བསླབ་བྱའི་ཉི་མའི་འོད།།
གྲོགས་སུ་ཐོབ་པའི་དཔེ་སྟོན་སློབ་མ་རྣམས།།
གངས་ཅན་བརྡ་སྤྲོད་སྨྲ་ལ་མགྲིན་པ་ཡངས།།
མདོར་ན་འཇིགས་རུང་འཆི་བདག་མདུན་ས་རུ།།
སླེབ་ལ་ཉེ་བའི་ཁ་བའི་རིག་གཞུང་ཉིད།།
ཁྱེད་ཀྱིས་འབད་བརྩོན་འབུམ་གྱི་སྨན་གནང་ནས།།
ཚེ་སྲོག་གསར་བའི་ལེགས་སྐྱེས་བསྩལ་བ་རྨད།།
སླད་མར་མགོན་ཁྱེད་མཛད་འཕྲིན་རྒྱ་མཚོ་ལས།།
ཆུ་ཐིགས་ཙམ་ཞིག་བརྗོད་པའི་དགེ་རྩ་འདིས།།
གངས་ཅན་མགོན་པོའི་ཐུགས་བཞེད་ཀུན་འགྲུབ་ཅིང་།།
མགོན་ཁྱེད་སྐུ་ཚེ་བརྟན་པའི་རྒྱུ་རུ་བསྔོ།།
ཞེས་ལུགས་གཉིས་ཤེས་བྱའི་གནས་ལ་བྱང་ཆུབ་ཅིང་།    བོད་བསྟན་སྲིད་ཀྱི་བྱ་བའི་ཁུར་ཆེན་ཡུན་རིང་ཕྲག་ཏུ་བཞེས་པའི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་མིང་འཛིན་པ་འབྲས་སྒོ་མང་གསེར་རྟ་ཐུབ་བསྟན་ཆོས་འཕེལ་གྱིས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་༩ པའི་ཚེས་  ༨ ཉིན་བྲིས་པ་དགེའོ།།