བདེ་སྐྱིད་གླིང་གི་བགྲེས་ཤག་དང་འབྲེལ་བའི་གྲོས་འཆར་ཞིག་གི་ཐོག་གསལ་བཤད།

ད་ལྟ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོས་གསལ་བཤད་གནང་བ་དེ་དངོས་འབྲེལ་རེད། དེ་ལ་བཀའ་ཤག་གིས་ངོས་ལེན་ཞུས་ཡོད། བཀའ་ཤག་གི་སྙན་ཐོའི་ནང་ཚོགས་ཆུང་གིས་ཞིབ་འཇུག་གནང་སྐབས་འབྲེལ་ཡོད་ནས་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་ཞུས་མ་ཐུབ་པའམ་ཞེས་བཀོད་ཡོད། སྐབས་དེར་འབྲེལ་ཡོད་ལས་བྱེད་པས་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་ཞུས་མ་ཐུབ་པ་དེ་དངོས་ཡོད་རེད་འདུག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ཞིབ་ཚགས་པོ་གནང་ནས་ཐག་གཅོད་གནང་བ་མ་གཏོགས། ཧ་བོ་ཧོ་བེ་གནང་བ་རྩ་བ་ནས་མ་རེད། ཡང་འབྲེལ་ཡོད་ལས་བྱེད་པས་གནས་ཚུལ་འགྲེལ་བཤད་ཆ་ཚང་ཞུས་མ་ཐུབ་པའི་ནོར་འཁྲུལ་དེ་སྡེ་ཚན་སོ་སོའི་འགན་འཛིན་ནམ། འབྲེལ་ཡོད་ལས་བྱེད་ལ་འགན་འཀལ་ཐུབ་རྒྱུ་ཞིག་ཀྱང་རེད་མི་འདུག གསལ་བཤད་ཞུ་རྒྱུའི་རྒྱུ་ཆ་ཧ་ཅང་དཀོན་པོ་རེད་འདུག དེ་འདྲ་ཡིན་ཙང་ཁོང་ཚོས་གང་ཞུས་པ་དེ་ཆ་ཚང་བ་རེད་ཅེས་ང་ཚོས་ཞུ་ཐུབ་ཀྱི་མི་འདུག བཀའ་ཤག་གིས་ལས་དོན་ཇི་བྱས་ཀྱི་སྙན་ཞུའི་ནང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་འདི་གསུངས་འདུག ང་ཚོར་རྒྱུ་མཚན་ཞུ་རྒྱུ་འདི་ཡོད་ཅེས་ཐག་བཅད་ནས་ཞུས་མ་ཐུབ་པ་ཡིན་ཙང༌། བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུག་རོགས་གནང་ཞེས་ཞུ་དགོས་བྱུང་བ་རེད། བདེ་སྐྱིད་གླིང་དུ་ཁང་པ་བགོ་འགྲེམས་བྱེད་སྟངས་ཁྲིམས་མཐུན་བྱུང་འདུག་ཅེས་ཞུས་མེད། བསྐྱར་ཞིབ་ནན་པོ་ཞིག་གནང་བ་ཡིན་ན། ཁྲིམས་མཐུན་བྱུང་བ་གང་རེད། མ་བྱུང་བ་གང་རེད་གསལ་པོ་ཆགས་པའི་རེ་བ་ཡིན། དེ་སྔོན་ས་ཁང་བགོས་འགྲེམས་གནང་བའི་སྐབས་ཐག་གཅོད་གནང་བའི་བརྒྱུད་ལམ་མི་འདྲ་བ་མང་པོ་ཞིག་གི་ཐོག་ནས་བྱུང་འདུག མི་རེ་ལ་འགྲེལ་བཤད་མི་འདྲ་བ་རེ་བརྒྱབ་རྒྱུ་འདུག ཁ་ཤས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་བགོས་འགྲེམས་གནང་བ་དང༌། ཁ་ཤས་ནང་སྲིད་ལས་ཁུངས་ནས་བགོས་འགྲེམས་གནང་བ། ཁ་ཤས་ས་ཁང་དོ་དམ་པས་བགོས་འགྲེམས་གནང་བ་བཅས་ཅི་རིགས་ཤིག་འདུག ཁང་པ་དེ་ཚོ་རྒྱག་པའི་སྐབས་བགྲེས་ཁང་ཞེས་བཏགས་པ་ཙམ་མ་གཏོགས། བེད་སྤྱོད་གཏོང་བའི་སྐབས་བགྲེས་ཡོལ་བའི་བགྲེས་ཁང་གི་ངོ་བོར་བེད་སྤྱོད་བཏང་བ་ཧ་ལམ་བྱུང་མི་འདུག གནས་ཚུལ་མང་པོ་ཞིག་བཀའ་ཤག་གིས་ཐག་གཅོད་གནང་བ་རེད་གསུངས་པ་དེ་ཚོའང་ཐག་གཅོད་ཡིག་ཐོག་ཏུ་འཁོད་པ་རྙེད་ཀྱི་མི་འདུག འོན་ཀྱང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ས་གནས་སུ་ཞིབ་འཇུག་གནང་སྐབས་ཞུས་མ་ཐུབ་པའི་གནས་ཚུལ་མང་བ་ཞིག་བར་ལམ་ར་འཕྲོད་བྱུང་ནས་ད་ལྟ་ཞུ་རྒྱུ་ཡོད་པ་དེ་འདྲ་ཡོད། བཀའ་ཤག་གིས་གཞུང་ཞབས་བགྲེས་ཡོལ་བའི་བདེ་དོན་གལ་ཆེན་པོ་ཡིན་པ་དང༌། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་ནི་གང་ཟག་བྱེ་བྲག་པའི་ཁེ་ཕན་ལས་གལ་ཆེ་བར་རྩིས་ཀྱི་ཡོད། འབྲེལ་ཡོད་བགྲེས་ཡོལ་བ་དེ་ཚོ་ཐུགས་ཕམ་གནང་གི་རེད་བསམ་པ་དང༌། མི་དགའ་བ་བྱེད་ཀྱི་རེད་བསམ་པའི་འཇིགས་ཞུམ་ཆགས་སྡང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་གནང་མེད་གསུངས་ཀྱི་ཡོད་རེད། བཀའ་ཤག་གི་ངོས་ནས་ཀྱང་བྱེད་རྒྱུའི་བསམ་པ་མེད། བསྐྱར་ཞིབ་ཚོགས་ཆུང་གཅིག་བཙུག་གནང་བ་ཡིན་ན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་མདུན་དུ་ཞུས་མ་ཐུབ་པའི་གནད་དོན་དེ་ཚོ་ཆ་ཚང་ཞུ་ཐུབ་པ་ཞིག་དང༌། སྐབས་དེ་དུས་ནང་སྲིད་དང་བཀའ་ཤག་གིས་མ་ཤེས་པའི་གནས་ཚུལ་བར་ལམ་ཤེས་པ་རྣམས་ཞུས་ཏེ་དངོས་ཡོད་བདེན་པའི་གནས་ཚུལ་ཇི་ཡིན་གསལ་པོ་ཞིག་བཟོས་པའི་ཐོག་ནས་ཤ་ཡིན་ན་ཟ་བདེ་བ་དང༌། རུས་པ་ཡིན་ན་གཡུག་བདེ་བ་ཞིག་ཡོང་བའི་རེ་བ་ཡིན། དེར་བརྟེན་གཞུང་འབྲེལ་གྲོས་འཆར་བཏོན་གནང་བ་ལ། བཀའ་ཤག་གིས་སྙིག་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བདེ་སྐྱིད་གླིང་གི་བགྲེས་ཤག་དང་འབྲེལ་བའི་ཐོག་སླར་ཡང་གསལ་བཤད།
བཀའ་ཤག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཐག་ཆོད་ཏག་ཏག་བྱུང་མི་འདུག་ཅེས་རྩ་བ་ནས་ཞུས་མེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ཐག་གཅོད་གནང་སྐབས་འབྲེལ་ཡོད་ལས་བྱེད་ཚོས་གནས་ཚུལ་ཆ་ཚང་སྙན་གསན་ཞུས་ཐུབ་མི་འདུག་ཅེས་ཞུས་པ་ཡིན། གཉིས་པ་ཐག་ཆོད་དེ་དག་ལག་ལེན་ལ་བསྟར་བའི་སྐབས་དངོས་ཡོད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དེ་འདྲ་སོང་ཙང་དོན་ཚན་དེ་གཉིས་ཀྱི་ཐོག་བསྐྱར་ཞིབ་གནང་རོགས་ཞུས་པ་ཡིན་མ་གཏོགས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཐག་ཆོད་དེ་ཚད་ལྡན་མ་ཡིན་པ་དང༌། ཧ་རེ་ཧུ་རེའི་ཐོག་ནས་གནང་འདུག་ཅེས་རྩ་བ་ནས་ཞུས་མེད། སྐབས་དེར་ཚོགས་ཆུང་མདུན་ཕུལ་བའི་གསལ་བཤད་དང་ཡིག་ཆ་སོགས་རྒྱབ་ལྗོངས་གང་ཡོད་དེའི་ཐོག་ནས་ཐག་ཆོད་དེ་ལས་གཞན་པ་ཞིག་ཡོང་ཐབས་མེད་པ་རེད། འོན་ཀྱང་ཁྲིམས་ཁང་ཞིག་གིས་ཐག་ཆོད་གནང་བ་ཡིན་ནའང་ཉན་ཞིབ་སྐབས་དན་རྟགས་འབུལ་རྒྱུ་ལུས་པ་དང༌། གནས་ཚུལ་ཞུ་རྒྱུ་ལུས་པ། ཡང་ན་གསར་བྱུང་གི་གནས་ཚུལ་ཞུ་རྒྱུ་ཡོད་པ་ཡིན་ན་བསྐྱར་ཞིབ་གནང་རོགས་ཞུ་སྲོལ་ཡོད་པ་ཞིག་རེད། དེའང་ཐག་ཆོད་སྔོན་མ་དེ་ཚད་ལྡན་མ་རེད་ཞུས་པ་མ་ཡིན་པར་སྔོན་མའི་ཐག་གཅོད་གནང་སྐབས་དོན་གནད་འདི་དང་འདྲི་འདྲ་བ་ཞིག་ང་ཚོས་སྙན་གསན་ཞུས་ཐུབ་མི་འདུག་པས་དེ་ཚོའི་ཐོག་བསྐྱར་དུ་དགོངས་བཞེས་གནང་རོགས་གནང་ཞུ་གི་ཡོད་རེད།
ཁང་པ་ཨང་ ༤༣ C དེ་ས་གནས་འགོ་འཛིན་ཟུར་པ་རྣམ་རྒྱལ་དབང་འདུས་ཀྱིས་གཡར་པོ་གནང་འདུག་ཅེས་ཐག་བཅད་ནས་བཀའ་ཤག་གི་སྙན་ཐོའི་ནང་བཀོད་མེད། བྱབྱས་གནས་འགོ་འཛིན་ཟུར་པ་རྣམ་རྒྱལ་དབང་འདུས་ལགས་ཀྱིས་དྭང་ཟུར་བ་ཞིག་ལ་གཡར་པོ་གནང་ལུགས་བརྗོད་དེ་བྱབྱ ཞེས་ཁོང་ཚོས་གང་ཞུས་པ་དེ་བཀོད་ཡོད། བཀའ་ཤག་གི་སྙན་ཐོའི་ནང་ཚིག་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ་བྲིས་ཡོད། གཡར་པོ་གནང་ཡོད་མེད་ང་ཚོས་གང་ཡང་ཤེས་ཀྱི་མེད། གནང་ལུགས་བརྗོད་པ་དངོས་གནས་རེད། དོན་ཚན་དེའང་བསྐྱར་ཞིབ་གནང་སྐབས་གསལ་པོ་ཆགས་ཀྱི་རེད།
བཀུར་འོས་སྤྱི་འཐུས་ཀྱིས་གསུངས་པ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་མི་རེ་ངོ་རེའི་ཐོག་ལ་སྒྲིག་གཞི་འགལ་ལུགས་འགལ་སྟངས་ཀྱི་རྒྱུ་མཚན་བཀོད་གནང་འདུག ང་ཚོས་ཀྱང་ཚོགས་ཆུང་གིས་གང་གསུངས་པ་དང༌། གནས་ཚུལ་གསར་པ་གང་རྙེད་པ། དོ་བདག་སོ་སོས་འགྲེལ་བརྗོད་གང་གནང་བ་ཆ་ཚང་གཟིགས་བདེའི་རེའུ་མིག་བཟོས་ཡོད། བསྐྱར་ཞིབ་གནང་བའི་སྐབས་མི་རེ་རེ་བཞིན་ཐག་གཅོད་གཙང་མ་ཞིག་གནང་ཐུབ་ཀྱི་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་བཀའ་ཤག་བརྒྱུད་ནང་སྲིད་ལས་ཁུངས་སུ་འབྱོར་འཕྲལ་ནང་སྲིད་ལས་ཁུངས་ནས་དོ་བདག་སོ་སོར་བགྲེས་ཤག་ཕྱིར་འབུལ་དགོས་པའི་བརྡ་ཐོ་གཏོང་སྐབས་དོ་བདག་སོ་སོས་གསལ་བཤད་གང་གནང་བ་དང༌། དེའི་ཐོག་ནང་སྲིད་ལས་ཁུངས་ཀྱིས་གནས་ཚུལ་གསར་པ་གང་རྙེད་པ་ཆ་ཚང་འཁོད་ཡོད། རྒྱུ་མཚན་ཞུ་རྒྱུ་མེད་རིགས་ལ་ཞུ་རྒྱུ་མི་འདུག་ཅེས་འཁོད་ཡོད། དཔལ་ལྡན་ཚོགས་གཙོ་མཆོག མཐའ་བསྡོམས་རེ་བསྐུལ་ཞུ་རྒྱུར། ད་ལྟ་ཡོད་བཞིན་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་གནང་གི་ཡོད་དམ། ཆེད་འཛུགས་ཚོགས་ཆུང་ཟུར་འཛུགས་གནང་གི་ཡོད། གང་ལྟར་སྐབས་རྗེས་མའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་བར་དུ་དུས་འགྱངས་མ་གནང་བར་སྐབས་བཅིུས་པའི་བཀའ་ཤག་གི་ལས་དུས་མ་རྫོགས་གོང་ཐག་གཙང་མ་ཆོད་པ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན། ང་ཚོས་གཡོས་པའི་སྐྱོ་མ་ལྷག་མ་ཞིག་སྐབས་བཅུ་གསུམ་པའི་བཀའ་ཤག་ལ་འདག་རྒྱུ་གཞག་འདོད་མི་འདུག བསྐྱར་ཞིབ་ཚོགས་ཆུང་ག་འདྲ་ཞིག་ལ་འགན་ཁུར་གནང་གི་ཡོད་ནའང་དོན་དུ་ཚོགས་དུས་རྗེས་མའི་གོང་ཞིབ་འཇུག་གྲུབ་པ་ཞིག་ཡོང་བ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣