བཙན་བྱོལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ལས་འཕྲོས་པའི་གསལ་བཤད།

བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་བྱུུང་བའི་སྐོར་གྱི་ལན་དང༌། ཐེ་ཝན་དུ་སྐབས་གཉིས་པའི་སྐུ་ཚབ་ཕེབས་སྐོར་གྱི་གསལ་བཤད་མདོར་བསྡུས་གཉིས་ཀ་གྲུབ་སོང༌། ལམ་སྲོལ་བྱས་པ་ཡིན་ན་སྐབས་གཉིས་པའི་སྐུ་ཚབ་སྐོར་དེ་ཁ་སང་བཀའ་ཤག་གི་གསལ་བཤད་ནང་ལ་མ་ཚུད་པའི་གསལ་བཤད་ཟུར་པ་ཞིག་ཡིན་ཙང༌། གལ་སྲིད་སྤྱི་འཐུས་རྣམ་པ་ཚོས་དེ་ཐོག་བགྲོ་གླེང་བྱ་རྒྱུའི་གྲོས་འཆར་བཏོན་པ་ཡིན་ན། བགྲོ་གླེང་བྱ་དགོས་རྒྱུ་ཞིག་ཆགས་ཡོད། ཡང་ན་ཐེ་ཝན་སྐོར་གྱི་གཞུང་འབྲེལ་གྲོས་འཆར་ཟུར་དུ་ཡོང་རྒྱུ་ཡོད་ཙང༌། དེའི་ཐོག་ལ་བགྲོ་གླེང་གནང་ཡང་འགྲིགས། ཁ་སང་གསལ་བཤད་ཡིག་ཆ་འགྲེམས་སྤེལ་གནང་བའི་དོན་ཚན་ ༣ ནང་ བྱབྱཨ་རིའི་གཞུང་ནས་རྒྱ་ནག་ལ་ཚོང་འབྲེལ་ཆག་ཡང་གནང་རྒྱུ་དང༌། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་ཐད་དམ་འཛིན་གནང་རྒྱུ་དེ་ཨ་རིའི་གཞུང་ནས་རྒྱ་ནག་ལ་ཡོངས་ཁྱབ་ལ་འཛིན་པའི་སྲིད་བྱུས་ཤིག་ཡིན་པས། བོད་ཀྱང་དེའི་ནང་ཚུད་ཡོད་བྱབྱ ཅེས་པའི་ཚིག་དེར་བགྲོ་གླེང་སྐབས་སྤྱི་འཐུས་མང་པོར་དགོངས་ཚུལ་བྱུང་ཡོད། དེ་བཞིན་བཀའ་བློན་ཁྲི་པས་རེ་འདུན་གནང་བ་བཞིན་ངས་གྲོས་ཚོགས་ཀྱི་ཡིག་ཆ་ནས་ཕྱིར་འདོན་བྱ་རྒྱུ་ཡིན། ཚིག་དེ་ལ་གསལ་བཤད་དང་འགྲེལ་པ་བརྒྱབ་རྒྱུ་ཡོད་ཀྱང༌། རྒྱ་ནག་ཡོངས་ཁྱབ་ནང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཟེར་རྒྱུའི་ཨ་རིའི་སྲིད་བྱུས་ནང་བོད་པ་ཚུད་ཡོད་ཅེས་ང་རང་ཚོའི་གཞུང་འབྲེལ་ཡིག་ཆའི་ནང་བཀོད་པ་ཡིན་ན་མ་འགྲིགས་པ་རེད། ང་ཚོས་ཨ་རིར་ཁྱེད་ཚོས་རྒྱ་ནག་ཡོངས་ཁྱབ་ལ་འཛིན་པའི་སྲིད་བྱུས་ནང་བོད་པ་བཙུད་ན་འགྲིགས་ཀྱི་མི་འདུག་ཅེས་ལབ་དགོས་པ་ཆགས་ཡོད། སྔོན་མ་ནས་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་སྐོར་གྲོས་ཆོད་བཞག་སྟངས་ཀྱི་ཡིག་ཆ་དེ་ཟིན་བྲིས་རྒྱག་སྐབས་ཀྱང༌། རྒྱུན་ལས་དང་ཚོགས་གཙོ་གཉིས་ཀྱི་ངོས་ནས་རྒྱུན་དུ་ཞུ་རྒྱུ་དེ་ནི། གྲོས་ཆོད་བཞག་ཐུབ་ཙམ་དེ་ཙམ་གལ་ཆེན་པོ་མིན། གྲོས་ཆོད་ཀྱི་བརྗོད་ཚིག་གི་ནང་བོད་རྒྱ་མིའི་ཁོངས་གཏོགས་ཡིན་པ་མངོན་ཐུབ་པའི་ཚིག་དེ་རིགས་འཁོད་པ་ཡིན་ན། གྲོས་ཆོད་བཞག་པ་ལས་མ་བཞག་པ་ལེགས།རྒྱལ་ཚོགས་ཀྱི་ཡན་ལག་གི་ཚོགས་ཆེན་ནམ་ཚོགས་ཆུང་གང་ཡང་རུང་བའི་གྲོས་ཆོད་ནང་དེ་འདྲ་འཁོད་ན་འགྲིགས་ཀྱི་མི་འདུག་ཅེས་གྲོས་ཚོགས་ཀྱི་དགོངས་ཚུལ་དེ་འདྲ་རེད།
དེ་བཞིན་དོན་ཚན་ ༨ པའི་ཡིག་ཕྲེང་གསུམ་པར། ལྷག་པར་ཁོ་ཚོས་མ་འོངས་པར་རྒྱ་ནག་རྒྱལ་ཕྲན་མཉམ་སྦྲེལ་ལམ་ལུགས་སྒྱུར་ཐབས་ཀྱི་རྩ་ཁྲིམས་འཆར་ཟིན་ཞིག་འཁོད་པ་དེའི་ནང་ བྱབྱབོད་ཀྱི་དོན་གནད་སྐོར་དམིགས་བསལ་ཆེན་པོ་བཀོད་ཡོད་འདུག་བྱབྱ གསུངས་པ་དེ་ནི་ང་ཚོའི་གཞུང་གི་ངོས་ནས་གསུང་རྒྱུའི་གསལ་བཤད་ཅིག་ཡིན་ཙང༌། ཁོ་ཚོའི་དེའི་ནང་བཀོད་པ་དེ་དམིགས་བསལ་ཆེན་པོ་ཡིན་པར་ངོས་འཛིན་བྱས་ན་སྟབས་བདེ་པོ་ཡོད་མ་རེད། ང་ཚོས་འགྲེལ་བཤད་བརྒྱབས་ཏེ་དམིགས་བསལ་ཆེན་པོ་ཞེས་པ་དེ་ཁོ་རང་ཚོའི་བསམ་ཚུལ་ནང་གི་དམིགས་བསལ་ཆེན་པོ་རེད་ཅེས་འགྲེལ་བཤད་བརྒྱབ་རྒྱུ་ཡོད་ཀྱང༌། ཡིག་ཆ་ཀློག་མཁན་གྱིས་ཐད་ཀར་ཀློག་རྒྱུ་ཡིན་ཙང༌། ལོ་ཉི་ཤུ་རྩ་ལྔའི་བར་རྒྱ་ནག་དང་མཉམ་སྦྲེལ་བྱས་ཏེ་བསྡད་རྒྱུ་དང༌། དེ་རྗེས་ལ་གཞི་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་ཟེར་རྒྱུ་དེ་ང་ཚོའི་ད་ལྟའི་ཆབ་སྲིད་ཀྱི་འཐབ་རྩོད་འདི་ཐོག་ནས་ཕར་བལྟས་པའི་སྐབས་དེ་དམིགས་བསལ་གང་ཡང་མ་རེད། སྤྱིར་བཏང་གི་ནང་ནས་སྤྱིར་བཏང་ཕལ་པ་ཞིག་ཆགས་པ་མ་གཏོགས། དམིགས་ཀྱིས་བསལ་རྒྱུ་གང་ཡང་མ་རེད། འདི་ཡང་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འདོན་ཞུ་རྒྱུའི་ཐག་གཅོད་ཞུ་གི་ཡོད། དེ་དང་ཆབས་ཅིག་ད་རིང་བསྐྱར་དུ་གསལ་བཤད་གནང་སྐབས། ཨ་རིས་རྒྱ་མི་དང་མཉམ་དུ་འབྲེལ་བ་གནང་སྟངས་ཐོག་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་གི་དྲི་བ་དང་ཚོང་འབྲེལ་གྱི་དྲི་བ་གཉིས་པོ་ལོགས་ཁ་བྱས་པ་དེ་གཅིག་བྱས་ན་བོད་པར་ཕན་ཐོགས་ཆེ་བ་བྱུང་ཡོད་རེད་གསུང་རྒྱུའི་འགྲེལ་བཤད་དེ་ང་ཚོའི་གཞུང་འབྲེལ་གྱིས་གསུང་རྒྱུ་ཞིག་རེད་ཀྱི་ཡོད་མ་རེད་སྙམ། དེའང་ངས་གྲོས་ཚོགས་ཀྱི་ཡིག་ཆ་ནས་ཕྱིར་འདོན་བྱ་རྒྱུ་ཡིན། གང་ཡིན་ཟེར་ན་ད་ལྟ་ང་ཚོས་ཤེས་པ་དང་ངོས་འཛིན་བྱས་པ་ཞིག་ལ། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱི་འཛིན་སྟངས་དེ་གཉིས་ལོགས་སུ་བཟོ་ན་མི་འགྲིགས་པ་དེ་རེད་མ་གཏོགས། དེ་ལོགས་སུ་བཟོས་ནའང་འགྲིགས་ཀྱི་འདུག་ཟེར་བའི་སྲིད་བྱུས་དེ་འཛིན་གྱི་ཡོད་མ་རེད་བསམ་གྱི་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ཟླ་ ༤ མཇུག་ཨ་རིར་བསྩལ་བའི་གསུང་བཤད་སྔ་རྗེས་དང༌། གསར་འགོད་པ་ཁག་གི་དྲི་བ་ཞུས་པའི་བཀའ་ལན།ཨ་རིས་ཐག་གཅོད་བྱས་ཚར་བའི་རྗེས་ཀྱི་གསུང་བཤད་ཁག་གང་དུ་བལྟས་ཀྱང༌། ལོགས་སུ་བཟོས་པ་དེས་རྒྱ་མིའི་ནང་གི་བར་འབྲིང་གི་མི་མང་མང་གཙོའི་རིང་ལུགས་ལ་རེ་བ་རྒྱག་མཁན་དེ་དག་སེམས་ཤུགས་ཆག་པ་ཡིན་ན། དེ་ཧ་ཅང་གི་སྡུག་ཅག་རེད་ཅེས་ཡང་ཡང་བཀའ་གནང་ཡོད།བྱས་ཙང་ང་ཚོའི་ཆབ་སྲིད་ཀྱི་འཛིན་སྟངས་དེ་ལོགས་སུ་ཕྱེ་བ་དེ་ཡག་པོ་བྱུང་མི་འདུག་ཅེས་ལབ་དགོས་རྒྱུའི་གནས་སྟངས་གཅིག་ཆགས་ཀྱི་ཡོད་རེད། དེ་གཅིག་བྱས་ན་བོད་ལ་ཕན་ཐོགས་ཆེ་བ་ཡོད་རེད་ཅེས་གསུང་རྒྱུ་དེ་ང་ཚོའི་སྲིད་བྱུས་འཛིན་སྟངས་དང་མཐུན་པ་ཞིག་མ་མཐོང༌།ཚོགས་གཙོའི་ངོས་ནས་གསལ་བཤད་ཞུ་དགོས་པ་དེ་དག་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བདུན་པ། ༡༩༩༤/༠༧/༢༡ ་་་ ༡༩༩༤/༠༨/༠༣