བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་ཐོག་ནས་བཞག་ན་དགེ་མཚན་ཆེ་ལུགས།

བར་མའི་འོས་བསྡུ་ཡོང་དགོས་པ་དེ་གློ་བུར་རྐྱེན་དབང་གིས་མ་གཏོགས། དང་པོ་ནས་ངེས་ཅན་ཞིག་གང་ཡང་མིན། སྐབས་གང་ཞིག་གི་སྤྱི་འཐུས་ཞེ་གསུམ་པོ་དེ་འོས་འདེམས་ཟིན་པའི་རྗེས་ཚོད་དཔག་དང་རེ་བ་བྱ་རྒྱུ་ཞིག་ལ་སྤྱི་འཐུས་ཞེ་གསུམ་པོ་དེ་ལོ་ལྔའི་ཡུན་ཚད་ནང་ཞུགས་ཐུབ་རྒྱུ་དེ་ཡིན། ཡིན་ནའང་ལོ་ལྔའི་རིང་འཆི་མི་ཆོག་པ་དང༌། དགོངས་པ་ཞུ་མི་ཆོག་པ་དེ་འདྲ་གསུང་ཆོག་གི་མེད་ཙང༌། འདས་གྲོངས་གྱུར་པ་དང་གནས་དབྱུང་བཏང་བ་སོགས་ནི་གློ་བུར་གྱི་རྐྱེན་ཞིག་ལས། དང་པོ་ནས་ཡོང་རྒྱུའི་གཞི་རྩར་བཞག་གི་མེད། འདི་འདྲའི་གློ་བུར་གྱི་རྐྱེན་ཞིག་མ་ཡོང་ཚེ། དགུང་ལོ་བཅོ་བརྒྱད་མ་ལོན་མཁན་རྣམས་ལོ་ལྔའི་རིང་སྤྱི་འཐུས་ཀྱི་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་མེད་པ་དང༌། དགུང་ལོ་ཉེར་ལྔ་མ་ལོན་མཁན་རྣམས་ལོ་ལྔའི་རིང་བསྒུག་ན་མ་གཏོགས་སྤྱི་འཐུས་ཀྱི་འོས་གཞིར་འགྲོ་རྒྱུའི་ཐོབ་ཐང་མེད་ཙང༌། ང་ཚོ་སྤྱི་འཐུས་ཀྱི་འོས་འཕེན་དང་འོས་གཞིར་འགྲོ་རྒྱུའི་ཐོབ་ཐང་རག་གི་མི་འདུག སྤྱི་འཐུས་ལོ་ལྟར་འོས་བསྡུ་བྱ་དགོས་དེ་འདྲ་གསུངས་ཆོག་པའི་ལམ་སྲོལ་དེ་མེད་ཙང༌། བར་མའི་འོས་བསྡུ་དེ་མེད་པ་བཟོས་ནའང༌། དབང་ཆ་ཡོད་པ་ཞིག་མེད་པར་བཟོ་གི་མེད། རྐྱེན་དབང་གིས་དབང་ཆ་ཡོང་སྲིད་པ་ཞིག་མ་ཡོང་བ་བྱས་ནས་འགྲོ་གི་ཡོད་པ་རེད་མ་གཏོགས། ལོ་ལྟར་ཕྱག་ཏུ་ཐོབ་རྒྱུ་ཡོད་པའི་དབང་ཆ་ཞིག་འགྱུར་བ་འདིའི་ཐོག་ནས་མེད་པ་བཟོ་ཐུབ་ཀྱི་མེད་ཙང༌། སྤྱི་འཐུས་རྒྱུན་ལས་ཀྱིས་བར་མའི་འོས་བསྡུ་བྱ་རྒྱུ་མེད་པ་ཞིག་བཟོ་བ་ཡིན་ན། འོས་མིར་ལང་མཁན་དང་འོས་ཤོག་འཕེན་མཁན་གཉིས་ཀྱི་གཞི་རིམ་གྱི་ཐོབ་ཐང་ལ་གནོད་སྐྱོན་འགྲོ་བ་མི་མཐོང་བ་རེད། གང་ཡིན་ཞུ་ན། ཐོབ་ཐང་དེ་གློ་བུར་གྱི་རྐྱེན་ལ་བསྒུག་བསྡད་རྒྱུ་ཞིག་མ་གཏོགས་འབྱུང་ངེས་པ་ཞིག་མིན་ཙང༌། བསྒུག་བསྡད་རྒྱུ་ཡོད་པ་ཞིག་མེད་པ་བཟོས་པ་དེ་མང་གཙོའི་གཞི་རིམ་གྱི་ཐོབ་ཐང་ལ་འགྱུར་བ་འགྲོ་གི་མེད་པར་སེམས། འགྱུར་བ་མ་འགྲོ་བའི་ཚབ་ཏུ་དང་པོའི་འོས་ཤོག་འཕེན་མཁན་གྱི་མངོན་འདོད་དེ་ལ་ཡང་གུས་ཞབས་དང་བརྩི་མཐོང་ཞིག་སླེབས་ཀྱི་ཡོད། དཔེར་ན་འོས་ཤོག་གྲངས་ཕལ་ཆེར་གཅིག་ཡོད་པའི་མི་བཅུ་གསུམ་ཡོད་ན། དེ་ལས་བཅུ་ནི་སྤྱི་འཐུས་ཆགས་འགྲོ་གི་ཡོད་པ་དང༌། བཅུ་པོ་དེ་དང་འོས་ཤོག་གཉིས་གསུམ་ལས་ཁྱད་པར་མེད་པའི་མི་ལྷག་མ་གསུམ་གྱི་འོས་འཕེན་མཁན་རྣམས་ཀྱི་མངོན་འདོད་ལ་བརྩི་མཐོང་གང་ཡང་བྱུང་མེད། སྒུག་ཐོ་བཞག་ཡོད་པ་ཡིན་ན། བཞག་པ་རྣམས་གློ་བུར་གྱི་རྐྱེན་ཞིག་ལ་སྒུག་བསྡད་རྒྱུའི་ལམ་ཞིག་བསྟན་པ་ཡིན་ན། མི་སྟོང་ཕྲག་གཅིག་གིས་འོས་བླུགས་པའི་མི་དེ་དང་དགུ་བརྒྱ་གོ་དགུས་འཕེན་པ་གཉིས་པོ་དབྱེ་བ་རྦད་དེ་ཆོད་མི་དགོས་པའི་ཐོག་ནས་འོས་གྲངས་ཆིག་སྟོང་ཐོབ་ཡོད་པ་དེ་སྤྱི་འཐུས་ལ་ཚུད་ན། དགུ་བརྒྱ་གོ་དགུ་ཐོབ་ཡོད་པ་དེ་སྤྱི་འཐུས་ཀྱི་སྒུག་ཐོའི་ནང་ཚུད་པ་ཞིག་ཡོང་རྒྱུའི་གོ་སྐབས་ཤིག་ཡོད་ཙང༌། འོས་ཤོག་འཕེན་མཁན་གྱི་མངོན་འདོད་ལ་རིན་ཐང་བརྩི་བ་ཞིག་ཆགས་ཀྱི་ཡོད། ཁ་སང་ངས་རྒྱུན་ལས་སམ་གཞན་ཞིག་ཏུ་ཞུས་རྒྱུ་བྱུང༌། མང་གཙོའི་རིང་ལུགས་ནང་འགྲོ་མཁན་ཡུལ་ལུང་གཞན་གྱི་ནང་ལའང་སྲོལ་རྒྱུན་དེ་མེད་པ་ཞིག་མ་རེད། ཚོགས་པ་དང་གང་ཟག་བྱེ་བྲག་གཉིས་ཆ་བགོས་བྱས་ནས་སྐུ་ཚབ་གཏོང་རྒྱུའི་ལམ་སྲོལ་ཡོད་པའི་ལུང་པ་དེ་ཚོའི་ནང་བར་མའི་འོས་བསྡུ་མེད་པ་རེད་དེ། སྒུག་ཐོ་ག་དུས་ཡིན་ཡང་ཡོད་པ་ཞིག་རེད། དཔེར་ན་ཇར་མ་ནི་ལྟ་བུ་ཆ་བགོས་བྱས་པའི་སྐུ་ཚབ་གཏོང་སྟངས་Proportionate Representationམ་ཡིན་པར་ཐད་ཀར་མི་མང་རྐྱང་རྐྱང་གིས་གང་ཟག་བྱེ་བྲག་པ་འོས་འདེམས་བྱས་ནས་བཏང་བའི་ལམ་སྲོལ་གྱི་ཐོག་ནས་ཡོང་མཁན་དེ་ཚོའི་ནང་ལ་སྒུག་ཐོ་ཡོད་པ་ཞིག་ངས་ཤེས་ཀྱི་མེད། ཡིན་ནའང་ཡོད་མ་རེད་ཅེས་ཐག་བཅད་ཐུབ་ཀྱི་མི་འདུག ད་རིང་སང་ཉིན་འོས་ཤོག་སྡུད་མཁན་ཧ་ལམ་རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ང་གྲངས་ཤིག་ཡོད་པ་དེ་ཚོའི་ནང་ལ་ཕལ་ཆེར་ཚང་མ་ཕྲན་བུ་མི་འདྲ་བ་རེད། གང་དུ་གང་ལམ་སྲོལ་ཡོད་པ་ཆ་ཚང་ཤེས་ཐུབ་ཀྱི་མེད། ཡུལ་ལུང་གཞན་དག་ལའང་དེ་འདྲའི་ལམ་སྲོལ་ཡོད་སྲིད་པ་མི་སེམས། ཡིན་ནའང་ཡོད་མིན་ལ་མ་ལྟོས་པར་སྤྱིར་བཏང་སྒུག་ཐོའི་ནང་ལ་བསྡད་རྒྱུའི་ལམ་སྲོལ་ཞིག་ཐོབ་ཀྱི་ཡོད་པ་རེད། དེ་ཐོབ་མིན་ལ་མ་ལྟོས་པར་ད་ལྟ་ངས་ཞུས་པ་ལྟར་གྱི་བསམ་ཚུལ་བྱས་པ་ཡིན་ན། གཞི་རིམ་གྱི་མང་གཙོའི་ལྟ་གྲུབ་དང་མི་མཐུན་པ་ཞིག་སྒུག་ཐོའི་ནང་བཞག་ན་གཞི་རིམ་གྱི་མང་གཙོའི་ལྟ་གྲུབ་དེ་འདྲ་ཞིག་དང་འགལ་གྱི་རེད་ཟེར་རྒྱུའི་འགལ་བ་དེ་ཕལ་ཆེར་བཏང་ཐུབ་ཀྱི་མ་རེད་བསམ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་ད་ལྟ་ང་ཚོ་བཀའ་བསྡུར་གནང་དུས་གསལ་དུ་འགྲོ་རྒྱུ་རེད་སྙམ། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥