བཀའ་ཤག་འོས་འདེམས་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་འཁོད་པའི་གསུང་འཕྲིན་ཐོག་གསལ་བཤད།

བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་བཀའ་བློན་འོས་འདེམས་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་པའི་དགོངས་ཚུལ་ཞིག་ྋགོང་ས་མཆོག་ལ་བྱུང་ཡོད་པ་གསལ་པོ་རེད། དེར་བརྟེན་ད་ལན་གྱི་གསུང་འཕྲིན་འདི་བརྒྱུད་དེ་ང་ཚོས་ཀྱང་བགྲོ་གླེང་གནང་རྒྱུ་རེད། སྤྱི་འཐུས་རྣམ་པ་ཚོས་དགོངས་མངའ་བཞིན་བཀའ་ཤག་དེ་ྋགོང་ས་མཆོག་གིས་ཆབ་སྲིད་འཛིན་སྐྱོང་གི་ཕྱག་ལས་ཡོངས་རྫོགས་གང་གི་བརྒྱུད་ནས་ཕྱག་ལེན་བསྟར་བའི་བརྒྱུད་ལམ་ཞིག་ཡིན་སྟབས། དེ་ལ་དགོས་མཁོ་ཁ་ཤས་ཚང་དགོས་ཀྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་སྲིད་གཞུང་གི་གཙོ་འཛིན་ཡིན་པའི་ཆ་ནས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གཉིས་ཡོད་པ་དེ་བཀའ་ཤག་གིས་སྒྲུབ་པའི་སྐབས་ལའང་ཕྱོགས་གཅིག་ཏུ་གྲོས་ཚོགས་ལ་འགན་འཁྱེར་དགོས་རྒྱུ་བཅས་ཕྱོགས་གཉིས་ལ་འགན་འཁྱེར་བའི་ཐོག་ནས་ཕྱག་ལས་གནང་དགོས་པ་དེ་ལྟར་རེད། འགན་འཁྱེར་སྟངས་དེ་ཡང་བཀའ་ཤག་སྤྱི་ཡོངས་མཉམ་འདུས་ཀྱི་ཐོག་ནས་གནང་དགོས་པ་ཞིག་རེད། དེར་བརྟེན་ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། མཉམ་འདུས་ཀྱི་ལས་འགན་འཁྱེར་ཐུབ་པ་ཞིག་ཡོང་རྒྱུར་ཐབས་ལམ་གང་བཟང་བ་ཡོད་པ་དང༌། མཉམ་འདུས་ཀྱི་ལས་འགན་འཁྱེར་བའི་རྗེས་ལ་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གཉིས་པོ་སྒྲུབ་དགོས་ཀྱི་ཡོད། ཆབ་སྲིད་ཀྱི་ལས་དོན་སྒྲུབ་པར་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལས་དོན་སྒྲུབ་ཐུབ་པའི་མཚན་མཐོང་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་བ་ཡང་རྗེས་ལུས་སུ་མ་སོང་བར་གཏོང་ཐུབ་པའི་ཤེས་རབ་དང་སྙིང་སྟོབས་གཉིས་ཀྱི་ཆ་རྐྱེན་དགོས་ཀྱི་ཡོད་པ་བརྗོད་མ་དགོས་པ་རེད། འཛིན་སྐྱོང་གི་ཐོག་ལ་ཁྲིམས་དང་སྒྲིག་གཞི་ཆ་ཚང་དབུ་འཚོས་པ་ཞིག་དང༌། འཛིན་སྐྱོང་གི་ཉིན་རེའི་ལས་དོན་ཐོག་ཞིབ་ཚགས་པོས་སྲི་ཞུ་བ་ཡོངས་ཀྱི་ལས་དོན་ལ་གཟིགས་རྒྱང་དང་བཏང་འཛིན་གནང་ཐུབ་པའི་ནུས་པ་དགོས་ཀྱི་ཡོད། དེ་འདྲའི་ནུས་པ་དང་ལྡན་པའི་བཀའ་ཤག་ཅིག་འོས་འདེམས་བྱེད་ཆེད་ཐབས་ལམ་གང་བཟང་བ་ཡོད་ད་ལན་གྲོས་ཚོགས་ཀྱིས་ཞིབ་ཚགས་པོའི་ཐོག་ནས་བཀའ་བསྡུར་གྱིས་རིམ་པས་བཅའ་ཁྲིམས་བསྒྱུར་བཅོས་གཏང་རྒྱུ་དང༌། ད་ལྟའི་བཀའ་ཤག་གི་ལས་ཡུན་རྫོགས་མཚམས་ཕྱག་ལེན་བསྟར་བདེ་ཡོང་སླད་བསམ་ཞིབ་ད་ལྟ་ནས་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་བ་བཞིན། ྋགོང་ས་མཆོག་གི་བཀའ་ཡིག་ནང་དོན་ཚན་ཁག་མི་འདྲ་བ་གཉིས་དགོངས་འཆར་གནང་ཡོད་ལ། དགོངས་འཆར་དེ་གཉིས་གང་རུང་གི་ཐོག་འགྲོ་དགོས་ཞེས་བཀའ་ནན་གནང་གི་མེད། དགོངས་འཆར་དེ་གཉིས་མ་ཡིན་པའི་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་དོན་ཚན་གསར་པ་དགོངས་འཆར་གནང་རྒྱུ་ཡོད་ནའང་གནང་ཆོག་གི་རེད་ལ། གནང་འོས་པ་ཞིག་ཀྱང་རེད། གྲོས་ཚོགས་ནང་ཡོད་པ་བཞིན་སྒྲིག་འཛུགས་འཁྱེར་མི་དགོས་པའི་ཐོག་ནས་ནང་ཁུལ་དུ་བཀའ་བསྡུར་ཞིབ་ཚགས་པོའི་ཐོག་ནས་སྒྲོ་འདོགས་དང་འཁྲུན་ཐག་ཆོད་པ་ཡོང་སླད། དོན་ཚན་དེར་བགྲོ་གླེང་གནང་ཆེད་ཕྱེད་ཡོལ་ནས་ཚོགས་ཆུང་བཞིར་ཆ་བགོས་ཀྱིས་བཀའ་བསྡུར་གནང་རྒྱུ་ཡིན། ཚོགས་ཆུང་སོ་སོའི་ནང་དུ་ཚོགས་གཙོ་དང་ཚོགས་དྲུང་བཅས་འདེམས་བསྐོ་གནང་སྟེ་ཐ་མའི་ཐག་གཅོད་དེ་མང་གཙོའི་རིག་པའི་གཞུང་ལུགས་དང་མི་འགལ་བ་ཞིག་དང༌། ང་རང་ཚོའི་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་པ་ཞིག་དགོས་པ་ནི་གལ་ཆེན་པོ་རེད། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་ཀྱི་དོན་ཚན་ཡོངས་རྫོགས་གསར་པ་བཟོ་སྟངས་ག་འདྲ་བྱེད་དགོས་ཞིབ་ཚགས་པོའི་ཐོག་ནས་ཐག་གཅོད་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ཚོགས་གཙོས་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥