བགྲོ་གླེང་དབུ་འཚོས་པའི་ཐོག་ནས་གནང་དགོས་ཚུལ་དང༌།
བགྲོ་གླེང་དབུ་འཚོས་པའི་ཐོག་ནས་གནང་དགོས་ཚུལ་དང༌། རྒྱུན་ལས་ཀྱི་ཁང་གླའི་སྒྲིག་གཞི་བསྐྱར་བཅོས་ཕྱིན་པ་དེའི་སྐོར་དགོངས་ཚུལ། བགྲོ་གླེང་སྐབས་སྤྱི་འཐུས་ཁ་ཤས་དབུ་མ་འཚོས་པར་བཞུགས་པ་འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཚིག་བེད་སྤྱོད་གཏོང་སྟངས་དང༌། བཀའ་ཤག་གི་གསལ་བཤད་ཐོག་གོ་བ་བཞེས་ཚུལ་དང༌། ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོའི་གོ་བ་བཞེས་ཚུལ་ཚང་མའི་ཐོག་གོ་བརྡ་མ་འཕྲོད་པ་དང༌། དབུ་མ་འཚོས་པ་ཞིག་ཡོད་པའི་ཐོག་ནས་བགྲོ་གླེང་གནང་བ་མ་གཏོགས་ཕྱོགས་གཉིས་ཀའི་གནས་ཚུལ་ཆ་ཚང་གསལ་པོ་རྟོགས་ནས་བགྲོ་གླེང་གནང་མཁན་ཉུང་ཉུང་ལས་མེད་པའི་མཐོང་སྣང་བྱུང༌། འཛིན་སྐྱོང་གི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་དོན་གནས་ཤིག་གི་ཐོག་ཐག་གཅོད་བྱ་རྒྱུའི་ཆེད་དུ་ང་ཚོ་གྲོས་ཚོགས་འདིའི་ནང་དུ་བགྲོ་གླེང་གནང་བའི་སྐབས་སུ་སོ་སོས་མ་མཁྱེན་པའི་ཐོག་བགྲོ་གླེང་མང་པོ་ཞིག་གནང་སྟེ་མཐའ་མ་སྤྱི་མོས་མང་མོས་ཤིག་གི་ཐོག་ཕྱིན་པ་ཡིན་ན། མང་གཙོའི་རིང་ལུགས་ཀྱི་ཁེ་ཕན་ཞིག་ཏུ་མ་ཆགས་པར་མང་གཙོའི་རིང་ལུགས་ཀྱི་གྱོང་གུན་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་ཞིག་ཡང་ཡང་མཐོང་གི་འདུག དེ་འདྲ་ཡིན་ཙང་ཚོགས་གཙོའི་ལས་འགན་གྱི་ཐོག་ནས་དེའི་སྐོར་གཅིག་མ་ཞུས་ཐབས་མེད་གྱུར་སོང༌། གྲོས་ཚོགས་འདིའི་ནང་དུ་ཆབ་སྲིད་དང་ཁྲིམས་བཟོའི་ལས་དོན་དང་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་མང་པོ་ཞིག་ཐོག་ཏུ་ལོ་མང་པོ་ཉམས་མྱོང་བསགས་གནང་བ་རེད། གསལ་བཤད་མང་པོ་ཞུས་ཡོད། སྐབས་བཅུ་གཉིས་པའི་སྤྱི་འཐུས་ནང་སྐབས་བཅུ་གཅིག་པའི་སྤྱི་འཐུས་མང་པོ་ཞིག་ཡོད། ཡིན་ནའང་ངས་ཁ་སང་ཞུས་པ་བཞིན་ཁྲིམས་དང་སྒྲིག་གཞིའི་ཐོག་ལ་དབུ་འཚོས་པ་གནང་རྒྱུའི་གཞི་རིམ་གྱི་ནུས་པ་ཡར་རྒྱས་འགྲོ་རྒྱུ་ཁག་པོ་ཞིག་ཆགས་བསྡད་པ་འདི་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མང་གཙོའི་འཕེལ་རིམ་གྱི་འགལ་རྐྱེན་ཞིག་ཡིན་པ་དེ་ངོ་ཤེས་པ་གནང་ནས་དེ་མེད་པ་བཟོ་རྒྱུའི་ཐབས་ཤེས་ངེས་པར་དུ་གནང་དགོས་སྙམ། སྤྱི་འཐུས་མི་རེ་ངོ་རེ་དང༌། བཀའ་བློན་མི་རེ་ངོ་རེ། ལྷག་པར་གཞུང་གི་སྲིེ་ཞུ་ཞབས་འདེགས་པ་མི་རེ་ངོ་རེ་ནས་དེའི་དོན་དུ་འབད་བརྩོན་མ་གནང་བ་ཡིན་ན། ང་ཚོའི་གཞི་རིམ་གྱི་འོས་ཆོས་ཤིག་མ་ཚང་བ་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས་ངས་ཚོར་སྣང་ཆེན་པོའི་ཐོག་ནས་ཞུ་བ་ཡིན་པས་དགོངས་འགལ་མེད་པ་ཞུ།
ད་ལྟ་འདིར་སྤྱི་འཐུས་རྒྱུན་ལས་ཀྱི་ཁང་གླའི་ཐོག་བསྐྱར་བཅོས་ཤིག་ཕྱིན་པ་རེད། དེའི་སྔོན་དུ་གྲོས་ཆོད་ཅིག་ཚོགས་དུས་སྔོན་མར་བཞག་ཡོད། ད་རིང་འདིར་སྒྲིག་གཞི་བསྐྱར་བཅོས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང༌། ནང་སྲིད་བཀའ་བློན་མཆོག་ནས་བཏོན་གནང་བ་དེ་ད་ལྟ་སྤྱི་མོས་ཐོག་ནས་ཐག་གཅོད་བྱས་པ་རེད། ཐག་གཅོད་བྱས་ཟིན་པས་དེའི་ཐོག་འགྲེལ་བརྗོད་ཅིག་བྱེད་པ་ལ་གནད་འགག་མི་འདུག ད་ལྟ་སྒྲིག་གཞི་བསྐྱར་བཅོས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཆོག་མཆན་ཞུ་རྒྱུ་མ་གཏོགས་གཞན་ཁྲིམས་བཟོའི་ལས་དོན་ཡོངས་སུ་རྫོགས་པ་གྲུབ་པ་ཡིན། དེ་བས་ཚོགས་གཙོས་འགྲེལ་བརྗོད་བྱ་རྒྱུ་ལ་དགག་བྱ་གང་ཡང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། སྐབས་བཅུ་གཅིག་པ་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་འབད་རྩོལ་གང་བྱས་ཡོད་ཟེར་ན། གཞུང་གི་ཆེས་མཐོའི་ལས་ཀྱི་སྣེ་རུ་ཡོད་པ་རྣམས་དང༌། སྤྱི་འཐུས། དེ་བཞིན་གཞུང་ཞབས་ཡོངས་སུ་རྫོགས་པ་ལ་མཚན་དོད་ལས་དོད་ཀྱིས་མཚོན་པའི་མཐུན་རྐྱེན་འབུལ་ཚུལ་རྣམས་ཚན་རིག་དང་མཐུན་པར་རྒྱུ་མཚན་ཡོད་པ་བཟོ་ཐུབ་པ་ཡིན་ན། མ་འོངས་པར་རྒྱུ་མཚན་དེའི་ཐོག་ནས་འཕར་ཆག་གང་ཕྱིན་པ་ཡིན་རུང༌། སྟབས་བདེ་པོ་ཞིག་ཡོང་གི་རེད་བསམས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་མིན་བཞིན་དུ་ཕོགས་རིམ་ཚོགས་ཆུང་བཙུག་རྒྱུ་དང༌། ཕོགས་རིམ་ཚོགས་ཆུང་གི་ལས་དོན་གྱི་ཐོག་ལ་གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་གནང་རྒྱུ། ཕོགས་རིམ་ཚོགས་ཆུང་གིས་རྒྱབ་གཉེར་གནང་བ་བཞིན་ལས་བྱེད་པ་ཚོར་ཕོགས་རིམ་བཟོ་རྒྱུ་སོགས་ལས་དོན་མང་པོ་ཞིག་གི་ཐོག་ང་ཚོས་ཕྱག་ལས་གནང་ཡོད། དེ་ཚོ་ཚང་མའི་རྒྱབ་ལྗོངས་སུ་རིག་གཞུང་དང་མཐུན་པའི་རྒྱུ་མཚན་རེ་བཞག་ནས་བཟོས་པའི་ཁུལ་རེད། དེ་ཚོ་རིམ་པས་བང་འགྲིག་འགྲོ་དུས་སོ་སོར་མཚོན་ན་བློ་བདེ་བ་ལྟ་བུ་ཞིག་བྱུང༌། མི་སུས་བལྟས་ཀྱང་གློ་བུར་དུ་ཐག་གཅོད་བྱས་པ་ཞིག་རེད་མི་འདུག རྒྱུ་མཚན་ཡོད་པ་རེད་འདུག ཕུགས་རྒྱང་རིང་པོའི་བསམ་བློ་བཏང་ནས་བཟོས་འདུག་བསམ་པ་ཞིག་བྱུང་ཡོད། ཡིན་ནའང་ཉེ་བའི་ཆར་ནས་འཛིན་སྐྱོང་གིས་རལ་གྲི་གནམ་གཡུགས་ཀྱི་ཐག་གཅོད་ཅིག་གི་ཐོག་ནས་ཕོགས་རིམ་ཚོགས་ཆུང་གིས་བཟོས་པའི་རྒྱུ་མཚན་ཡོད་པའི་ཕོགས་རིམ་དེ་འགྱུར་བ་བཏང་གནང་སོང༌། དེ་ལ་བརྟེན་ནས་སྲི་ཞུ་ལས་བྱེད་པ་ཚོར་འཕྲལ་ལ་ཁེ་ཕན་ཆེན་པོ་ཞིག་ཡོད་པ་ཁ་ཤས་ལ་གཟིགས་སྣང་བྱུང་ཡོད་ཀྱི་རེད་དེ། མུ་མཐུད་དེ་འགྲོ་དུས་ཕུགས་རྒྱང་རིང་པོའི་ནང་སྲི་ཞུ་ལས་བྱེད་པའི་ཁེ་ཕན་ཚབ་ཏུ་གནོད་སྐྱོན་ཡོང་རྒྱུ་ཞིག་ཆགས་ཡོད་ཀྱང༌། ཐག་གཅོད་གནང་ཟིན་པས་བཟོ་ཐབས་གང་ཡང་མ་བྱུང༌། དེ་མཚུངས་ལས་ཤག་བགོ་འགྲེམས་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཡོད་པ་དེར་བསྐྱར་བཅོས་ཐེངས་ཁ་ཤས་ཕྱིན་པ་རེད། སྒྲིག་གཞི་ནང་བཞིན་ཕྱག་ལས་གནང་གི་ཡོད་པ་གཞིར་བཞག་རེད། དེའི་ནང་དུ་གསོལ་ཕོགས་བཞེས་མཁན་དང༌། མཚན་དོད་བཞེས་མཁན་གྱི་རིགས་གཉིས་དབྱེ་བ་ཕྱེ་ཡོད། གསོལ་ཕོགས་བཞེས་མཁན་གྱི་རིགས་དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཡིན་རུང༌། རང་དབང་ལྡན་པའི་སྡེ་ཚན་ཁག་གི་ཚོགས་མི་དང་འགན་འཛིན་ཁག་ཡིན་རུང༌། བཀའ་བློན་རྣམ་པ་ཚོ་ཡིན་རུང༌། དེ་རྣམས་གསོལ་ཕོགས་ཀྱི་འགྲོ་སྟངས་ཤིག་གི་ཐོག་ནས་ཕེབས་དགོས་པ་རེད། མཚན་དོད་དང་ལས་དོད་བཞེས་མཁན་སྤྱི་འཐུས་རྣམས་དེ་དང་མཚུངས་པར་མཚན་དོད་དང་ལས་དོད་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་ཕེབས་དགོས་པ་རེད། གསོལ་ཕོགས་དང་མཉམ་དུ་ཁང་པ་མེད་ན་ཁང་པའི་དོད་དེ་མར་གནང་དགོས། ཁང་པ་གནང་ན་ཁང་དོད་དེ་ཡར་བཞེས་དགོས་ཀྱི་ཡོད། གང་ལགས་ཟེར་ན་དེ་ཕོགས་ཡོད་ཀྱི་གང་ཟག་ཅིག་ཡིན་པས་ཕོགས་དང་མཉམ་དུ་ཁང་པ་དེ་འབྲེལ་བ་ཆགས་ཡོད། མཚན་དོད་དང་ཉིན་རེའི་ལས་དོད་བཞེས་མཁན་རྣམས་ལ་ཁང་པ་འབུལ་དགོས་ཀྱི་ཡོད། ཁང་པ་མེད་ན་ཁང་དོད་འབུལ་དགོས་མེད། ཁང་པ་གནང་རྒྱུ་དེ་དང་པོ་ནས་གླ་མེད་ཡིན་པའི་ཐག་གཅོད་བྱས་པའི་སྒྲིག་གཞི་ཞིག་གི་ཐོག་ནས་ཁང་པ་གནང་དགོས་རྒྱུ་ཞིག་རེད། གང་ལགས་ཟེར་ན་ཁང་དོད་ཡར་བཞེས་རྒྱུ་སྟབས་བདེ་པོ་ཞིག་ཡོང་གི་མེད། དེ་ལྟ་བུའི་རྒྱུ་མཚན་ལ་བརྟེན་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་འགོ་བཙུགས་པ་ནས་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཡོངས་སུ་རྫོགས་པ་ལ་ག་དུས་ཡིན་ནའང་ཁང་གླ་མེད་པའི་ཁང་པ་འབུལ་དགོས་རྒྱུའི་སྒྲིག་གཞི་གཏན་འབེབས་གནང་བ་རེད། དེ་ཚང་མས་མཁྱེན་གསལ་རེད་མ་གཏོགས་ཁུག་ཁུག་ཀྱོག་ཀྱོག་ཏུ་ཐག་གཅོད་གནང་མེད། དེའི་སྐབས་སུ་དགོངས་ཚུལ་དང་བཀའ་བསྡུར་མང་པོ་བྱུང་ཡོད། རང་བཙན་ཡོད་པའི་རྒྱལ་ཁབ་ཡིན་ན་གྲོས་ཚོགས་ཀྱི་འཐུས་མི་ཚོ་ལ་གྲོས་ཚོགས་ཡོད་སའི་ས་གནས་ཐོག་ལ་བཞུགས་ཀྱང་རུང་མ་བཞུགས་ཀྱང་རུང་ཁང་པ་འབུལ་དགོས་ཀྱི་ཡོད། གང་ཡིན་ནམ་ཞེ་ན་གྲོས་ཚོགས་ཀྱི་འཐུས་མི་ཚོ་རྒྱལ་སའི་ནང་དུ་ཡང་ཡང་ཕེབས་དགོས་ཀྱི་ཡོད་པ་དང༌། དུས་རྟག་ཏུ་རང་གི་ལས་དོན་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་དགོས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཁང་པ་འབུལ་དགོས་རྒྱུ་ཞིག་ཆགས་ཡོད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་གཞུང་གྲོན་བསྲི་ཚགས་ཡོང་རྒྱུ་དང༌། རྡ་སར་ཁང་ཁུངས་དཀོན་པ་དེའི་གནས་ཚུལ་ལ་གཟིགས་ནས་སྤྱི་འཐུས་ཡོངས་རྫོགས་ལ་རྡ་སར་ཁང་པ་འབུལ་དགོས་པའི་ལམ་སྲོལ་བཟོས་མེད། ཡིན་ནའང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལ་བྱས་པ་ཡིན་ན་དེ་བཟོ་མི་ཆོག་པ་ཞིག་མ་རེད། ལོ་གཅིག་གི་ཚོགས་དུས་གཉིས་ཀྱི་རིང་མགྲོན་ཁང་གླ་མེད་དུ་འབུལ་དགོས་པ་བཟོས་ཡོད། རྒྱུན་ལས་རྣམས་ཟླ་བ་བཅུ་གཉིས་འདིར་བཞུགས་དགོས་རྐྱེན་གླ་མེད་ཀྱི་ཁང་པ་འབུལ་དགོས་ཀྱི་རེད་ཅེས་སྒྲིག་གཞི་བཟོ་ཚུལ་དེ་འདྲ་ཞིག་རེད། བར་ལམ་ཞིག་ནས་རྒྱུན་ལས་ལས་ཁང་གླ་བཞེས་དགོས་ལུགས་བཀའ་མོལ་བྱུང་སྐབས་རྒྱུན་ལས་དང་ཚོགས་གཙོ་སྦྲེལ་པོའི་ཐོག་ནས་འདིའི་ཐོག་ལ་གནས་ཚུལ་གང་ཡང་གསལ་བཤད་བྱས་མེད། གསལ་བཤད་བྱ་རྒྱུ་བདེ་པོ་མི་འདུག གང་ཡིན་ནམ་ཟེར་ན་རྒྱུན་ལས་པ་སོ་སོའི་ཁང་གླ་དང་འབྲེལ་བ་ཡོད་སྟབས་དེ་སྔ་གྲོས་འཆར་དེ་ཚོ་ལ་གསལ་བཤད་གང་ཡང་ཞུས་མེད། ད་རིང་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་ཡོང་བའི་སྐབས་སུ་ཡང་འགོག་རྐྱེན་དང་གསལ་བཤད་ཞུས་མེད། འོན་ཀྱང་ད་ལྟ་གཏན་འབེབས་ཟིན་རྗེས་གསལ་བཤད་ཅིག་མ་བྱས་ན་ད་བར་ག་འདྲ་ཞིག་བསྡད་པ་ཡིན་ནམ་དགོངས་པའི་དགོངས་ཚུལ་ཡོང་སྲིད་པ་ཡིན་པས་གསལ་བཤད་ཞུས་པ་ཡིན། ད་ལྟ་བསྐྱར་བཅོས་འདིའི་ནང་ཚོགས་གཙོས་མཚོན་པའི་རྒྱུན་ལས་ཚང་མའི་ས་ནས་ཁང་གླ་བཞེས་རྒྱུའི་སྒྲིག་གཞི་ཚིག་བརྗོད་གསར་པ་འདི་ལ་སྤྱི་འཐུས་ཤིག་གིས་མཛུབ་སྟོན་གནང་སོང་ཡང༌། བཟོ་བཅོས་གྲོས་འཆར་བྱུང་མེད་པས་རང་འཇགས་ཕྱིན་པ་རེད། ལས་ཤག་བགོ་འགྲེམས་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ཉིན་དོད་ལ་སོགས་པའི་སྒྲིག་གཞི་བཅས་ཀྱི་རྗེས་སུ་ཐག་གཅོད་བྱས་པ་ཡིན་སྟབས་སྒྲིག་གཞི་སྔོན་མ་རྣམས་རང་བཞིན་གྱིས་ནུས་མེད་དུ་འགྲོ་རྒྱུ་རེད། ད་རིང་ནས་བཟུང་སྟེ་ང་ཚོ་ཚང་མ་ཁང་གླ་འབུལ་མཁན་གྱི་མོ་ཡན་ཞིག་ཆགས་ཡོད། ང་ཚོས་ལོ་གསུམ་ཁང་གླ་ཆད་མེད་ཕུལ་ཟིན་རྗེས་མངའ་སྡེའི་གཞུང་དང་དབུས་གཞུང་གི་ཁང་གླ་སྟངས་འཛིན་གྱི་ཁྲིམས་ཡིག་འོག་ང་ཚོ་ཁང་པ་ནས་ཕུད་ཐུབ་ཀྱི་མ་རེད། དེ་ཞོར་འཕྲོས་སུ་གསལ་བཤད་ཞུས་པ་ཡིན། སྒྲིག་གཞི་དང་རྩིས་ཀྱི་ཕྱག་ལས་གནང་མཁན་ཚོས་ཕལ་ཆེར་མ་མཁྱེན་པ་ཡིན་གྱི་མ་རེད་སྙམ། དེང་སང་མཁྱེན་པ་ཡིན་ནའང་མ་མཁྱེན་པའི་ཚུལ་སྟོན་མཁན་མང་དུ་འགྲོ་བཞིན་ཡོད་པས་མ་མཁྱེན་པའི་ཚུལ་བསྟན་པ་རེད་སྙམ། ད་རིང་གི་ལས་རིམ་གྲུབ་པ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠