བདུད་རྩིས་ཁེངས་པའི་ལྷུང་བཟེད་སྨུག་པོ།

ཚ་རུ་མ་ཐབས་མཁས། ཨོ་སི་ཁྲེའུ་ལེ་ཡ།
ཤེས་བྱའི་དཀྱིལ་འཁོར་བློ་ལ་འཁོར་བ་ཡིན།།
སྤྲིན་དཀར་ལྷུན་པོར་འགྲན་པའི་དགེ་སྦྱོང་ཞིག།
གསེར་མདོག་པཎ་ཞྭ་གློག་དམར་འཁྱུགས་པའི་འོག།།
ཟབ་རྒྱས་ལེགས་བཤད་འབྲུག་སྟོང་ལྷང་ལྷང་གྲགས།།

འཇིག་རྟེན་འཇིག་རྟེན་འདས་པའི་ལམ་པོ་ཆེ།།
གང་འདུལ་གདུལ་བྱའི་མོས་ཁམས་བཞིན་སྟོན་ཅིང་།།
སྣ་མང་གཙུག་ལག་སྐད་རིགས་སྨྲ་བའི་དབང་།།
ཟམ་གདོང་བླ་མའི་ཕྱོགས་ལ་སུ་མི་གུས།།
ཆོས་སྲིད་ལུགས་ཀྱི་རིག་པའི་གཞུང་ལུགས་ཀུན།།
ཡང་དག་རིགས་པའི་རྩེ་མོ་བརྒྱ་སྟོང་གིས།།
ཤར་ནུབ་མཁས་པའི་འདུན་ས་དུ་མ་རུ།།
དོན་བཞིན་ཚད་མའི་ལེགས་སྦྱར་འདོམས་པས་བརྗོད།།
རང་གཞན་རིག་པའི་གནས་ལུགས་ཀུན་ཆུབ་པའི།།
སྐྲ་དཀར་ཚོམ་བུས་མཛེས་པའི་དགེ་སློང་མཆོག།།
ཁ་བའི་ལྗོངས་ཀྱི་མུན་སེལ་སྒྲོན་མེ་རུ།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།།
ཅེས་པ་འདི་ཡང་ཡོངས་ཀྱི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དགུང་གྲངས་དོན་ལྔའི་འཁྲུང་སྐར་ལ་ཁོང་གི་འཆད་ཁྲིད་ལེགས་བཤད་ལ་ངོས་དང་སྒྲ་ཕབ་ལས་ལན་མང་ཉན་པའི་འཁྱམས་པོ་རྗེ་བཙུན་གཡག་རའམ་ཚྭ་རུ་མ་ཐབས་མཁས་ཀྱིས་ཨོ་གླིང་གི་མེལ་བྷོན་གྲོང་ཁྱེར་གྱི་འདབས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༥ ལ་ཕུལ་བའོ།། །།